ཀྲུང་གོ་བོད་ཀྱི་དྲ་བ།

ཡངས་པ་ཅན་རྒྱུད་ཀྱི་གནས་མཇལ་ཞུ་ཡུལ་ཁ་ཤས།

  རྩོམ་པ་པོ། : བྱ་རིགས་པ་བློ་བཟང་རྣམ་རྒྱལ་གྱིས།   སྤེལ་དུས། : 2016-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      ཡངས་ཅན་དགོན།

      འདམ་གཞུང་རྫོང་ཁོངས་ཡངས་ཅན་གྲོང་བརྡལ་གྱི་ཁོངས་སུ་ཡོད་པའི་གནའ་ཤུལ་དང་། དགོན་སྡེ་སོགས་གནས་མཇལ་ཞུ་ཡུལ་གཙོ་བོ་ཁ་ཤས་ངོ་སྤྲོད་ཞུ་ན། ཐོག་མར་ཡུལ་དེའི་མིང་གི་ཐོགས་ཚུལ་ནི་གནའ་དུས་དེ་རྒྱུད་དུ་སྟོད་ལུང་ཕུ་དང་། རྩ་སྒྱེ་མོ། སྟོད་ལུང་ཕུའི་ཐང་། ལྷའི་རི་རྒྱུད་ཟེར། དཔེར་ན་འབྲོམ་སྟོན་པའི་རྣམ་ཐར་དུའང་སྟོད་ལུང་ཕུའི་རྩ་སྒྱེ་མོར་སྐུ་འཁྲུངས་ཞེས་གསལ། སྤྱི་ལོ་﹙༡༩༥༢﹚ལོ་ཞྭ་དམར་སྐུ་ཕྲེང་གསུམ་པའི་སྒྲུབ་ཁང་ཡོད་ཤུལ་དུ་སྐུ་ཕྲེང་བཞི་པ་ཆོས་གྲགས་ཡེ་ཤེས་ཀྱིས་བདེ་ཆེན་ཡངས་པ་ཅན་གྱི་དགོན་པ་བཏབ། དགོན་ཞོལ་དུ་འགོ་པའི་སྡོད་ཁང་ཡོད་སྟབས་དེའི་ཁྱབ་ཁོངས་སུ་ཡངས་པ་ཅན་ཞེས་འབོད་པ་དགོན་མིང་ཡུལ་དུ་ཐོག་པར་སེམས། ཡངས་ཅན་གྲོང་རྡལ་ནས་རླངས་འཁོར་ནང་བསྡད་དེ་ནུབ་ངོས་སུ་ཕལ་ཆེར་སྤྱི་ལེ་བཅུ་སྐོར་ཞིག་བསྐྱོད་ན་རི་བོ་གླང་ཆེན་འགྱིངས་པ་འདྲ་བའི་ངོས་སུ་བདེ་ཆེན་ཡངས་པ་ཅན་དགོན་བཀྲ་ཤིས་ཐེག་གླིང་ཡོད། དེ་ནི་ཀརྨ་ཞྭ་དམར་བའི་གདན་ས་ཡིན་པ་དང་། དགོན་གནས་དེར་ལོ་རྒྱུས་ཐོག་དར་རྒུད་ཐེངས་ཁ་ཤས་བྱུང་ནས་ཐ་ན་གྲུབ་མཐའ་དགེ་ལུགས་སུ་བསྒྱུར་པ་སོགས་ཀྱང་བྱས། རིག་གནས་གསར་བརྗེའི་སྐབས་རྩ་འཐོར་སོང་། ﹙༡༩༨༣﹚ལོ་ནས་ཆོག་མཆན་ཐོབ་པ་ལྟར་ཉམས་གསོ་ཞུས་ཤིང་། ད་ཡོད་གྲྭ་གྲངས་ལྔ་བཅུ་སྐོར་ནས་སྔར་སྲོལ་ཀརྨ་བཀའ་རྒྱུད་ཀྱི་ཕྱག་སྲོལ་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད། འདུ་ཁང་གི་སྦུག་ཏུ་ཐུབ་དབང་གཙོ་འཁོར་གྱི་སྐུ་བརྙན་དང་། གཙང་ཁང་གི་སྐོར་ལམ་རྒྱབ་ཏུ་དེ་སྔའི་བྲིས་སྐུ་གསུང་བྱོན་མར་གྲགས་པའི་འོད་དཔག་མེད་ཀྱི་སྐུ་བརྙན་ལྡེབས་བྲིས་རྙིང་པ། ཡང་སྟེང་དུ་ཞྭ་དམར་སྐུ་ཕྲེང་བཞི་པའི་གདུང་རུས་ཆ་ཚང་བཞུགས་པའི་གདུང་རྟེན་དང་རྟེན་རྙིང་འགའ་ཞིག་སོགས་མཇལ་རྒྱུ་ཡོད། ལོ་རེའི་བོད་ཟླ་༥ཚེས་༡༠ཉིན་ཡངས་ཅན་དབྱར་འཆམ་ཞེས་གར་འཆམ་རྒྱག་སྲོལ་ལ་ཡུལ་དེའི་སྟོད་སྨད་བར་གསུམ་དང་། འདམ་གཞུང་། ལྷ་ས་སོགས་ནས་འཆམ་མཇལ་མཁན་མང་པོ་ཡོང་སྲོལ། དགོན་པའི་སྒོ་འགྲམ་བར་རླངས་འཁོར་གཏོང་ཆོག།

         གནམ་རྩེ་ལྡེང་།

            ཡངས་ཅན་དགོན་པའི་རི་གཤམ་ནས་ཤར་ཕྱོགས་སུ་རླངས་འཁོར་ནང་སྐར་མ་བཅོ་ལྔ་ལྷག་ཙམ་ཕྱིན་ན་སྡིང་ཁ་ཞིག་ཏུ་རྡོ་རིལ་འབའ་ཞིག་ལས་བརྩིགས་པའི་མཆོད་རྟེན་ཞིག་ཡོད་པ་ནི་རྩེ་ལྡེང་འབུམ་པ་ཞེས་པ་དེ་ཡིན། མཆོད་རྟེན་དེའི་ཉེ་འགྲམ་དུ་རྩིག་ཤུལ་མང་པོ་ཡོད་ཅིང་། དེ་གར་སྔ་དུས་བཀའ་གདམས་པ་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱིས་བཏབ་པའི་གནམ་རྩེ་ལྡེང་གཙུག་ལག་ཁང་ཞེས་པའི་རྗེས་ཤུལ་ཡིན་འདུག གནས་དེར་དུས་རབས་བཅོ་ལྔ་བའི་ནང་རྗེ་རེ་མདའ་བ་གཞོན་ནུ་བློ་གྲོས་དང་། ལོ་ཆེན་སྐྱབས་མཆོག་དཔལ་བཟང་། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་རྣམས་ཞལ་འཛོམས་ཏེ་བསྟན་པའི་རྩ་བ་འདུལ་བར་དག་ཐེར་མཛད་ཕྱིར་དུས་དེར་དཔོན་ཡོན་ཏན་རྒྱ་མཚོས་སྦྱིན་བདག་ཞུས་ནས་དགེ་འདུན་དྲུག་བརྒྱ་ལྷག་ཙམ་གྱིས་དབྱར་ཞལ་ཞེས་གནང་། རྗེ་ཙོང་ཁ་པས་འདུལ་བ་གནམ་རྩེ་ལྡེང་མར་གྲགས་པ་མཛད་དེ་འདུལ་བསྟན་ཉམས་པ་སོར་ཆུད། དེ་སྔ་དེ་གར་དགོན་པ་ཆེ་ཙམ་ཞིག་ཡོད་འདུག་ཀྱང་སོག་དམག་གིས་བཤིག་སྐད་དམངས་ཁྲོད་དུ་བརྗོད་སྲོལ་འདུག་ཀྱང་དུས་ཚོད་གང་དང་། སོག་དམག་ཇི་འདྲ་ཞིག་ཡིན། ཡིག་ལམ་མ་མཐོང་ཟེར། དོན་དུ་དགོན་གནས་དེ་ལོ་བརྒྱ་ཕྲག་གི་གོང་ནས་འཐོར་ཚོད་འདུག་ཀྱང་རྡོ་རིལ་བརྩིགས་པའི་མཆོད་རྟེན་དེར་རྩེ་ལྡེང་འབུམ་པ་ཞེས་མང་ཚོགས་སྐོར་བ་བསག་མཁན་ཡོད་ལ་འབུམ་པ་བྱིན་ཅན་དུ་ངོས་འཛིན་བྱེད་སྲོལ་འདུག

           བྱེ་ལུང་འབུམ་པ།

       ཡངས་ཅན་གྲོང་རྡལ་ནས་ཤར་ངོས་སུ་རླངས་འཁོར་ནང་ཕྱིན་ན། གནམ་གྱི་བྱེ་མ་ལུང་ཞེས་པར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་འཁྲུངས་ཡུལ་དུ་མཆོད་རྟེན་ཞིག་འདུག དེ་གར་ཤུག་པའི་སྡོང་པོ་ཞིག་ཡོད་སྐད་འདུག་ཀྱང་རིག་གནས་གསར་བརྗེའི་སྐབས་བཅད་སྐད། མཆོད་རྟེན་གྱི་རྩེ་མོ་ལས་རྩ་བར་སྐྱོན་མེད་ཡིན་ཚུལ་འདུག﹙༡༩༨༣﹚ལོ་མཆོད་རྟེན་ཉམས་གསོ་བྱས། བྱེ་ལུང་གྲོང་ཚོ་ནས་ཁ་ལྷོར་བལྟས་ཏེ་རི་ངོས་སུ་ཆུ་ཚོད་ཕྱེད་ལྷག་ཙམ་རླངས་འཁོར་གྱེན་དུ་འཛེགས་རྗེས་གོམ་བགྲོད་ཀྱིས་ཆུ་ཚོད་སྐར་མ་ཉི་ཤུ་ཡས་མས་ཤིག་ཕྱིན་ན་མཆོད་རྟེན་ཡོད་ས་དེར་སླེབས། དེ་ནི་སྤང་རི་ཁ་བྱང་བལྟ་ཞིག་གི་ངོས་སུ་སྣང་། དེ་གར་བོད་ཟླ་དྲུག་པའི་ཚེས་བཞི་ཉིན་ཚོགས་འབུལ་དང་། ཕྱག་སྐོར་བྱེད་མཁན་མང་པོ་འཛོམས་པ་དང་། ཕྱི་དྲོ་བྲོ་གཞས་བརྒྱབ་ནས་སྡོད་སྐད།།
                 རྒ་ལོ་དགོན།

       ཡངས་ཅན་ཚ་གློག་གློག་ཁང་གི་བྱང་ངོས་རི་ལྡེབས་སུ་རྒ་ལོ་དགོན་པ་ཞེས་བཙུན་དགོན་ཞིག་འདུག་པ་དེ་ནི་དུས་རབས་༡༢པའི་ནང་དཔལ་ཆེན་རྒ་ལོ་རྣམ་རྒྱལ་རྡོ་རྗེས་བཏབ་སྐད། རི་ངོས་མཐོ་པོ་དེའི་རྩེ་མོ་གངས་རི་ཐང་ལྷའི་རྟ་རྫི་ཞེས་པ་དེ་ཡིན་པའི་འོག་གི་གཡའ་དང་སྤང་གི་མཚམས་སུ་ཆགས་ཤིང་། སྐྱེར་པ་དང་། སེ་བ། སྤེན་མ། སྤ་མ་སོགས་ཤིང་ལྡུམ་མང་པོ་སྐྱེས་པའི་ཁྲོད་དུ་དགོན་གནས་ཆགས་པ་དེ་མཐོ་ཚད་ཧ་ལམ་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་བཞི་སྟོང་ཡན་གྱི་སར་ཡོད་འདུག དགོན་པའི་འགྲམ་བར་རླངས་འཁོར་འགྲོ་ལམ་ཡོད་ཀྱང་། ཆེད་དུ་བསྐྱོད་མཁན་ཞིག་མིན་ན་ཡངས་ཅན་གཞུང་ལམ་དང་བར་ཐག་རིང་སྟབས་དེ་གའི་བཙུན་མ་རྣམས་ཁྱིམ་དུ་འགྲོ་བསྐྱོད་དང་། མི་སེར་གྱིས་སྐུ་རིམ་དུ་འབོད་སྐབས་ཆུ་ཚོད་གསུམ་བཞི་གོམ་བགྲོད་ཀྱིས་རི་ངོས་བབ་འཛེག་བྱེད་དགོས་ཀྱི་འདུག བཙུན་མ་བདུན་ཅུ་སྐོར་ནས་ཀརྨ་བཀའ་རྒྱུད་ཀྱི་ཕྱག་སྲོལ་འཛིན་ཅིང་། སྙུང་གནས་སྲུང་བ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་བྱེད་ཀྱི་ཡོད། འདུ་ཁང་ནང་མར་མི་དྭགས་གསུམ་གྱི་སྐུ་སོགས་མཇལ་རྒྱུ་འདུག རིག་གསར་སྐབས་གཏོར་སྐྱོན་བྱུང་ཡང་﹙༡༩༨༥﹚ལོ་ཆོག་མཆན་ཐོབ་པ་ལྟར་ཉམས་གསོ་བྱས། དགོན་པ་ཆགས་ས་དེ་ནས་ལྷོ་ངོས་སུ་བལྟས་ཚེ་ཡངས་ཅན་གྱི་ཡུལ་ལུང་རི་ཀླུང་དང་། རྩྭ་ཐང་། མཚེའུ། རྫིང་བུ། རྒྱུག་ཆུ་སོགས་ཕལ་ཆེར་མཐོང་གི་འདུག་ལ་གོང་མོ་དང་། སྲེག་པ་སོགས་བྱ་བྱིའུ་དང་། རི་བོང་དང་། ཝ་སོགས་རི་དྭགས་དང་། གཅན་གཟན་ཡང་མང་པོ་སྣང་།།
          རྡོ་རྗེ་གླིང་བཙན་དགོན།

           ཡངས་ཅན་དགོན་པའི་ནུབ་ངོས་སུ་རྒྱལ་དར་ཤང་དུ་རྡོ་རྗེ་གླིང་ཞེས་བཙུན་དགོན་ཞིག་ཡོད་པ་དེ་ནི་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པའི་སྒྲུབ་ཕུག་ཡོད་པར་ཕྱིས་དགོན་པ་ཆགས་སྐད། ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པའི་སྒྲུབ་ཕུག་ངོ་མཚར་ཅན་སོགས་མཇལ་རྒྱུ་ཡོད་འདུག་ཀྱང་རང་ཉིད་དངོས་སུ་མ་སླེབས་སྟབས་འབྲིར་མ་སྤོབས།།    

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།