ཀྲུང་གོ་བོད་ཀྱི་དྲ་བ།

དགའ་ལྡན་ལྔ་མཆོད་ཆེན་མོའི་བྱུང་བ་མདོར་བསྡུས་ཙམ་བརྗོད་པ།

  རྩོམ་པ་པོ། :    ཤིས་ཚང་ཚུལ་ཁྲིམས།   སྤེལ་དུས། : 2017-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅།  །དགའ་ལྡན་ལྔ་མཆོད་ཆེན་མོའི་བྱུང་བ་མདོར་བསྡུས་ཙམ་བརྗོད་པ།
༄༅། ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིཊ།།
          དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།
          བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
          གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།།
          བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
       1.jpg

དེ་ཡང་ལོ་རེ་རེའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ནི་རང་ཅག་རྣམས་ཀྱི་འདྲེན་པ་བླ་ན་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པ།  ཁམས་གསུམ་འགྲོ་བའི་བླ་མ་ཤར་ཙོང་ཁ་བ་ཆེན་པོ་ཞིང་མཆོག་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་པའི་ཉིན་མོ་སྟེ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་དུས་ཆེན་ཁྱད་པར་བ་ཞིག་ཡིན་པས།  སྐབས་འདིར་ཁོ་བོས་རྗེ་བླ་མའི་མཛད་རྣམ་དང་སྦྲགས་ནས་དུས་ཆེན་དེའི་བྱུང་བ་མདོར་བསྡུས་ཙམ་བརྗོད་པ་ལ།  སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་ས་བཅུ་ཡོངས་སུ་རྫོགས་པར་མཛད་དེ།  མ་དག་པའི་འཇིག་རྟེན་གྱི་ཁམས་སུ་ཡང་ལ་ལ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་བོ་དང་།  ལ་ལ་ནི་བརྒྱ་བྱིན་དང་ཚངས་པའི་གཟུགས་དང་།  དེ་བཞིན་དུ་བྱང་ཆུབ་སེམས་དཔའ། ཁྱིམ་པ་དང་རབ་བྱུང་གི་ཚུལ་མཛད་པ་ལ་སོགས་སེམས་ཅན་གྱི་དོན་མཛད་པའི་རྣམ་ཐར་རྒྱས་པར་བྲིར་མི་ལང་ལ།འདིར་གདུལ་བྱ་ཐུན་མོང་བའི་སྣང་ངོར་དུས་གསུམ་རྒྱལ་བའི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་མིའི་གར་གྱི་རྣམ་པར་ཞིང་འདིར་སྐུའི་སྐྱེ་བ་བཞེས་ཚུལ་ནི།གངས་ལྗོངས་མདོ་སྨད་རྟའི་ཆོལ་ཁའི་ཕྱོགས་གཏོགས།ཙོང་ཁ་བདེ་ཁམས་བཅོ་བརྒྱད་ཀྱི་འཛིན་མའི་ཐིག་ལེ་རུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་།ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་བྱ་(༡༣༥༩)ཧོར་ཟླ་བཅུ་བའི་ཚེས་བཅུའི་ཐོ་རངས་ལ་ངོ་མཚར་བའི་ལྟས་མང་བོ་དང་བཅས་སྐུ་བལྟམས་སོ།།

2.jpg

དགུང་ལོ་གསུམ་པར་ཤ་བ་རི་རྫོང་དུ་ཆོས་རྗེ་ཀརྨ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་ལ་ཀུན་དགའ་སྙིང་བོར་གསོལ།དགུང་ལོ་དྲུག་པར་ཆོས་རྗེ་དོན་གྲུབ་རིན་ཆེན་པའི་དྲུང་དུ་བྱོན་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྒོར་སྨིན་པར་མཛད་དེ་གསང་མཚན་དོན་ཡོད་རྡོ་རྗེ་ཞེས་གསོལ།དགུང་ལོ་བདུན་པར་བྱ་ཁྱུང་བྲག་གི་ཆོས་སྡེ་རུ་ཆོས་རྗེ་ཉིད་ཀྱི་ཞལ་སྔ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཤིང་མཚན་ལ་བློ་བཟང་གྲགས་པའི་དཔལ་ཞེས་བྱ་བར་གསོལ།  དགུང་ལོ་བཅུ་དྲུག་པ་ཆུ་བྱི(༡༣༧༢)ལ་བླ་མའི་བཀས་བསྐུལ་བ་དང་།  བདག་ཉིད་ཀྱང་སྤྲོ་ཤུགས་དྲག་པོས་ཐོས་བསམ་གྱི་སྒྲོ་འདོགས་གཅོད་ཕྱིར་དབུས་གཙང་དུ་འབྱོན་པར་བཞེད་དེ་འབྲི་གུང་བའི་འབུལ་བ་དཔོན་འདན་མ་རིན་ཆེན་སོགས་མདོ་སྨད་ཀྱི་ཚོང་འགྲུལ་མང་བོ་དང་ལྷན་དུ་རང་གི་ཞང་བོ་གཉིས་སྡང་འགྲོགས་ནས་དབུས་གཙང་ཆོས་ཀྱི་དགའ་ཚལ་དུ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་མཛད་པ་ཇི་བཞིན་བསྐྱངས་ཏེ་ཕེབས།  གླང་ལོའི(༡༣༧༣)སྟོན་ཁར་འབྲི་གུང་དཔལ་གྱི་ནགས་ཁྲོད་དུ་སླེབས། དེ་ནས་འབྲི་གུང་སྤྱན་སྔ་རིན་པོ་ཆེའི་ཞལ་སྔ་ནས་ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་དང་།ཕྱག་ཆེན་ལྔ་ལྡན་སོགས་གསན།  དེ་ནས་ཆོས་གྲྭ་ཆེན་པོ་སྙེ་ཐང་བདེ་བ་ཅན་དུ་བྱོན་ནས་ཀློག་སློབ་པའི་སློབ་དཔོན་གཙོ་བོ་སློབ་དཔོན་ཡོན་ཏན་རྒྱ་མཚོ་དང་།  ཞར་ཆོས་པ་སློབ་དཔོན་ཆེན་པོ་ཨུ་རྒྱན་གཉིས་ལས་མངོན་རྟོགས་རྒྱན་རྩ་འགྲེལ་ལ་ཐུགས་གཉེར་མཛད་པས་ཞག་བཅོ་བརྒྱད་ཙམ་གྱིས་གཞུང་ཐུགས་སུ་ཆུད་ཅིང་། འཇམ་སྐྱའི་ཊཱཀའི་སྟེང་ནས་གསན་པས་དོན་བྱང་ཆུབ་པར་གྱུར།  དེ་ལྟར་བགྲང་བྱ་གཉིས་ཙམ་ལ་ཕར་ཕྱིན་གྱི་ཚིག་དོན་ལ་ཤིན་ཏུ་མཁས་པར་གྱུར་ནས།དགུང་ལོ་བཅུ་དགུའི་སྟེང་མཁས་གྲུབ་བྱེ་བའི་མདུན་ས་དཔལ་ལྡན་གསང་ཕུ་དང་སྙེ་ཐང་སོགས་སུ་གྲྭ་སྐོར་ལ་བྱོན་པས། མཁས་པ་མཐའ་དག་གི་ཁེངས་པའི་རི་བོ་ས་ལ་བསྙིལ་བར་མཛད།  དགུང་ལོ་ཉི་ཤུ་བར་ཉང་སྟོད་རྩེ་ཆེན་དུ་དབྱར་ཆོས་ལ་ཕེབས་ཏེ་མཁས་པ་ཆེན་པོ་ཉ་དབོན་ཀུན་དགའ་དཔལ་ལས་ཕར་ཕྱིན་གྱི་གཟབ་བཤད་ཚར་གཅིག་གསན་ཞིང་།སློབ་དཔོན་འདི་འཆད་པ་ལ་ཤིན་ཏུ་མཁས་པས་ཁོང་གི་ཐུགས་འཕྲོག་པར་གྱུར།  ཁྱད་པར་དུ་ཉ་དཔོན་གྱི་སློབ་མ་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་བླ་མའི་གཙོ་བོར་བསྟེན་ཏེ་མངོན་པ་མཛོད་རང་འགྲེལ་སྟེང་ནས་མཛུབ་ཁྲིད་མཛད་དེ་གསན་པས་ཚིག་རིས་ཙམ་ལ་བརྟེན་པ་མ་ཡིན་པར་དཀའ་བའི་གནད་རྣམས་ལ་དྲི་གཏུགས་ལེགས་པར་མཛད་པས་རྗེ་བཙུན་རེད་མདའ་པ་ཡང་ཐུགས་ཕྲོགས་པར་གྱུར།དགུང་ལོ་ཉེར་གཉིས་པར་གྲོ་ལུང་དུ་སྐུ་མཚམས་བཅད་ནས་ཐུགས་དམ་མཛད། འུ་ཡུག་པ་རིགས་པའི་སེང་གེས་མཛད་པའི་རྣམ་འགྲེལ་གྱི་འགྲེལ་བ་ལ་གཟིགས་རྟོགས་མཛད་པས་ཆོས་གྲགས་ཀྱི་གཞུང་ལུགས་དང་རིགས་པའི་སྲོལ་ལ་བཅོས་མིན་གྱི་དད་པ་ཤུགས་དྲག་འཁྲུངས།དེ་ནས་སྟོན་ཆོས་ལ་ཆོས་གྲྭ་ཆེན་པོ་ཨེར་ལ་བྱོན།ལོ་ཙཱ་བ་ནམ་མཁའ་བཟང་བོ་ལས་སྙན་ངག་མེ་ལོང་གི་བཤད་པ་གསན། དེ་ནས་ས་སྐྱ་དང་། གསང་ཕུ།  རྩེད་ཐང་སོགས་ཀྱི་ཆོས་གྲྭ་ཆེན་པོ་རྣམས་སུ་བཀའ་ཆེན་བཞིའི་གྲྭ་སྐོར་མཛད་པས་གྲྭ་ས་ཆེན་མོ་དག་གི་དགེ་བའི་བཤེས་གཉེན་དང་སྡེ་སྣོད་འཛིན་པ་དུ་མས་ཀྱང་རྗེ་བླ་མའི་ལེགས་བཤད་ཀྱི་སྦྲང་རྩིའི་དགའ་སྟོན་ཉམས་སུ་མྱོང་བས་ཡིད་ཚིམས།རྩེད་ཐང་གི་གྲྭ་སྐོར་མཇུག་རྫོགས་ནས་ཡར་ལུང་རྣམ་རྒྱལ་དུ་དཀའ་བཞི་བ་ཚུལ་རིན་པས་མཁན་པོ་དང་།ཚོགས་པ་བྱི་རྫིང་བས་མཁན་པོ།   གནས་བརྟན་འདུལ་བ་འཛིན་པ་ཤེར་མགོན་པས་ལས་སློབ་དང་།བྱི་རྫིང་བས་དབུ་མཛད་སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་ཅིང་།  ཁ་སྐོང་གི་དགེ་སློང་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པའི་ཐུགས་གྱི་གན་མཛོད་གཏམས་པར་གྱུར་ཏེ་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་ཡོན་གནས་གཅིག་བུར་གྱུར།སྐབས་ཤིག་ཏུ་ཚ་ཁོ་དཔོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས་ལྷ་སའི་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་བྱོན་ནས་སྨྱུང་གནས་མང་དུ་མཛད།དགུང་ལོ་སོ་དྲུག་པ་ལ་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁ་ཆོས་ལུང་དུ་ཕེབས་ནས་དཔོན་སློབ་རྣམས་ཀྱིས་བསགས་སྦྱང་གི་གནད་ལ་ཆིག་སྒྲིལ་དུ་འབད།  རྗེ་རང་ཉིད་ཀྱིས་ཀྱང་ལྟུང་བཤགས་དང་འབྲེལ་བའི་ཕྱག་དང་།མནྡྲལ་འབུལ་བ་རྒྱུན་མ་ཆད་པར་མཛད་པས་ཕྱག་སོར་གྱི་རྩེ་རྣམས་སུ་སེ་གར་སོང་ཞིང་། རྡོའི་མནྡྲལ་ཕུལ་བས་ཕྱག་ངར་བརྡོལ་བ་སོགས་ལའང་ཇི་སྙམ་དུ་མི་འཛིན་པར་དཔག་དཀའ་བའི་བརྩོན་འགྲུས་དྲག་པོ་མཛད་པ་སོགས་མདོ་སྡེ་ནས་བྱུང་བའི་རྒྱལ་སྲས་ཀྱི་སྙིང་སྟོབས་དང་རླབས་ཆེན་གྱི་སྤྱོད་པ་རྣམས་དམིགས་སུ་ཕུག་པའི་ཐུགས་སྦྱོང་ནར་མར་བསྟེན་པས།  རྒྱལ་བའི་གསུང་རབ་མཐའ་དག་དོན་སྤྱི་ཙམ་མ་ཡིན་པར་གཞུང་ལུགས་ཡོངས་རྫོགས་ཀྱི་གནད་དོན་མ་ལུས་པ་གདམས་པར་ཤར།དགུང་ལོ་ཞེ་དྲུག་སྟེང་ཨར་བྱང་ཆུབ་ཡེ་ཤེས་ཀྱི་གདན་ས་སྟོད་ལུང་གནམ་རྩེ་ལྡིང་ངམ་ཡངས་པ་ཅན་དུ་གྲགས་པ་དེར་བླ་མ་རེད་མདའ་བ་ཆེན་པོ་དང་།རྗེ་ཐམས་ཅད་མཁྱེན་པ། ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་གསུམ་གདན་འཛོམས་ཤིང་དབྱར་གནས་ལ་བཞུགས་པའི་རིང་འདུལ་བའི་ཕྱག་ལེན་ཕྲ་མོ་ནས་བཟུང་བསྟན་པའི་རྩ་བ་སོ་སོར་ཐར་བའི་རྨང་རྫོགས་པར་གསོལ།  དགུང་ལོ་ང་གཅིག་པར་སེ་ར་ཆོས་ལྡིངས་སུ་དབྱར་གནས་མཛད་པའི་སྐབས་མཁས་གྲུབ་དགེ་ལེགས་དཔལ་བཟང་བོ་ཞབས་དྲུང་དུ་བཅར་ནས་རྗེ་བླ་མ་ཉིད་འགྲན་ཟླ་མེད་པའི་བླ་མར་བཟུང་ནས་ནང་ཐུགས་ཀྱི་སྲས་གཅིག་བུར་གྱུར།  ལོ་འདིར་གོང་མ་ཏཱ་མིང་ཡུང་ལོ་རྒྱལ་བོས་མི་སྣ་ཆེད་མངགས་ཀྱིས་གདན་འདྲེན་པའི་འཇའ་ས་དང་།  གསེར་ཡིག  ཕྱག་རྟེན་དངོས་བོ་དང་བཅས་ནན་ཏན་ཆེན་པོས་སྔ་ཕྱིར་ལན་གསུམ་ཙམ་གདན་ཞུ་བྱས་ཀྱང་ཞལ་བཞེས་མ་མཛད་པར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་རྒྱལ་ཚབ་ཏུ་མངགས།དགུང་ལོ་ང་གསུམ་པ་ས་མོ་གླང་གི་ལོར(༡༤༠༩)ཆོ་འཕྲུལ་དུས་ཆེན་དང་འབྲེལ་བར་སྨོན་ལམ་ཆེན་མོ་གསར་འཛུགས་གནང་བ་དང་།  འབྲོག་རི་བོ་དགའ་ལྡན་རྣམ་ རྒྱལ་གླིང་ཕྱག་འདེབས་མཛད་པ་སོགས་བསྟན་འགྲོར་སྨན་པའི་བྱ་གཞག་རླབས་ཆེན་མཛད།  དགུང་ལོ་ང་བརྒྱད་པ་ཤིང་རྟ་ལོའི(༡༤༡༤)དབྱར་གནས་ལ་མི་དབང་གྲགས་པ་རྒྱལ་མཚན་པས་གསོལ་བ་བཏབ་པ་བཞིན་འོན་གྱི་བཀྲ་ཤིས་དོ་ཁར་ཕེབས་ཏེ་དབྱར་ཞལ་བཞེས་མཛད།  དུས་དེར་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་གྱིས་རྗེའི་ཞབས་ཐོག་མར་ཟིན། ས་གསུམ་ན་རྙེད་པར་དཀའ་བའི་རྟེན་བྱིན་ཅན་རྗེ་བཀྲ་ཤིས་དོ་ཁ་མར་གྲགས་པ་དེ་ཡང་པཎ་ཆེན་བྱམས་པ་གླིང་བས་བཞེངས།  དགུང་ལོ་རེ་གསུམ་བཞེས་པ་རབ་བྱུང་བདུན་པའི་ས་ཕག་ལོར(༡༤༡༩)གྲུ་བཞི་ནས་ཕྱག་བཏེག་སྟེ་དགའ་ལྡན་དུ་ཕེབས་པ་ན་ཐོག་མར་ཡངས་པ་ཅན་གྱི་གཙུག་ལག་ཁང་དང་།དེ་ནས་གཞལ་ཡས་ཁང་དང་།  ཡི་དམ་གྱི་དྲུང་སོགས་སུ་ཕེབས་ཤིང་གསོལ་བ་འདེབས་པ་དང་སྨོན་ལམ་གྱི་རིམ་པ་ལ་སོགས་པ་མང་དུ་མཛད།  སྐུ་བེར་དང་དབུ་ཞྭ་སྲས་ཀྱི་ཐུ་བོ་བཀའ་བཅུ་བ་དར་མ་རིན་ཆེན་ལ་གནང་སྟེ་དོན་དུ་རྒྱལ་ཚབ་ཏུ་བསྐོ་གཞག་མཛད་ནས་ཟླ་བཅུ་བའི་ཉི་ཤུ་ལྔའི་ཉི་ཤར་གྱི་དུས་ཚོད་ལ་ཞབས་རྡོ་རྗེ་དཀྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་མཛད་པའི་ངང་ལ་སྟོང་བ་གསུམ་རིམ་གྱིས་ཐིམ་པའི་ཐམས་ཅད་སྟོང་བ་འོད་གསལ་མངོན་དུ་གྱུར་ནས་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན་ཏོ།།

3.jpg


དེའི་ཕྱི་ལོ་ལྕགས་བྱི་(༡༤༢༠)ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་དང་།  ཀྱེེ་རྡོར།  དུས་འཁོར།  ཚེ་དཔག་མེད།  ཀུན་རིག་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་།དགོངས་རྫོགས་རྒྱ་ཆེ་སྨིན་སྒྲུབ་མཛད་པ་དང་དུས་མཚུངས་སྣེའུ་དཔོན་ནམ་མཁའ་བཟང་ཁུ་དབོན་གྱིས་ཀྱང་ར་ཁ་བྲག་ཏུ་ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ་དགེ་འདུན་མང་བོས་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་བཟུང་དེང་སང་གི་བར་དུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྒྱ་བོད་ཧོར་སོགས་ཀྱི་དད་ལྡན་སྐྱ་སེར་ཐམས་ཅད་ཀྱིས་གླིང་མེ་མཆོད་འབུལ།  སྡིག་སྤོང་དགེ་སྒྲུབ་སོགས་རྣམ་དཀར་གྱི་ལས་ལ་འབད་པའི་སྲོལ་བྱུང་བ་ད་ལྟའི་བར་མ་ཉམས་པར་གནས་པ་ཡིན་ནོ།  །


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།