ཀྲུང་གོ་བོད་ཀྱི་དྲ་བ་ངོ་སྤྲོད།

46.9K

དྲ་ཚིགས་དངོས་སུ་བཙུགས་པ།

qrcode_for_gh_de15e347c4ba_258.jpgཀྲུང་གོ་བོད་ཀྱི་དྲ་བ(http://www.tibet3.com)ནི2006ལོའི་ཟླ6པའི་ཚེས19ཉིན་དངོས་སུ་བཙུགས་པ་དང་། ད་ལྟ་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་སོགས་སྐད་རིགས་མི་འདྲ་བ་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་ལ། བོད་ཀྱི་ཞིང་ལྗོངས་ལྔར་ཁེབས་ཡོད་ཅིང་། རྒྱལ་ཁབ་ཕྱི་ནང་ལ་ཁ་ཕྱོགས་སྟེ་རང་རྒྱལ་བོད་རིགས་ས་ཁུལ་གྱི་ཆབ་སྲིད་དང་། སྤྱི་ཚོགས། དཔལ་འབྱོར། རིག་གནས། ཆོས་ལུགས། ཡུལ་སྲོལ་གོམས་གཤིས། ཚན་རྩལ་འཕེལ་རྒྱས། ལོ་རྒྱུས། ས་ཁམས་སོགས་ཀྱི་ཤེས་བྱ་དང་། གསར་འགྱུར། གནས་བབ་སོགས་མཚམས་སྦྱོར་བྱས་ཡོད་ལ། འདི་ནི་རྒྱལ་ཁབ་ཕྱི་ནང་གིས་ཕྱོགས་ཡོངས་དང་། དངོས་ཡོད། ཡང་དག དོན་དངོས་ཀྱིས་སྒོ་ནས་རང་རྒྱལ་བོད་ཁུལ་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁང་གལ་ཆེན་ཞིག་ཡིན་ཞིང་། ཁྱོན་ཡོངས་དང་འཐུས་ཚང་། དུས་ལྟར་བོད་རིགས་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག དངོས་པོའི་དཔལ་ཡོན་དང་། བསམ་པའི་དཔལ་ཡོན། ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་གྱི་ཐད་གྲུབ་འབྲས་ཆེན་པོ་བླངས་པ་མངོན་ཡོད། ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་གྱི་ཆ་ལ་གཞིགས་ན། དྲ་ཚིགས་ཀྱི་གསར་འགྱུར་རང་བཞིན་དང་དངོས་བྱུང་རང་བཞིན་འབུར་ཏུ་བཏོད་ཡོད་ལ།  དྲིལ་སྒྲོག་གི་དམིགས་སའི་རང་བཞིན་དང་། དབང་གྲགས་རང་བཞིན། མི་རིགས་རང་བཞིན། ཡོངས་ཁྱབ་རང་བཞིན་བཅས་གཙིགས་སུ་བཟུང་ཡོད། ཉེ་བའི་ལོ་འགའི་རིང་ལ། བོད་ཡིག་དྲ་ལམ་ལག་རྩལ་གྱི་འཕེལ་རྒྱས་དང་ཡོངས་ཁྱབ་བེད་སྤྱོད་བྱས་པ་བརྒྱུད། ནུབ་ཕྱོགས་ཀྱི་དགྲར་འཛིན་སྟོབས་ཤུགས་དང་ཕྱི་ཕྱོགས་ཁ་བྲལ་སྟོབས་ཤུགས་ཀྱིས་དྲིལ་སྒྲོག་གི་སྟེགས་བུ་གལ་ཆེན་འདིར་དམིགས་ནས་འཛེམ་བག་མེད་པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ངོ་རྒོལ་གྱི་དྲ་ཚིགས་བཙུགས་སྟེ། མུ་མཐུད་དུ་འཆལ་གཏམ་དང་། “བོད་རང་བཙན”གྱི་འཆལ་གཏམ་སྤེལ་བཞིན་ཡོད། ཡིན་ཡང་ང་ཚོའི་རྒྱལ་ནང་གི་སྲིད་གཞུང་དང་ཁེ་ལས་འགའ་ཤས་ཞིག་ལ་བོད་ཡིག་ཆེད་ལས་དྲ་ཚིགས་ཡོད་པ་མ་གཏོགས། བོད་ཡིག་ཕྱོགས་བསྡུས་གསར་འགྱུར་དྲིལ་སྒྲོག་གི་དྲ་ཚིགས་གཅིག་ཀྱང་མེད། འདིས་མི་རིགས་ཁ་བྲལ་དང་སུམ་འཛུལ་ལ་ངོ་རྒོལ་བྱེད་པ་དང་མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་གཏན་འཇགས་བཅས་ལ་གནོད་པ་ཆེན་པོ་ཐེབས་བཞིན་ཡོད།

འདི་འདྲའི་ཚད་མཐོ་བའི་ཤེས་རྟོགས་དང་། ཏང་གི་གསར་འགྱུར་དྲིལ་སྒྲོག་ལས་དོན་གྱི་ཆབ་སྲིད་འགན་ཁུར་འདུ་ཤེས་ལ་དམིགས་ཏེ། 2004ལོར། བོད་ཡིག་གསར་འགྱུར་དྲིལ་སྒྲོག་གི་སྲིད་གཞུང་དྲ་ཚིགས་འཛུགས་པའི་བསམ་ཚུལ་དེ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་འགོ་ཁྲིད་པའི་ཁྲོད་གྲོས་མོལ་བྱེད་འགོ་ཚུགས།

2004ལོའི་ཟླ8པར། རྒྱལ་ཡོངས་ཀྱི་ཐེངས་དང་པོའི་བོད་ཡིག་གསར་འགྱུར་འཚོལ་སྒྲིག་དྲ་ལམ་མ་ལག་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་ནས་བཙུགས་ཏེ་བེད་སྤྱོད་བྱས་ལ། དེས་བོད་ཡིག་གསར་འགྱུར་དྲིལ་སྒྲོག་དྲ་ཚིགས་འཛུགས་སྐྲུན་བྱེད་པར་ལག་རྩལ་གྱི་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས་ཡོད།

“ང་ཚོར་འགན་ཁུར་དང་འོས་འགན་ཡོད་ལ། ད་དུང་བོད་ཡིག་གསར་འགྱུར་དྲ་ཚིགས་འཛུགས་པའི་ལས་འགན་སྒྲུབ་པར་ཆ་རྐྱེན་ཡང་འོས་འཚམ་ཞིག་ལྡན་ཡོད་པའི”སྡོམ་ཚིག་དེར་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཡིས་ཡང་དང་བསྐྱར་དུ་ཞིབ་འཇུག་གྲོས་སྡུར་བྱས་མཐར་གྲོས་འཆམ་བྱུང་།

2004ལོའི་ཟླ11པའི་ཚེས5ཉིན《བོད་ཡིག་གསར་འགྱུར་དྲ་ཚིགས་འཛུགས་པར་རེ་ཞུ་བྱེད་པའི་སྐོར་གྱི་སྙན་ཞུ》ཞིག་ཞིང་ཆེན་སྲིད་གཞུང་ལ་གུས་འབུལ་བྱས།

དགའ་འོས་པ་ཞིག་ནི་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་བོད་ཡིག་གསར་འགྱུར་དྲ་ཚིགས་འཛུགས་རྒྱུའི་བསམ་ཚུལ་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ལིག་ཅི་དང་། སྐབས་དེར་ཧྲིན་ཀྲང་གི་འགན་ཁུར་ཡོད་པའི་དབྱང་ཁྲོན་ཐང་གཉིས་ཀྱིས་སོ་སོར་མཛུབ་སྟོན་གལ་ཆེན་གནང་།

གནས་ཚུལ་འདིར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་མ་ཅི་ཞའོ་ཡིས་ཀྱང་ཐུགས་ཁུར་གནང་སྟེ། 2005ལོའི་རྒྱལ་ཡོངས“ཚོགས་ཆེན་གཉིས”ཀྱི་སྐབས་སུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ《མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་བོད་ཡིག་གསར་འགྱུར་དྲ་ཚིགས་འཛུགས་པའི་སྐོར་གྱི་སྙན་ཞུ》ཕུལ།

2005ལོའི་ཟླ3པའི་ཚེས11ཉིན། ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་ལ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ཧུར་ཐག་སྒོས་མ་དངུལ་ཧྲག་བསྡུ་བྱས་ཏེ་སྔར་ཡོད་ཀྱི་བོད་ཡིག་གསར་འགྱུར་འཚོལ་སྒྲིག་དྲ་བ་བེད་སྤྱོད་གང་ལེགས་བྱས་ནས་སྔོན་ཐོན་གྱི་ལག་རྩལ་སྒྲིག་ཆས་སྤྱད་དེ། དྲ་ཚིགས་ཀྱི་འཁོར་རྒྱུག་ནུས་ཚད་ཇེ་མཐོར་བཏང་བ་བརྒྱུད། བོད་ཡིག་གསར་འགྱུར་གྱི་རྨང་གཞི་ཆ་འཕྲིན་ཅན་དུ་བསྒྱུར་བའི་ཆུ་ཚད་དེ་རྒྱ་ཡིག་གི་དྲ་ཚིགས་དང་དུས་མཉམ་ངང་འཕེལ་རྒྱས་སུ་བཏང་བ་དང་། དྲ་ཚིགས་ཀྱི་ལེ་ཚན་དང་ནང་དོན་སྟེང་རིམ་བཞིན་འཐུས་ཚང་དང་རྒྱ་སྐྱེད་དུ་བཏང་ནས་དྲ་ཚིགས་དེ་རྒྱལ་ཁབ་ཕྱི་ནང་དུ་མིང་གྲགས་དང་ཤུགས་རྐྱེན་ངེས་ཅན་ལྡན་པའི་བོད་ཡིག་གི་གསར་འགྱུར་དྲ་ཚིགས་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱ་རྒྱུའི་བླང་བྱ་གསལ་བོར་བཏོན།

མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྦྲེལ་ན་མི་འགྲུབ་བྱ་བ་ཅི་ཡང་མེད།

བོད་ཡིག་གསར་འགྱུར་དྲ་ཚིགས་འཛུགས་པར་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་ལ་ལེགས་ཆ་ངེས་ཅན་ཞིག་ལྡན་ཡོད་པ་སྟེ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་གཙོ་སྒྲུབ་བྱས་པའི《མཚོ་སྔོན་བོད་ཡིག་གསར་འགྱུར》 ལ་མཚོན་ནའང་ལོ་ངོ་ལྔ་བཅུ་ལྷག་ལ་འཕེལ་རྒྱས་བྱུང་བ་བརྒྱུད་བོད་ཡིག་གསར་འགྱུར་འཚོལ་སྒྲིག་དང་། ལོ་ཙྰའི་ནུས་པ་ཆེན་པོ་ལྡན་པས་བོད་ཡིག་གསར་འགྱུར་དྲ་ཚིགས་འཛུགས་པར་ཤེས་ལྡན་མི་སྣའི་རྨང་གཞི་མཁོ་འདོན་བྱས་ཡོད། མཚོ་སྔོན་ཉིན་རེའི་ཚགས་པར་དང་དེའི་ཁོངས་གཏོགས་ཀྱི“ཚགས་པར་བདུན་དང་དུས་དེབ་གཉིས”ཀྱིས་བོད་ཡིག་གསར་འགྱུར་དྲ་ཚིགས་ལ་བེད་སྤྱོད་ཆོག་པའི་གསར་འགྱུར་ཆ་འཕྲིན་གང་མང་འདོན་སྤྲོད་བྱེད་ཐུབ་ལ། མཚོ་སྔོན་ཉིན་རེའི་ཚགས་པར་ནི་ཏང་གི་ཚགས་པར་ཡིན་པའི་ཆ་ནས་ནང་ཁུལ་ཏུ་ཅུང་གཟབ་ནན་ཡིན་པའི་འཚོལ་སྒྲིག་དོ་དམ་ལམ་ལུགས་ཡོད་པར་བརྟེན། ཕན་ནུས་ལྡན་པའི་སྒོ་ནས་བོད་ཡིག་གསར་འགྱུར་དྲ་ཚིགས་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་ཁག་ཐེག་བྱས་ཡོད།

འོན་ཀྱང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར་རྒྱལ་ཁབ་ཕྱི་ནང་དུ་མིང་གྲགས་དང་ཤུགས་རྐྱེན་ཆེ་བའི་བོད་ཡིག་ཕྱོགས་བསྡུས་གསར་འགྱུར་གྱི་སྲིད་གཞུང་དྲ་ཚིགས་ཞིག་འཛུགས་ཐུབ་མིན་ཐད་ལ་ཚགས་པར་ཁང་གི་འགོ་ཁྲིད་རྣམས་ཡིད་ཆེས་ཀྱིས་ཁེངས་ཡོད་ན་ཡང་ཕྲག་སྟེང་དུ་བབས་པའི་ལས་འགན་ལྕི་བའང་རྟོགས་ཡོད།

ལས་འགན་ལྗིད་རུང་། ང་ཚོས་སྒྲུབ་དགོས་ལ་སྒྲུབ་ན་ངེས་པར་ཏུ་ལེགས་པོ་ཞིག་སྒྲུབ་དགོས།

གྲོས་སྡུར་ཐེངས་རེ་རེ་དང་། གྲོས་མོལ་ཐེངས་རེ་རེ་བྱས་པ་བརྒྱུད། ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིག་ཀྲང་ཀྲའོ་ཏི་ལུའུ་ཡིས་སྣེ་ཁྲིད་དེ་པེ་ཅིན་དུ་ཐེངས་གཉིས་ལ་ཕེབས་ནས་འབྲེལ་ཡོད་སྡེ་ཁག་ལ་གནས་ཚུལ་ཡར་ཞུ་བྱས་ཏེ་རྒྱབ་སྐྱོར་བརྩོན་ལེན་བྱས།

ཧྲིག་ཀྲང་གཞོན་པའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཀྲེན་ཁྲེན་གྱིས་རྨང་གཞི་བརྟན་པོ་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ་ཡུལ་དངོས་སུ་དྲ་ཚིགས་འཛུགས་སྐྲུན་བྱེད་པར་བཀོད་འདོམས་བྱས། ཚགས་པར་ཁང་གི་དྲ་ལམ་ཆ་འཕྲིན་ལྟེ་གནས་ཀྱི་བློ་མཐུན་ཚོས་ཚོད་ལྟའི་སྒྲིག་ཆས་སྒྲིག་སྦྱོར་སོགས་བྱས་ཏེ་དུས་རྒྱུན་མཚན་གུང་བར་དུ་བྱ་བ་བསྒྲུབས་ལ། ཧྲིག་ཀྲང་གཞོན་པ་དགེ་བསྙེན་དང་དྲ་ཚིགས་གྲ་སྒྲིག་ཚོ་ཆུང་གི་བློ་མཐུན་ཚོས་རྐང་འཛིན་ལས་བྱེད་མི་སྣ་སྐོང་འཐེན་བྱས་ལ། ལས་ཀའི་དུས་ཡུན་ཇེ་རིང་དུ་བཏང་སྟེ་ལེ་ཚན་དང་ནང་དོན་འཐུས་ཚང་དུ་བཏང་། 2005ལོའི་ལོ་མཇུག་ཏུ། ཀྲའོ་ཏི་ལུའུ་དང་། སྤྱི་ཁྱབ་རྩོམ་སྒྲིག་པ་ལིའུ་ལི་ཆོན་གྱི་སྣེ་ཁྲིད་འོག་པེ་ཏ་ཧྥང་ཀྲིན་ཚོགས་ཁག་དང་ཧྲེན་ཀྲིན་ཚགས་པར་ལས་རིགས་ཚོགས་སྒྲིལ་སོགས་ཀྱི་དྲ་ཚིགས་ལ་བརྟག་དཔྱད་དུ་ཕེབས་ཤིང་། གཟབ་ནན་དང་ཏན་ཏིག་གི་བྱ་བ་སྒྲུབ་ཕྱོགས་ཀྱིས་དྲ་ཚིགས་འཛུགས་སྐྲུན་གྱི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས་པ་མ་ཟད། ཚགས་པར་ཁང་ཡོངས་ཀྱི་ལས་བཟོ་བ་དག་ལ་སྐུལ་ལྕག་ཀྱང་ཐེབས་ཡོད།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཚོས་ཀྱང་དྲ་ཚིགས་འཛུགས་པའི་བྱ་བར་ནམ་ཡིན་ཡང་སེམས་ཁུར་བྱས་ཡོད། 2005ལོའི་ཟླ9པའི་ཚེས5ཉིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིའུ་ཡུང་ཧྲན་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་ལ་རྟོག་ཞིབ་ཏུ་ཕེབས་སྐབས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་སུང་ཞིག་ཡན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལུའོ་ཧུའེ་ཉིང་དང་ལིའུ་ཝེ་ཕིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་པུའུ་ཀྲང་ཆུས་ཆིན་ཧྲན་སོགས་ཀྱི་ཕེབས་རོགས་འོག་ཆེད་དུ་བོད་ཡིག་གསར་འགྱུར་དྲ་ཚིགས་གྲ་སྒྲིག་ཚོ་ཆུང་དུ་རྟོག་ཞིབ་བྱས། དྲ་ཚིགས་འཛུགས་པའི་གྲ་སྒྲིག་བྱ་བ་དང་འཛུགས་སྐྲུན་གནས་ཚུལ་ལ་ཉན་རྗེས། པུའུ་ཀྲང་ལིའུ་ཡོན་ཧྲན་གྱིས་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་ངེས་པར་དུ་བོད་ཡིག་གསར་འགྱུར་དྲ་ཚིགས་འཛུགས་སྐྲུན་གྱི་བྱ་བ་ལེགས་པོ་དང་ཞིབ་ཚགས་ལྡན་པ་ཞིག་སྒྲུབ་དགོས་པའི་རེ་འདུན་བཏོན། 2005ལོར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་བོད་ཡིག་གསར་འགྱུར་དྲ་ཚིགས་འཛུགས་པར་ཆེད་སྤྱོད་མ་དངུལ་སྒོར་ཁྲི200བཏང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཡོན་གསུམ་གྱི་ཡོན་ཧྲི་ཝང་ཞོན་གྱིས་པེ་ཅིན་ནས་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་གསར་འགྱུར་དྲ་ཚིགས་འཛུགས་པར་སྙན་ཞུ་ཕུལ་བའི་དཔྱད་གཞིའི་ཡིག་ཆར་བལྟས་རྗེས། ལུས་ཕུང་ལ་ནད་ཀྱིས་གཟིར་ཡང་དངོས་སུ་བསམ་འཆར་ཡི་གེ་ཞིག་བྲིས། ཁོས་བསམ་འཆར་ནང “འདི་ནི་དོན་སྙིང་གལ་ཆེན་ལྡན་པའི་ལས་གཞི་ཞིག་ཡིན་པས། དྲ་ཚིགས་འཛུགས་པའི་གོམ་སྟབས་ཅི་ལྟར་མགྱོགས་ན་དེ་ལྟར་བཟང་ལ། མ་དངུལ་གཅིག་ཏུ་བསྡུས་ཏེ་བོད་ཡིག་གི་དྲ་ཚིགས་ཞིག་ལེགས་པོར་སྒྲུབ་ན་ཕྱི་ཕྱོགས་ཀྱི་དྲ་ཚིགས་ཆུང་ངུ་མང་བོ་ཞིག་གི་ཤུགས་རྐྱེན་ངན་པ་གནོན་ཐུབ་པས། ངེས་པར་ཏུ་རྒྱལ་ཁའི་ངང་འཛུགས་ཐུབ་པའི་ཆོད་སེམས་ཡོད་དགོས། དེ་བས་མ་དངུལ་བཏང་སྟེ་མྱུར་ཏུ་མངོན་འགྱུར་བྱེད་དགོས་པའི་བསམ་འཆར་བཏོན་པ་ཡིན ”ཞེས་བྲིས།

ལས་གཞི་དངོས་འབེབས་དང་མ་དངུལ་ཧྲག་བསྡུ་བྱེད་ཆེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཝེ་ཕིན་གྱིས་དངོས་སུ་ཚགས་པར་ཁང་གི་བློ་མཐུན་འཁྲིད་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་ཨུ་ཡོན་ལྷན་ཁང་དུ་སོང་སྟེ་རོགས་སྐྱོར་བརྩོན་ལེན་བྱས། དྲ་ཚིགས་འཛུགས་པའི་སྐབས་སུ། ཁོས་ཐེངས་གང་མང་ལ་དྲ་ཚིགས་འཛུགས་སྐྲུན་གྱི་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། ད་དུང་དངོས་སུ་དྲ་ཚིགས་འཛུགས་སྐྲུན་གྱི་ཡུལ་དངོས་སུ་སླེབས་ནས་ཞིབ་ཕྲའི་ངང་སྙན་ཞུ་ལ་ཉན་པ་དང་། འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ། ལས་བྱེད་མི་སྣར་དཀའ་སྤྱད་འབད་བརྩོན་གྱི་བསམ་པ་དར་སྤེལ་གཏོང་དགོས་པའི་སྐུལ་མ་བཏང་ལ། སྤུས་ཚད་ལེགས་པའི་སྒོ་ནས་ལས་གཞི་ལེགས་འགྲུབ་བྱེད་དགོས་པའི་སྐོར་གྱི་ཁ་ཏ་བྱས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ད་དུང་ཆེད་དུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་ཡིག་ངོས་ཀྱི་སྙན་ཞུ་ཕུལ་ཏེ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་གསར་འགྱུར་གྱི་སྲིད་གཞུང་དྲ་ཚིགས་འཛུགས་པར་རོགས་རམ་བྱེད་པའི་རེ་བ་ཞུས།

དེ་མིན། རྒྱལ་ཁབ་ཆ་འཕྲིན་ཐོན་ལས་པུའུ་གློག་རྡུལ་ཐོན་རྫས་དོ་དམ་སི་དང་རྒྱལ་ཁབ་གསར་འགྱུར་པར་སྐྲུན་སྤྱི་ཁྱབ་ཧྲུའུ་དུས་དེབ་སི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་སྒྲུབ་ཁང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་དྲ་ཚིགས་ལག་རྩལ་དོ་དམ་སྡེ་ཁག པེ་ཏ་ཧྥང་ཀྲིན་ཚོགས་སྒྲིལ་སོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ད་དུང་དྲ་ཚིགས་ཀྱི་མཉེན་ཆས་དང་སྒྲིག་ཆས་འགའ་ཤས་རིན་མེད་ཀྱིས་ཕུལ།

མཐུན་སྒྲིལ་སྟོབས་ཤུགས་གཅིག་ཏུ་སྦྲེལ་ན་མི་འགྲུབ་བྱ་བ་ཅི་ཡང་མེད། འགོ་ཁྲིད་ཀྱི་ཐུགས་ཁུར་དང་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་འོག 2006ལོའི་ཟླ5པར། ཀྲུང་གོ་བོད་ཀྱི་དྲ་བའི་སྒྲིག་ཆས་ཉོ་བའི་བྱ་བ་འགོ་བརྩམས་ལ། ཟླ5པའི་ཚེས9ཉིན་སྒྲིག་ཆས་འབྱོར་བ་མ་ཟད་བདེ་བླག་ངང་ཚོད་ལྟ་བྱས།

དྲ་བའི་དུས་རབས་ཀྱི་མཆོང་སྐྱོད་གསར་བ་མངོན་འགྱུར་བྱས།

ཁོད་རྒྱ་ཡངས་ལ་གྲལ་དག་པའི་ཀྲུང་གོ་བོད་ཀྱི་དྲ་བའི་གཞུང་སྒྲུབ་ཁང་དུ་སླེབས་པ་ན། རྣ་ལམ་ཏུ་ཐོས་པ་ནི་འཐེབ་གཞོང་གཏག་པའི་སྒྲ་དང་། མིག་མདུན་དུ་འཆར་བ་ནི་བོད་ཡིག་རྩོམ་སྒྲིག་པ་དག་བྲེལ་བ་ཆེ་བའི་རྣམ་པ་རེད། དལ་གྱིས་གློག་ཀླད་ཁ་ཕྱེས་པ་ན་བརྙན་ཤེལ་དུ་འཆར་བ་ནི་སྣ་མང་ཕུན་སུམ་ཚོགས་པའི་བོད་ཡིག་གི་དྲ་ལྷེ་རེད།

“བོད་ཀྱི་གསར་འགྱུར”—— བོད་རིགས་འདུས་སྡོད་ཁུལ་གྱི་གསར་འགྱུར་གལ་ཆེན་བརྒྱུད་སྤྲོད་བྱས་ཡོད།

“དེང་གི་བོད་ཡུལ”—— བོད་རིགས་འདུས་སྡོད་ཁུལ་གྱི་དཔལ་འབྱོར་དང་། རིག་གནས། ཚན་རྩལ་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ཆེན་པོ་དག་མངོན་ཡོད།

“དམངས་སྲོལ་རིག་གནས”—— བོད་མི་རིགས་ཀྱི་ཡུན་རིང་བའི་ལོ་རྒྱུས་དང་ཐུན་མིན་གྱི་རིག་གནས་སྒྱུ་རྩལ་བཀོད་ཡོད།

“གངས་ལྗོངས་གནས་སྐོར”—— མདོ་དབུས་མཐོ་སྒང་གི་ཡིད་དབང་འཕྲོག་པའི་རང་བྱུང་མཛེས་ལྗོངས་དང་། ཐུན་མིན་གྱི་མིས་བཟོས་མཛེས་ལྗོངས། ཕུན་སུམ་ཚོགས་པའི་གནས་སྐོར་ཐོན་ཁུངས་སོགས་ངོ་སྤྲོད་བྱས་ཡོད།

“ཆོས་ལུགས་མཚན་ཉིད་རིག་པ”—— བོད་བརྒྱུད་ནང་བསྟན་གྱི་ཤེས་བྱ་དང་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་གལ་ཆེན་ཕྱོགས་བསྡུས་བྱས་ཡོད།

དྲ་ཚིགས་བཙུགས་པའི་དུས་འགོར། ཚགས་པར་ཁང་གི་འགོ་ཁྲིད་ཀྱིས་ཀྲུང་གོ་བོད་ཀྱི་དྲ་བ་ནི་བོད་ཡིག རྒྱ་ཡིག དབྱིན་ཡིག་སོགས་སྐད་རིགས་མི་འདྲ་བ་གསུམ་གྱི་སྟེང་ནས་རང་རྒྱལ་གྱི་བོད་ཡིག་གསར་འགྱུར་ཕྱོགས་བསྡུས་དྲ་ཚིགས་ཆེ་གྲས་ཞིག་ཏུ་འཛུགས་པ་དང་། སྲིད་གཞུང་དྲ་ཚིགས་ཆེ་གྲས་ཀྱི་བྱེད་ནུས་འཛོམས་དགོས་པ་སོགས་གཏན་ཁེལ་བྱས། དེའི་རྐྱེན་གྱིས་དྲ་ཚིགས་འཛུགས་སྐྲུན་ཁྲོད་ལག་རྩལ་གསར་བ་མང་བོ་བསྡུ་ལེན་བྱས་པས། ཕན་ནུས་ལྡན་པའི་སྒོ་ནས་དྲིལ་སྒྲོག་ནུས་པ་དང་དྲིལ་སྒྲོག་འབྲས་བུ་ལེགས་པོ་བསྐྲུན་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད།

བོད་ཡིག་གསར་འགྱུར་དྲ་བ་དངོས་སུ་འཁོར་སྤྱོད་བྱེད་འགོ་བརྩམས་པ་དེ་ནི་བོད་རིགས་མང་ཚོགས་དགའ་འོས་པའི་དོན་བཟང་ཞིག་ཡིན་པ་མ་ཟད། ཚགས་པར་ཁང་གི་ལས་བཟོ་བ་ཡོངས་དགའ་སྤྲོ་སྐྱེ་འོས་པའི་དོན་ཆེན་ཞིག་ཀྱང་ཡིན་ལ། འདི་ནི་རང་ཞིང་གི་གསར་འགྱུར་ལས་རིགས་འཕེལ་རྒྱས་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། རང་ཞིང་གི་བསམ་བློ་འཐབ་ཇུས་དྲིལ་སྒྲོག་བྱེད་པའི་དོན་ཆེན་ཞིག་ཀྱང་ཡིན།

ཀྲུང་གོ་བོད་ཀྱི་དྲ་བ་བཙུགས་ནས་འཁོར་སྤྱོད་བྱས་པ་དེས་རྒྱལ་ཁབ་ཕྱི་ནང་གིས་རང་རྒྱལ་བོད་རིགས་ས་ཁུལ་ལ་ཕྱོགས་ཡོངས་དང་དངོས་ཡོད། ཡང་དག དྲང་བདེན་སྒོས་རྒྱུས་ལོན་བྱེད་པར་ཁོད་རྒྱ་ཡངས་པའི་སྒེའུ་ཁང་ཞིག་ཕྱེས་ཤིང་། ཕྱོགས་ཡོངས་དང་འཐུས་ཚང་། དུས་ལྟར་བོད་མི་རིགས་ཀྱིས་ཏང་གི་འགོ་ཁྲིད་འོག་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན། ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་ཐད་བླངས་བའི་གྲུབ་འབྲས་མངོན་པར་ཀྲུང་གོ་བོད་ཀྱི་དྲ་བས་རྒྱལ་ཁབ་ཕྱི་ནང་ལ་ཟམ་པ་ལྟ་བུ་ཞིག་བསྐྲུན་ཡོད། གནས་བབ་གསར་བ་དང་སྔར་ལས་ཛ་དྲག་ཆེ་བའི་གསར་འགྱུར་དྲིལ་སྒྲོག་ལས་འགན་ལ་གདོང་གཏོད་དུས། ཀྲུང་གོ་བོད་ཀྱི་དྲ་བས་ཁ་བྲལ་དང་སུམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དྲིལ་སྒྲོག་གི་ལེགས་ཆ་འདོན་སྤེལ་བྱས་ནས་མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་གཏན་འཇགས་ལ་བྱས་རྗེས་འཇོག་པར་ཡིད་ཆེས་བརྟན་པོ་ཡོད་ལ། ལོ་རྒྱུས་དང་དངོས་ཡོད་ཀྱི་བར་གསེང་ཁྲོད་དྲ་བའི་དུས་རབས་ཀྱི་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱས་ཡོད།

མ་འོངས་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས།

གསར་འགྱུར་གཙོ་བོ་ཡིན་པའི་རྒྱུ་ཆ་དང་བརྡ་འཕྲིན་ལེ་ཚན་གྱིས་བོད་དང་འབྲེལ་བའི་རྒྱུ་ཆ་དང་ཆ་འཕྲིན་གསར་བ་ཉིན་རེར་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་སོགས་སྐད་རིགས་མི་འདྲ་བ་གསུམ་གྱི་སྟེང་ནས་མགྱོགས་མྱུར་དང་ཕུན་སུམ་ཚོགས་པ། དབང་གྲགས་ལྡན་པའི་ཆ་འཕྲིན་སྤེལ་རྒྱུ་ཡིན་ལ། བོད་ཀྱི་པར་སྐྲུན་ཡིག་རིགས་རྨང་གཞི་བྱས་པའི་རྒྱུ་ཆའི་ལེ་ཚན་གྱིས་སྔར་བཞིན་ནང་དོན་རྙིང་བ་སླར་ཡང་རིགས་བཀར་ནས་སྔར་ལས་ལྷག་པའི་སྒོ་ནས་མ་ལག་ཅན་ཏུ་སྒྱུར་བ་དང་ཆབས་ཅིག་ཏུ་དྲ་གྲོགས་རྣམས་ཀྱི་ཡིག་ཆ་གཟིགས་ཞིབ་གནང་བར་སྟབས་བདེ་བཟོ་རྒྱུ་ཡིན།

བརྙན་གཟུགས་ལེ་ཚན་གྱིས་གསར་འགྱུར་ཕྱོགས་བསྡུས་དང་རོལ་རྩེད་སོགས་བོད་ཀྱི་གློག་བརྙན་རིས་གྱི་སྤུས་ལེགས་བརྙན་གཟུགས་སོགས་དྲ་གྲོགས་རྣམས་ཀྱི་ལྟ་འདོད་ཉན་སྤྲོའི་རྣམ་པས་བརྒྱུད་སྒྲོག་དང་ཁྱབ་གདལ་དུ་གཏང་རྒྱུ་ཡིན་ལ།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཚགས་དེབ་གཙོ་བོར་བཟུང་ནས། བོད་དང་འབྲེལ་ཡོད་ཀྱི་གསར་འགྱུར་དང་རིག་གནས་ཐོན་ཁུངས་འཐུས་ཚང་སྒོས་བེད་སྤྱོད་བྱས་ཏེ། ལེ་ཚན་གྱི་ནང་དོན་མུ་མཐུད་དུ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། དྲ་གྲོགས་ཀྱི་རེ་འདུན་དང་བསམ་ཚུལ་བཏོན་པ་གཞིར་བཟུང་ནས་སྔར་ལས་ལྷག་པར་བཟོ་བཅོས་དང་འཐུས་ཚང་དུ་གཏང་རྒྱུ་ཡིན།

གོ་སྐབས་འདི་ལ་བརྟེན་ནས་ཀྲུང་གོ་བོད་ཀྱི་དྲ་བས་ད་དུང་མུ་མཐུད་དུ་བོད་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་རྒྱུད་འཛིན་བྱེད་པའི་དགོངས་དོན་གཞིར་བཟུང་ནས་ནན་ཏན་སྒོས་བྱེད་ཕྱོགས་ཀྱིས་མུ་མཐུད་དུ་མདུན་དུ་བསྐྱོད་རྒྱུ་ཡིན། །