འབྲི་གུང་མཐིལ་འོག་མིན་བྱང་ཆུབ་གླིང་།

      གྲུབ་མཐའ། བཀའ་བརྒྱུད་ཆུང་བརྒྱད་གྲགས་པའི་ནང་ཚན་དཔལ་མཉམ་མེད་འབྲི་གུང་བཀའ་བརྒྱུད། འདེབས་ལོ། བོད་རང་བྱུང་གསུམ་པའི་ས་ཕག་སྤྱི་ལོ་༡༡༧༩འདེབས་མཁན། སྐྱོབ་པ་འཇིག་རྟེན་གསུམ་མགོན་རིན་ཆེན་དཔལ། ཆགས་ཡུལ། ལྷ་ས་གྲོང་ཁྱེར་གྱི་ཤར་ངོས་རྒྱང་ཐག་སྤྱི་ལེ་བརྒྱ་དང་ལྔ་བཅུ་ལྷག་གི་སར་ད་ལྟའི་སྲིད་འཛིན་ས་ཁོངས་སུ་དབྱེ་ན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་། རྨམ་པ་ཆུས་ཁོངས་སུ་གཏོགས། ཁུལ་དེའི་ས་ཆའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༥༠༠ཙམ་ཡོད།
   འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་རིན་ཆེན་དཔལ་དེ་ཉིད་ཀྱི་འཁྲུངས་ཡུལ་ནི་མདོ་སྨད་ཀྱི་སའི་ཆ་ཡུལ་རྩ་ར་སྟོད་གཡོན་ལུང་གི་ལྡན་སྟོད་ཙུང་ངུའི་གྲོང་ཞེས་བྱ་བར་ཡབ་རྣལ་འབྱོར་བ་རྡོ་རྗེ་དང་། ཡུམ་རཀྴིའམ་ཀླུ་རིགས་སྒྲོལ་མ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་གཉིས་པའི་ཁྲག་སྐྱུག་ཅེས་པ་ཆུ་མོ་ཕག་སྤྱི་ལོ་༡༡༤༣ལོར་སྐུ་བལྟམས། ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་ལ་མཁས་པར་མཁྱེན། ཡབ་ཀྱི་དྲུང་ནས་རྡོ་རྗེའི་འཇིགས་བྱེད་ཀྱི་ཆོས་སྐོར་དང་། ཁུ་བོ་མཁན་པོ་དར་མ་ལས་མདོ་སྔགས་ཀྱི་ཆོས་མང་པོ་གསན་ནས་མཚན་དུ་བཙུན་པ་སྐྱབས་དང་། རྡོ་རྗེ་དཔལ་དུ་གྲགས། དེ་ནས་མི་རིང་བར་ཡབ་ཡུམ་གཉིས་སྔ་རྗེས་སུ་འདས། དགུང་ལོ་བཅོ་བརྒྱད་དུ་ཕེབས་སྐབས་ཁུ་བོ་ཡང་འདས་པས་འཚོ་བ་ཤིན་ཏུ་དབུལ་བར་གྱུར། རྐང་ཆད་མཛེ་མོ་རྒྱབ་ཏུ་འཁུར་ནས་རིམ་གྲོས་སྐྱོང་བ་སོགས་བརྩེ་ཆེན་སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན་ཞིང་། དགུང་ལོ་ཉི་ཤུའི་སྐབས་ལྷོར་བྱོན་ཏེ་སློབ་དཔོན་ཡེ་ཤེས་བྱ་བ་ལས་རྗེ་བཙུན་མའི་དབང་དང་མན་ངག་རྣམས་ཞུས། ཉི་ཤུ་རྩ་གཉིས་ལོར་རྩིབ་རླུང་མོ་ཆེ་རུ་སྐུ་མཚམས་མཛད་དེ་ཉིན་པར་ཕྱག་ཆེན་དང་། མཚན་མོར་བསྐྱེད་རིམ་བསྒོམ། ཐུན་མཚམང་སུ་རྗེ་བཙུན་མའི་ཕྱག་མཆོད། ཐུན་གཤམ་དུ་གཏོར་མ་གཏོང་བ་སོགས་ལ་བརྩོན་ཤུགས་ཆེན་པོ་མཛད་ཐོགས་ཡུལ་གྱི་མི་ཆེན་རྣམས་ཀྱིས་ཀྱང་དབང་དང་སེམས་སྐྱེད་སོགས་མང་པོ་ཞུས་ཏེ་ཀུན་གྱི་སྤྱི་མོར་བཀུར་བའི་བླ་མ་ཞིག་ཏུ་གྱུར། དགུང་ལོ་ཉི་ཤུ་རྩ་ལྔ་མེ་ཕག སྤྱི་ལོ་༡༡༦༧ལོར་འགྲོ་མགོན་ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་པོའི་ཞབས་སུ་ལོ་གཉིས་དང་ཟླ་བ་བརྒྱད་ཙམ་རིང་གཟབ་རྒྱས་ཤིང་རྟ་ཆེན་པོ་གཉིས་ཀྱི་ལྟ་སྤྱོད་དང་། ན་རོ་མི་ཊིའི་ཟབ་གསང་བསྐྱེད་རྫོགས། ལྷག་པར་བཀའ་བབ་ཉམས་ཀྱི་བརྒྱུད་པའི་ཤིང་རྟའི་སྲོལ་ཆེན་བཞི་དང་། རྟོགས་པ་དོན་གྱི་བརྒྱུད་པ་བླ་མ་དམ་པའི་གདམས་ངག་ཟབ་མོ་རྣམས་མ་ལུས་པར་ཞུས་ཏེ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཆེན་པོ་ཐུགས་ལ་འཁྲུངས་པར་མཛད། འགྲོ་མགོན་ཕག་མོ་གྲུབ་པ་བསྙུན་གཞི་བཞེས་སྐབས་བསྙུན་གཡོག་ཞུས་ཏེ་བླ་མའི་ཐུགས་མཉེས་པར་མཛད། འགྲོ་མགོན་སྐུ་མ་གཤེགས་གོང་དུ་ང་ཡི་གདན་ས་འདི་དགེ་བསྙེན་ས་བཅུ་པ་ཞིག་གིས་མཛིན་པ་ཡིན་ཞེས་སྐྱོབ་པ་རིན་པོ་ཆེ་དངོས་སུ་ཕག་གྲུའི་གདན་ས་འཛིན་དགོས་པའི་ལུང་བསྟན་གནང་། ལྕགས་སྟག་སྤྱི་ལོ་༡༡༧༠ལོར་འགྲོ་མགོན་རྡོ་རྗེ་རྒྱལ་པོ་སྐུ་མྱ་ངན་ལས་འདས་སོ།།
    མེ་མོ་བྱ་སྤྱི་ལོ་༡༡༧༧ལོར་སྐྱོབ་པ་རིན་པོ་ཆེ་དགུང་གྲངས་སུམ་ཅུ་སོ་ལྔའི་སྟེང་འོན་དུ་ཕེབས་ནས་མཁན་པོ་ཞང་སུམ་ཐོག་པ་དང་། སློབ་དཔོན་རྩི་ལུང་པ། གསང་སྡེ་སྟོན་པ། གཉལ་བ་འདུལ་འཛིན་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལོ་གསུམ་རིང་ཕག་གྲུའི་གདན་ས་བསྐྱངས། དེ་ནས་ནང་ཤོད་མཁན་པོ་དང་། ཕ་ཇོ་རྡོ་རྗེ་རྒྱལ་མཚན་གཉིས་ཀྱིས་འབྲི་གུང་ཞེས་པ་ཤིང་སེ་བའི་ནགས་ཁྲོད་ཚང་ཚིང་དུ་འཁྲིགས་པའི་དབེན་པའི་བསྟི་གནས་ཡིད་དགའ་བ་ཞིག་ཡོད་པ་དེར་བྱོན་ན་དགེ་སྦྱོར་དང་འཕྲིན་ལས་ཤིན་ཏུ་ཆེ་བ་འོང་ཞེས་ཞུས་པས་དེར་དགྱེས་ནས། སྔོན་གསང་ཕུར་ཕེབས་ཏེ་སློབ་དཔོན་གཙང་ནག་པ་ལས་སེམས་བསྐྱེད་ཞུས། དེ་ནས་འབྲི་གུང་གཞུ་སྟོད་དུ་ཕེབས་སོ། །བོད་རབ་བྱུང་གསུམ་པའི་ས་ཕག་སྤྱི་ལོ་༡༡༧༩སྐྱོབ་པ་རིན་པོ་ཆེ་དགུང་གྲངས་སོ་བདུན་ལ་ཕེབས་སྐབས་དགེ་འདུན་ཞལ་གྲངས་བརྒྱ་སྐོར་ཙམ་ཡོད་པའི་འབྲི་མཐིལ་བྱང་ཆུབ་གླིང་དགོན་པ་དེ་ཕྱག་བཏབ། དེ་ནས་རིམ་བཞིན་ལོ་གསུམ་རིང་གསེར་ཁང་དང་། བླ་ཡེལ་ཆེན་མོ། འགྲོ་མགོན་ཕག་མོ་གྲུབ་པའི་དངུལ་སྐུ་གཟིམ་སྤྱིལ་སོགས་བཞེངས། དབོར་སྒོམ་པ་རྡོ་རྗེ་སེང་གེ་འཕྲིན་ལས་ཀྱི་བྱེད་པོར་བསྐོས། དགེ་འདུན་མང་པོ་འདུས་པར་ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར། ཡི་དམ་གྱི་གཙོ་བོ་བདེ་མཆོག་དྲིལ་བུ་ལྷན་སྐྱེས་ལྷ་ལྔ་མཛད། ཐུན་མོང་གི་དགོངས་པ་གསལ་བར་མཛད་པ་«ཐེག་ཆེན་བསྟན་པའི་སྙིང་པོ་»དང་ཐུན་མོང་མ་ཡིན་པའི་དགོངས་པ་གསལ་བར་མཛད་«དགོངས་གཅིག་»སོགས་བརྩམས། དེ་ནས་བཟུང་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པའི་སྲོལ་འཛུགས་པར་མཛད་དོ། །  
SJ4ཀྲུང་གོ་བོད་ཀྱི་དྲ་བ།


SJ4ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།