ཀྲུང་གོ་བོད་ཀྱི་དྲ་བ།

གངས་དབང་། མི་ཉག་པའི་རྒྱན་གོས་དང་གླུ་བྲོ་གར་གསུམ།

ཡོང་ཁུངས། : ཁམས་པའི་དྲ་བ།     སྤེལ་དུས། : 2019-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

        བོད་ཀྱི་རྒྱན་གོས་ནི་བོད་མི་རིགས་རྣམས་གནས་བཅས་སའི་རང་བྱུང་ཁོར་ཡུག་དང་གནམ་གཤིས་བཅས་ལ་བརྟེན་ནས་རང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་འཕེལ་རྒྱས་དང་འབྲེལ་བ་དམ་པོ་ཡོད་ལ་བོད་མི་རྣམས་ཀྱི་དགའ་ཁ་འཁྱེར་སོ་མངོན་པར་མཚོན། སྐྱ་བོའི་རྒྱན་གོས་ལས་སྐྱེས་པ་རྣམས་ཀྱི་རྒྱན་གོས་ནི་ཁོག་ཆེ་ལ་རྫིག་ཉམས་ལྡན་པ་དང་བུད་མེད་རྣམས་ཀྱི་རྒྱན་གོས་ནི་ལྷོད་ཡངས་སྒེག་ཉམས་ཅན་ཞིག་ཡིན། ཤར་མི་ཉག་ལུང་པའི་རྒྱན་གོས་ལའང་ས་ཤོག་གི་ཁྱད་ཆོས་འབུར་དུ་ཐོན་ཡོད་དེ། མི་ཉག་སྐད་དུ་འབག་གོག་ཟེར་བའི་བུད་མེད་རྣམས་ཀྱི་རྒྱན་གོས་དེ་ནི་སྟོད་འགག་དང་སྨད་ཤམ་གྱི་རྣམ་པ་ཟུང་འབྲེལ་གྱིས་བཟོ་དྲུབ་བྱས་པ་ཞིག་ཡིན་ལ།དེའི་རྒྱུ་ཆ་གཙོ་བོ་ཕྲུག་དང་སྣུམ་བུ། ལུག་བལ་བཅས་རེད། ཕྲུག་དང་སྣུམ་བུ་ནི་ཁ་དོག་དཀར་སེར་དམར་ལྗང་སོགས་ཚོན་གྱིས་སྡེབ་སྦྱོར་བྱས་ཏེ་འཐག་བཟོ་བྱས་པ་ཞིག་ཡིན་པས། མི་ཉག་བུད་མེད་ཀྱི་རྒྱན་གོས་ལའང་ཁ་དོག་དཀར་སེར་དམར་ལྗང་གིས་ཚོན་བསྡེབས་བྱས་ཡོད་པ་དང་། ཁ་དོག་དེ་དག་གིས་གནམ་སྔོན་པོ་དང་སྤྲིན་དཀར་པོ། ས་སེར་པོ་སོགས་མཚོན་གྱི་ཡོད་པ་རེད། བཟོ་དྲུབ་བྱེད་སྟངས་རྒྱན་གོས་གཞན་པ་དང་གཏན་ནས་མི་འདྲ་ལ་དཀར་སེར་དམར་ལྗང་སོགས་ཁ་དོག་མང་པོ་བསྡེབས་ཏེ་ཁོག་སྨད་ཀྱི་གོས་ཧྲིལ་པོ་ཆགས་སྡེབ་བྱས་ཏེ་བཟོ་དྲུབ་བྱེད་དགོས་པ་ཞིག་ཡིན། ཆགས་པ་ལའང་ཆགས་པ་དྲུག་ཅུ་ཅན་དང་ཆགས་པ་བརྒྱད་ཅུ་ཅན།ཆགས་པ་བརྒྱ་དང་བརྒྱད་ཅན་སོགས་དབྱེ་བ་འབྱེད་རྒྱུ་ཡོད་པ་རེད། བུད་མེད་ཚོས་སྐྲ་ལ་སྐྲ་ཐག་དམར་པོ་དང་སེར་པོ་བཅིངས། མགོ་ལ་དངུལ་ལས་བརྡུངས་པའི་རྒྱན་ཆ་གོར་གོར་ཞིག་བཏགས་པ་དེ་ལ་མི་ཉག་སྐད་དུ་ངུད་ཕོ་ལོ་ཟེར། ལ་ལས་མགོ་ལ་རིགས་ལྔ་ཅོད་པན་གྱི་གྲུབ་ཚུལ་དང་ཅུང་འདྲ་བའི་མགོ་ཁེབས་ཤིག་འཆིང་སྲོལ་ཡོད་པ་དེ་ནི་མ་ཁོག་གྲུ་བཞི་ནར་མོའི་རྩེ་མོ་ཟུར་གསུམ་མའི་དབྱིབས་དང་ལྡན་པ་ལྔ་ལྷན་དུ་སྦྲེལ་བ་ཞིག་རེད། ཡུལ་སྐད་དུ་རི་ཀྲོག་རྩེ་ཞེས་འབོད་ཀྱིན་འདུག མི་ཉག་འདྲ་པའི་ཕྱོགས་ཀྱི་བུད་མེད་ཚོས་མགོ་ཐོག་ལ་ཉི་མ་དང་གཉའ་ལྟག་ལ་ཟླ་བའི་བཟོ་ལྟ་དང་མཚུངས་པའི་དངུལ་ལས་བརྡུངས་པའི་རྒྱན་ཆ་ཞིག་འདོགས་སྲོལ་ཡོད་མོད་འདི་ན་དེ་ལྟར་མི་སྣང་། དགུན་དུས་སུ་ཚ་རུ་དང་བཅས་པའི་ཞྭ་མོ་ཞིག་གྱོན་སྲོལ་ཡོད་པ་དེ་ལ་མི་ཉག་སྐད་ནང་རྒྱན་འགྲུབ་རྟགས་ཞེས་འབོད་ཀྱིན་འདུག ཁོག་སྟོད་ལ་ཕྲུག་དང་སྣུམ་བུས་དྲུབས་པའི་སྟོད་ཐུང་ཞིག་དང་དེའི་ནང་ལ་ནང་འཇམ་དང་སྟོད་འགག་གྱོན་ཞིང་། སྐེད་པར་པང་ཁེབས་བཅིངས་ཏེ་དངུལ་གྱི་ཆབ་མ་དང་འབའ་ཁུག  ཁབ་ཤུབས་བཅས་འདོགས་སྲོལ་སྣང་།

2.jpg

3.jpg

ཁམས་མི་ཉག་པའི་རྒྱན་གོས།

4.jpg

ཁམས་མི་ཉག་པའི་མགོ་རྒྱན།
        མི་ཉག་པ་ཚོས་འབག་གོག་ཅེས་འབོད་པའི་ཆགས་སྲུབས་མང་པོ་ཡོད་པའི་རྒྱན་གོས་དེར་ཕྱག་ཕྲེང་བས་ཁྲ་ཆེན་དང་རྒྱལ་རོང་སྤྲོ་སྣང་དང་སོག་པོ་བཅས་ཀྱིས་སྨད་གཤམ་ཞེས་འབོད། དེ་ཚོ་ཚང་མའི་རྒྱུ་ཆ་མ་གཏོགས་བཟོ་དབྱིབས་ཕལ་ཆེར་འདྲ་མོ་རེད། དམངས་ཁྲོད་དུ་དེ་ནི་གླིང་གེ་སར་གྱི་བཙུན་མོ་འབྲུག་མོའི་རྒྱན་གོས་ཀྱི་ཤུལ་རྒྱུན་ཡིན་ཟེར་སྲོལ་འདུག་ལ། གླིང་སྒྲུང༼སོག་པོ་རྟ་རྫོང་།༽ནང་དགྲ་ལྷ་རྩེ་རྒྱལ་སོགས་དཔའ་རྟུལ་རྣམས་སོག་ལ་འགྲོ་བའི་སྐབས་སུ་འབྲུག་མོས་སྐྱེལ་གླུ་བླངས་པ་ལས།ལུས་ལ་གོས་རབ་བཅོ་བརྒྱད་ཡོད།། དབྱར་ཚད་འབྱུང་དུས་མི་འཇིགས་ལེ།། ཆུ་གོས་ཆུ་ལིང་སྔོན་མོ་ཡོད།།དགུན་ལྷག་པ་བྱུང་དུས་མི་སྐྲག་ལེ།། དམར་པོ་ལེ་ལིང་ལུས་ལ་གྱོན།། ཕ་བླ་མའི་མདུན་ལ་འགྲོ་དུས་དེར།། ཆོས་གོས་ལེའུ་དགུ་རྩེག་ཡོད།། གོང་དཔོན་ལུའི་མདུན་ལ་འགྲོ་དུས་དེར།། ཁྲིམས་གོས་ཆུ་སྲིན་ཁ་སྤྲོད་ཡོད།། ཕ་ཁུ་བོའི་སྔོན་ལ་འགྲོ་དུས་དེར།། སྟེང་གོས་ཟ་འོག་སེར་པོ་ཡོད།། སྟག་ཤར་སྔོན་ལ་འགྲོ་དུས་དེར།། དར་གོས་ལུས་ལ་འཇམ་ལེ་ཡིན།། མ་སྲུ་མོའི་མདུན་ལ་འགྲོ་དུས་དེར།།གྲོ་ཤོས་རྒྱ་ལྕང་ཕྱུག་མོ་ཡོད།།སྨན་བུ་མོའི་མདུན་ལ་འགྲོ་དུས་དེར།།འཕྱོར་གོས་ཉི་མ་རང་ཤར་ཡོད།།འབྲུག་མོའི་རྒྱ་ལྕང་ཕྱུག་མོ་ལ།།ཆུ་སྤུ་བརྒྱ་དང་རྩ་བརྒྱད་ཡོད།།ཛར་ལོ་བརྒྱ་དང་རྩ་བརྒྱད་ཡོད།།དྲིལ་ཆེན་བརྒྱ་དང་རྩ་བརྒྱད་ཡོད།།དྲིལ་ཆུང་བརྒྱ་དང་རྩ་བརྒྱད་ཡོད།།ཡར་ལངས་ན་རྒྱ་གར་རྒྱལ་པོས་གོ།།རྒྱ་གར་རྒྱལ་པོས་མ་གོ་ན།།ཆོས་ཀྱི་བསྟན་པ་དར་ལེ་མིན།།མར་ཉལ་ན་རྒྱ་ནག་རྒྱལ་པོས་གོ།།རྒྱ་ནག་རྒྱལ་པོས་མ་གོ་ན།།ཁྲིམས་ཀྱི་བསྟན་པ་དར་ལེ་མིན།།ཞེས་པ་ལྟར་ན་འབག་གོག་དང་ཁྲ་ཆེན།སྨད་གཤམ་ཞེས་པ་ནི་འབྲུག་མོའི་རྒྱ་ལྕང་ཕྱུག་མོ་ཞེས་པའི་རྒྱན་གོས་དེའི་ཤུལ་རྒྱུན་མིན་ནམ་སྙམ་སྟེ་ཆགས་སྲུབས་མང་པོ་བསྡེབས་ཏེ་གཡོ་བ་ནི་རྒྱ་ལྕང་གི་ཡལ་ག་ཐུར་དུ་དཔྱངས་པ་དང་ཧ་ཅང་འདྲ་བས་མིང་ཡང་སྙན་པོ་ཞིག་རེད།

5.jpg

ཁམས་མི་ཉག་པའི་འབག་གོག
        མི་ཉག་ལུང་པར་སྐྱེས་པ་རྣམས་ཀྱིས་ལུས་ལ་སྣམ་ཕྲུག་གི་བོད་ལྭ་དང་མགོ་ལ་དུས་ཀྱི་འགྲོས་ལྟར་དབྱར་ཞྭ་དང་སོག་ཞྭ།པགས་ཞྭ་གོན།རྣ་བ་གཡོན་ལ་རྣ་ལུང་དང་།སྐེ་ལ་རིན་པོ་ཆེའི་སྐེ་རྒྱན།ཕྲག་པ་གཡས་ནས་གའུ། རྐེད་པ་ལ་སྐེད་གྲི་དང་མེ་ཆ། འབའ་ཁུག་སོགས་བཏགས་ཤིང་། རྐང་པ་ལ་བོད་ལྷམ་དང་འཇུར་རྟ་གྱོན་པས་དཔའ་ཉམས་ལྡན་ལ་རང་གཤིས་མངོན་དུ་དོད་པ་ཞིག་རེད།

6.jpg

ཁམས་མི་ཉག་སྐྱེས་པའི་རྒྱན་གོས།
        བོད་མི་རིགས་ལ་མཚོན་ན་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཕྱིར་མངོན་པ་ལ་གླུ་བྲོ་གར་གསུམ་ལས་གོ་ཆོད་པ་ཞིག་མེད་པས་དམངས་གླུ་དང་།ལ་གླུ།ལ་གཞས།གཞས་མོ།མགུར་གླུ།བོད་བྲོ།ཟློས་གར་ཞེས་ཐ་སྙད་ཧ་ཅང་མང་པོ་ཡོད།དམངས་གླུ་ཞེས་པ་ནི་དམངས་ཁྲོད་དུ་དར་བའི་གླུ་ཚང་མར་གོ་བའི་ཕྱིས་འབྱུང་གི་ཐ་སྙད་ཅིག་ཡིན་ལ།ཕོ་མོའི་བར་གྱི་འབྲེལ་བ་མཚོན་པའི་གླུ་དཔེར་ན།ཁྱེད་ཉིད་ང་ལ་དགའ་ན།། རྒྱ་གླིང་ནང་ནས་འབོད་ཆོག ། ང་ནི་ཁྱེད་ལ་དགའ་ན། ། ཤེལ་སྒོའི་ནང་ནས་བལྟ་ཆོག ། ཡང་ན། ཕར་རིར་སྟག་ལྤགས་བཏིང་ཡོད། ། ཚུར་རིར་གཟིག་ལྤགས་བཏིང་ཡོད། ། ཁྱི་རྒན་རྒྱ་བོའི་པགས་པ། །  འདི་ལ་འགྲོ་ས་མི་འདུག །ཅེས་པ་ལྟ་བུ་ལ་ཨ་མདོ་བས་ལ་གཞས་དང་།ཁམས་མི་ཉག་པས་གཞས་མོ་ཞེས་འབོད།དེ་མིན་ཕ་ཡུལ་དང་རི་ཆུ་སོགས་ལ་བསྟོད་པར་མི་ཉག་པས་ལ་གླུའམ་རྒྱང་འབོད་ཟེར།དཔེར་ན་འབོ་གངས་དཀར་མགོ་ལ་གངས་ཀྱིས་བསྐོར།།གངས་ཡག་མོ་ཕྱེ་མར་ཕུལ་ཟིན་འདྲ།།འབོ་གངས་དཀར་སྐེད་ལ་རྫ་ཡིས་བསྐོར།།ཇ་ཡག་མོ་ཇ་རྒྱབ་བརྩིགས་པ་འདྲ།།འབོ་གངས་དཀར་མདའ་ལ་མཚོ་ཡིས་བསྐོར།།མཚོ་ཡག་མོ་ཡོན་ཆབ་ཕུལ་ཟིན་འདྲ།།ཞེས་པ་ལྟ་བུ་དང་།བླ་སྤྲུལ་སོགས་གདན་དྲངས་ཏེ་ཆོ་ག་སྒྲུབ་པའི་དུས་སུ་ལེན་པའི་གླུ་དེ་ལ་མགུར་གླུ་ཟེར་ཞིང་གཙོ་བོ་ཆོས་ལུགས་ཀྱི་ནང་དོན་མཚོན་པ་ཞིག་རེད།

7.jpg

        ཤར་མི་ཉག་རིང་མོར་གཞས་མོ་ཞེས་པ་ལ་ངག་རྟ་ཐུང་ཐུང་གཅིག་ཙམ་ལས་མེད་ཀྱང་ལ་གླུའམ་རྒྱང་འབོད་ལ་དབྱངས་རྟ་ཧ་ཅང་མང་པོ་ཡོད་པར་མ་ཟད་གྱ་གྱུར་བཞུར་བའི་ཆུ་ཕྲན་དང་ཀྱག་ཀྱོག་ཅན་གྱི་རི་ལམ་ལྟ་བུའི་འགྱུར་ཁུག་མང་ལ་ལྷོད་ཆགས་པའི་ཁྱད་ཆོས་ལྡན་པས་གླུ་དེ་དག་མཉན་ན་སྐབས་འགར་སེམས་པ་དགའ་ལྷང་ལྷང་དང་མཚམས་རེར་སྐྱོ་དུང་དུང་བྱེད།
        སྤྱིར་བོད་རིགས་ཀྱི་གླུ་བྲོ་ལ་འདྲ་སའི་ཆ་མང་ཡང་།བྱེ་བྲག་ཡུལ་སོ་སོའི་རི་ཆུ་དང་བཅས་པའི་ཁོར་ཡུག་མི་འདྲ་བའི་དབང་གིས་དམིགས་གསལ་གྱི་ཁྱད་ཆོས་ཀྱང་ཡོད་པ་ནི་མངོན་གསལ་རེད།མི་ཉག་ཡུལ་དུ་ལོ་སར་བའམ།གཉེན་ལམ་སྒྲིག་པ་དང་།ཁང་ལས་བྱས་ཏེ་དགའ་སྟོན་རྟེན་འབྲེལ་སྒྲིག་སྐབས།གླུ་ལེན་བྲོ་འཁྲབ་བྱེད་པ་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ།ལྟད་མོའི་འགོ་ནས་མཇུག་བར་ལ་གོ་རིམ་ལྡན་པ་བོད་མིའི་གུས་ལུགས་དང་མཐུན་པ་ཞིག་ཡིན།བྲོ་མ་འཁྲབ་གོང་ལ་བྲོ་རའི་དཀྱིལ་དུ་ཅོག་ཙེ་ཞིག་གི་ཐོག་ལ་བོད་ཆང་དང་ཨ་རག ཁ་བཏགས་དཀར་པོ་བཅས་བཞག དེ་ནས་ལོ་ན་རྒན་པ་ཞིག་གིས་སྐལ་བཟང་ཚེས་བཟང་ལ་བསྟོད་པའི་ཤིས་ཚིག་བརྗོད་པར་མ་ཟད་ཚང་མ་ལ་གླུ་ལེན་བྲོ་འཁྲབ་དགོས་པའི་རེ་བ་བཏོན་རྗེས་ཚང་མས་བོད་བྲོ་འཁྲབ་འགོ་ཚུགས། དེ་ཡང་། མི་ཉག་རོང་ཕྱོགས་ལ་ཆ་བཞག་ན་བྲོ་ལ་མཁས་པའི་མི་རྒན་ཞིག་གིས་ལོ་ཆུང་འགའ་ཁྲིད་དེ།ངག་རྟ་དལ་ཞིང་རིང་ལ་ནང་དོན་ནི་ཆང་ལ་བསྟོད་པའི་བྲོ་ཞིག་འཁྲབ། དེ་ལ་བྲོ་འགོ་ཕབ་ཅེས་པའམ། ཡང་ན་ཆང་གཞས་བཀྱགས་ཞེས་ཟེར། དཔེར་ན། ཡར་འགྲོ་འགྲོ་རྒྱ་གར་ཕྱོགས་ལ་འགྲོ། །རྒྱ་གར་ཕྱོགས་ལ་འགྲོ་ན་རམ་པ་ཆང་ཞིག་བཙོས་ཡོད།།གསོལ་ཆང་ཁ་ཡང་ཁ་ལ་དོམ་ནག་མཁྲིས་པ་འདྲ་བྱུང་།།གསོལ་ཆང་མངར་ཡང་མངར་ཞིང་འབུ་ཆུང་སྦྲང་རྩི་འདྲ་བྱུང་།།གསོལ་ཆང་གར་ཡག་གང་ཡག་བླ་མས་ཡར་ཡར་གསོལ་རོགས། །ཡར་འགྲོ་འགྲོ་རྒྱ་ནག་ཕྱོགས་ལ་འགྲོ།།རྒྱ་ནག་ཕྱོགས་ན་འགྲོ་ན་འབྲས་དཀར་ཆང་ཞིག་བཙོས་ཡོད།།གསོལ་ཆང་ཁ་ཡང་ཁ་ལ་དོམ་ནག་མཁྲིས་པ་འདྲ་བྱུང་།།གསོལ་ཆང་མངར་ཡང་མངར་ཞིང་འབུ་ཆུང་སྦྲང་རྩི་འདྲ་བྱུང་།།གསོལ་ཆང་གར་ཡག་གང་ཡག་དཔོན་པོས་ཡར་ཡར་གསོལ་རོགས།།ཡར་འགྲོ་འགྲོ་རང་ཡུལ་ཕྱོགས་ལ་འགྲོ།།རང་ཡུལ་ཕྱོགས་ལ་འགྲོ་ན་ནས་ནག་ཆང་ཞིག་བཙོས་ཡོད།།གསོལ་ཆང་ཁ་ཡང་ཁ་ལ་དོམ་ནག་མཁྲིས་པ་འདྲ་བྱུང་།།གསོལ་ཆང་མངར་ཡང་མངར་ཞིང་འབུ་ཆུང་སྦྲང་རྩི་འདྲ་བྱུང་།།གསོལ་ཆང་གར་ཡག་གང་ཡག་ཕ་མས་ཡར་ཡར་གསོལ་རོགས།།ཞེས་པ་ལྟ་བུ་དང་།དེ་ནས་རྫ་རིའི་མགོ་ལ་ཤྭ་བ་བརྒྱ་རེ་འཛོམས།།འཛོམས་པའི་དུས་ལ་འཛོམས་བྲོ་མ་འཁྲབ་ན། །སང་ཕར་ཕྱོགས་འགྲོ་ལམ་ཁ་ཁ་རེད།།བྲག་དཀར་སྟེང་ལ་རྒོད་དཀར་བརྒྱ་རེ་འཛོམས། །འཛོམས་པའི་དུས་ལ་འཛོམས་བྲོ་མ་འཁྲབ་ན།།རྒྱབ་གཤོག་སྒྲོ་ལྡིང་ལམ་ཁ་ཁ་རེད། །བྲོ་ར་ནང་ལ་མིང་སྲིང་བརྒྱ་རེ་འཛོམས།།འཛོམས་པའི་དུས་ལ་འཛོམས་བྲོ་མ་འཁྲབ་ན། །རང་མིང་སྲིང་ཕ་ཡུལ་ཁ་ཁ་རེད།།ཞེས་པ་ལྟ་བུའི་འཛོམས་བྲོ་དང་། བྲོ་ར་ཡག་མོ་གསེར་གྱི་བྲོ་ར་རེད། །གསེར་གྱི་བྲོ་ར་ནང་ལ་མེ་ཏོག་འཁྲུངས།།གསེར་གྱི་མེ་ཏོག་ཡེ་ཤེས་ལྷ་ལ་འབུལ། །བྲོ་ར་ཡག་མོ་དངུལ་གྱི་བྲོ་ར་རེད།།དངུལ་གྱི་བྲོ་ར་ནང་ལ་མེ་ཏོག་འཁྲུངས། །དངུལ་གྱི་མེ་ཏོག་གོང་གི་དཔོན་ལ་འབུལ། །བྲོ་ར་ཡག་མོ་གཡུ་ཡི་བྲོ་ར་རེད།།གཡུ་ཡི་བྲོ་ར་ནང་ལ་མེ་ཏོག་འཁྲུངས། །གཡུ་ཡི་མེ་ཏོག་དྲིན་ཆེན་ཕ་མར་འབུལ།།ཞེས་པ་ལྟ་བུའི་བསྟོད་བྲོ།

8.jpg

        དང་པོ་གནས་གཅིག་མ་ཆགས་དང་པོ་གནས་གཅིག་ཆགས་ཡོད།།དང་པོ་གནས་གཅིག་ཆགས་ས་གནས་ཆེན་དཔལ་ཡུལ་ལྷ་སྒང་།།ནང་ལ་ནོར་བུ་མ་བཞུགས་ནང་ལ་ནོར་བུ་བཞུགས་ཡོད།།ཇོ་བོ་མི་འགྲོ་གསུང་བྱོན་ནང་ལ་ནོར་བུ་བཞུགས་ཡོད། །ཕྱི་ལ་ལྕགས་རིས་མ་བསྐོར་ཕྱི་ལ་ལྕགས་རིས་བསྐོར་ཡོད།།མཆོད་རྟེན་བརྒྱ་དང་བཅུ་གསུམ་ཕྱི་ལ་ལྕགས་རིས་བསྐོར་ཡོད།།གཉིས་པ་གནས་གཅིག་མ་ཆགས་གཉིས་པ་གནས་གཅིག་ཆགས་ཡོད།།གཉིས་པ་གནས་གཅིག་ཆགས་ས་གནས་ཆེན་ཕོ་བྲང་ལྔ་བརྩེགས།།ནང་ལ་ནོར་བུ་མ་བཞུགས་ནང་ལ་ནོར་བུ་བཞུགས་ཡོད། །ཙན་དན་སྦྲུལ་གྱི་སྙིང་པོ་ནང་ལ་ནོར་བུ་བཞུགས་ཡོད།།ཕྱི་ལ་ལྕགས་རིས་མ་སྐོར་ཕྱི་ལ་ལྕགས་རིས་བསྐོར་ཡོད།།ཤིང་སྣ་བརྒྱ་དང་བཅུ་གསུམ་ཕྱི་ལ་ལྕགས་རིས་བསྐོར་ཡོད།།གསུམ་པ་གནས་གཅིག་མ་ཆགས་གསུམ་པ་གནས་གཅིག་ཆགས་ཡོད།།གསུམ་པ་གནས་གཅིག་ཆགས་ས་གནས་ཆེན་འབོ་ཡུལ་གངས་དཀར། །ནང་ལ་ནོར་བུ་མ་བཞུགས་ནང་ལ་ནོར་བུ་བཞུགསཡོད།།འཛམ་གླིང་སྲིད་པའི་དར་ལྕོག་ནང་ལ་ནོར་བུ་བཞུགས་ཡོད།།ཕྱི་ལ་ལྕགས་རི་མ་བསྐོར་ཕྱི་ལ་ལྕགས་རིས་བསྐོར་ཡོད།།གྲུབ་རྟགས་བརྒྱ་དང་རྩ་བརྒྱད་ཕྱི་ལ་ལྕགས་རིས་བསྐོར་ཡོད།། ཞེས་པ་ལྟ་བུའི་ཆོས་བྲོ།ལུང་པ་ཆུང་ཆུང་གསེར་གྱི་ལུང་པ་རེད།།གསེར་གྱི་མེ་ཏོག་སང་འགྲོ་གནངས་འགྲོ་རེད། །སང་འགྲོ་གནངས་འགྲོ་འགྲོ་ཐལ་མ་བསམ་རོགས།།རྐང་པའི་རི་མོ་མི་ཡུལ་ལུང་ལ་བཞག །རང་སེམས་བསམ་པ་རང་ཡུལ་ཕྱོགས་ལ་བཞག།ལུང་པ་ཆུང་ཆུང་དངུལ་གྱི་ལུང་པ་རེད།།དངུལ་གྱི་མེ་ཏོག་སང་འགྲོ་གནངས་འགྲོ་རེད།།སང་འགྲོ་གནངས་འགྲོ་འགྲོ་ཐལ་མ་བསམ་རོགས།།རྐང་པའི་རི་མོ་མི་ཡུལ་ལུང་ལ་བཞག།རང་སེམས་བསམ་པ་རང་ཡུལ་ཕྱོགས་ལ་བཞག།ལུང་པ་ཆུང་ཆུང་གཡུ་ཡི་ལུང་པ་རེད།།གཡུ་ཡི་མེ་ཏོག་སང་འགྲོ་གནངས་འགྲོ་རེད།།སང་འགྲོ་གནངས་འགྲོ་འགྲོ་ཐལ་མ་བསམ་རོགས།།རྐང་པའི་རི་མོ་མི་ཡུལ་ལུང་ལ་བཞག།རང་སེམས་བསམ་པ་རང་ཡུལ་ཕྱོགས་ལ་བཞག །དེའི་ལན་ལ། ལུང་པ་ཆུང་ཆུང་གསེར་གྱི་ལུང་པ་རེད།།གསེར་གྱི་མེ་ཏོག་སང་འགྲོ་གནངས་འགྲོ་རེད། །སང་འགྲོ་གནངས་འགྲོ་གང་ལ་འགྲོ་ན་ཡང་།།རྐང་པ་གར་བཞག་ས་ལ་བཀྲ་རེ་ཤིས།།བསམ་པ་གར་འཁོར་ཡུལ་ལ་དོན་རེ་འགྲུབ།།ལུང་པ་ཆུང་ཆུང་དངུལ་གྱི་ལུང་པ་རེད།།དངུལ་གྱི་མེ་ཏོག་སང་འགྲོ་གནངས་འགྲོ་རེད།།སང་འགྲོ་གནངས་འགྲོ་གང་ལ་འགྲོ་ན་ཡང་།།རྐང་པ་གར་བཞག་ས་ལ་བཀྲ་རེ་ཤིས།།བསམ་པ་གར་འཁོར་ཡུལ་ལ་དོན་རེ་འགྲུབ།། ལུང་པ་ཆུང་ཆུང་གཡུ་ཡི་ལུང་པ་རེད།།གཡུ་ཡི་མེ་ཏོག་སང་འགྲོ་གནངས་འགྲོ་རེད།།སང་འགྲོ་གནངས་འགྲོ་གང་ལ་འགྲོ་ན་ཡང་།།རྐང་པ་གར་བཞག་ས་ལ་བཀྲ་རེ་ཤིས།།བསམ་པ་གར་འཁོར་ཡུལ་ལ་དོན་རེ་འགྲུབ།། ཞེས་པ་ལྟ་བུའི་འགྲོ་བྲོ།དགུང་ཨ་སྔོན་སྐྱིད་པོ་རི་ལ་ཆགས།།གསེར་ཉི་ཟླ་བདེ་མོ་སྤང་ལ་མཛེས།།དཀར་ལྷོ་སྤྲིན་འཛོམསཔའི་སྨོན་ལམ་ཤོག།བྲག་དཀར་ཡག་སྐྱིད་པོ་རི་ལ་ཆགས།།རྒོད་ཐང་དཀར་བདེ་མོ་བྲག་ལ་མཛེས།།རྒྱབ་གཤོག་སྒྲོ་འཛོམས་པའི་སྨོན་ལམ་ཤོག།གྲོང་རྒྱ་གྲོང་སྐྱིད་པོ་རི་ལ་ཆགས།།དྲིན་ཕ་མ་བདེ་མོ་གྲོང་ལ་མཛེས།།ཚ་བུ་རྒྱུད་འཛོམས་པའི་སྨོན་ལམ་ཤོག།ཅེས་པ་ལྟ་བུའི་སྨོན་བྲོ།དགུང་ཨ་སྔོན་སྟེང་ལ་འཛོམས་གསུམ་སྣང་།།འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།བྲག་དཀར་ཡག་སྟེང་ལ་འཛོམས་གསུམ་སྣང་།།འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།གྲོང་རྒྱ་གྲོང་སྟེང་ལ་འཛོམས་གསུམ་སྣང་།།འཛོམས་རེ་རེ་སྐབས་སུ་མིང་རེ་བཏགས།།བཏགས་ཤེས་ན་མཁས་པའི་གྲས་ལ་བཞག།བཏགས་མ་ཤེས་རྩིག་ཁུག་ཉི་མ་ལྡེ།།དེའི་ལན་ནམ་དཀྲོལ་ཚིག་ནི་དགུང་ཨ་སྔོན་སྟེང་གི་འཛོམས་གསུམ་ནི།།གསེར་ཉི་མ་ཟླ་བ་ལྷོ་སྤྲིན་གསུམ།།དགུང་ཨ་སྔོན་སྟེང་གི་འཛོམས་གསུམ་རེད།།རྒོད་ཐང་དཀར་གླག་མོ་ཁྱུང་མོ་གསུམ།།བྲག་དཀར་ཡག་སྟེང་གི་འཛོམས་གསུམ་རེད།།དྲིན་ཕ་ལོ་མ་ལོ་བུ་རྒྱུད་གསུམ།།གྲོང་རྒྱ་གྲོང་སྟེང་གི་འཛོམས་གསུམ་རེད།།ཅེས་པ་ལྟ་བུའི་བྲོ་གཤགས་བཅས་ཡོད་ལ་བྲོ་ཚིག་དང་མཐུན་པའི་གོམ་གསུམ་རྡོག་བྲོ་སོགས་བག་ཆགས་ལ་ལྷོད་ཡངས་ཤིང་ལུས་ཀྱི་སྒེག་ཉམས་མངོན་པར་མཚོན་པའི་རྡོག་བྲོ་རྒྱག་སྟངས་མང་པོ་ཡོད།ལ་ལས་མི་ཉག་བོད་བྲོ་ནི་སྒུར་ནས་འཁྲབ་དགོས་པས་སྒུར་བྲོ་ཞེས་མིང་གསར་པ་ཞིག་བཏགས་འདུག་མོད།སྐོར་བྲོ་ཞེས་རྒྱ་ཡིག་ལས་ཚུར་བསྒྱུར་བ་དེ་ལ་ཡི་མ་རངས་པས་བཏགས་པ་འདྲ་སྟེ།དམངས་ཁྲོད་ཀྱི་བོད་བྲོ་ཡིན་ན་སྒུར་ནས་འཁྲབ་དགོས་པ་ལས་ལངས་ནས་འཁྲབ་སྲོལ་ཞིག་མེད།ཤར་མི་ཉག་རིང་མོར་སྐད་ངག་བདེ་ལ་གླུ་བྲོ་ལ་མཁས་པ་མང་པོ་ཡོད་ཀྱང་།དུས་ཀྱི་འགྱུར་བ་ནང་དམངས་ཁྲོད་ཀྱི་གླུ་བྲོའི་རིག་གནས་ཉམས་དམས་སུ་འགྲོ་བཞིན་ཡོད་པ་ནི་སེམས་ཕངས་པ་ཞིག་རེད།དེང་སང་གཉེན་ལམ་སྒྲིག་སྐབས་གླུ་བྲོ་ལ་མཁས་པ་འགའ་གླས་ཏེ་བོད་བྲོ་འཁྲབ་ཏུ་བཅུག་པ་ནི་སྔར་སྲོལ་རྒྱུན་འཛིན་གྱི་ཐབས་ཡག་ཤོས་ཤིག་རེད་།ཡིན་ན་ཡང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ན་ན་གཞོན་ཚོ་ནི་མེད་དུ་མི་རུང་བས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་སློབ་གྲྭ་ནང་སྒྱུ་རྩལ་དུས་ཆེན་སོགས་བཙུགས་ཏེ་སྲོལ་རྒྱུན་གྱི་གླུ་གར་རིག་གནས་འཁྲབ་སྟོན་དང་འགྲན་བསྡུར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད་སྙམ།

9.jpg

        བོད་ཀྱི་ཟློས་གར་ནི་མཐོ་སྒང་མི་རིགས་ཀྱི་གནའ་བོའི་སྲོལ་རྒྱུན་རིག་གནས་ནང་གི་ཕུལ་བྱུང་གི་སྒྱུ་རྩལ་ཞིག་ཡིན།དེ་ལ་ཁྱད་དུ་འཕགས་པའི་འཁྲབ་གཞུང་དང་འབུར་དུ་ཐོན་པའི་སྒྱུ་རྩལ་གྱི་རྣམ་པ་ཡོད་པར་མ་ཟད།མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་ཅིང་ཁྱད་མཚར་བའི་བློས་བསླངས་དང་ཡིད་དབང་འགུགས་པའི་གཏམ་རྒྱུད་ཀྱིས་བརྒྱན་ནས་ཡོད།བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ་བའི་ཨ་ཅེ་ལྷ་མོ་ཞེས་པ་ནི་གླུ་གར་གྱི་རྣམ་པ་ལ་བརྟེན་ནས་བརྗོད་བྱ་མཚོན་པར་བྱས་པའི་ཕྱོགས་བསྡུས་ཀྱི་རང་བཞིན་ལྡན་པའི་སྒྱུ་རྩལ་ཞིག་རེད། བཤད་སྒྲོས་སུ་དུས་རབས་བཅོ་ལྔ་པར་བཀའ་བརྒྱུད་པ་ཐང་སྟོང་རྒྱལ་པོ་བརྩོན་འགྲུས་བཟང་པོས་ཟམ་པ་བསྐྲུན་པར་ཞལ་འདེབས་བསླང་བའི་ཆེད་དུ་གསར་དུ་བཏོད་པས་ཐང་སྟོང་རྒྱལ་པོ་ནི་ཨ་ཅེ་ལྷ་མོའི་ཤིང་རྟའི་སྲོལ་འབྱེད་དུ་བཀུར།དེ་ནས་བཟུང་ཟློས་གར་འཁྲབ་སྲོལ་ལྷ་སའི་ས་ཁུལ་དུ་ཁྱབ་པར་མ་ཟད། རིམ་བཞིན་དུ་མདོ་ཁམས་ཕྱོགས་སུ་དར་ཞིང་རྒྱས། དེ་དང་ཆབས་ཅིག་ས་ཁུལ་སོ་སོའི་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་པར་གྱིས་ཁམས་པའི་ཟློས་གར་དང་ཨ་མདོའི་ཟློས་གར། རྒྱལ་རོང་གི་ཟློས་གར་བཅས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་དུ་ཐོན་ཏེ་མཐོ་སྒང་དུ་ཟློས་གར་གྱི་རྐང་འཐུང་ལྗོན་ཤིང་ལ་མེ་ཏོག་སྣ་ཚོགས་སྡུག་གུར་བཀྲ།

1.jpg

ཨ་ཅེ་ལྷ་མོ་འཁྲབ་ཚུལ།
        དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་ཟློས་གར་ལའང་འཕེལ་རྒྱས་སོང་བས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཁམས་མི་ཉག་གི་བོད་ཀྱི་ཟློས་གར་ཨ་ཅེ་ལྷ་མོ་ལ་དཔྱིད་ཀྱི་དཔལ་ཡོན་ཤར། དཔྱད་གཞིའི་ཡིག་ཆ་རུ་བཀོད་པ་ལྟར་ན།དུས་རབས་ཉི་ཤུ་པའི་དུས་འགོར་ཁམས་མི་ཉག་སྐྱིད་ལེགས་དགོན་པའི་མཆོག་སྤྲུལ་སྐུ་ཕྲེང་དང་པོ་སྐལ་བཟང་ཡོན་ཏན་ལགས་ཀྱིས་མི་ཉག་ལ་གླུའི་དབྱངས་རྟ་རྨང་གཞིར་བྱས་ཏེ་ཟློས་གར་གྱི་གཞས་གདངས་ཉི་ཤུ་ལྷག་ཙམ་གསར་དུ་བཏོད་པས་མ་ཚད་སྐུ་དངོས་ཀྱིས་འཁྲབ་གཞུང་བརྩམས་ཏེ་གར་གྱི་སྟངས་སྟབས་དང་རྔ་རྡུང་སྟངས།སྦུག་ཆལ་དཀྲོལ་ཐབས་བཅས་ཁྲིད་གནང་མཛད་པས་མི་ཉག་ཨ་ཅེ་ལྷ་མོ་ལ་ཐུན་མོང་གི་ཁྱད་ཆོས་འཛོམས་པའི་ཐོག་མི་ཉག་ས་ཁུལ་གྱི་དམངས་ཁྲོད་གླུ་གར་གྱི་བཟང་ཆ་ཡང་འདུས་ཏེ་གཞན་དང་མི་འདྲ་བར་རྣ་བའི་བདུད་རྩིར་གྱུར་ཞིང་ཡིད་ཀྱི་དབང་པོ་འཕྲོག་པའི་ཟློས་གར་ཞིག་ཏུ་ཆགས། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཨ་ཅེ་ལྷ་མོ་འཁྲབ་མཚམས་མི་འཇོག་ཀ་མེད་དུ་གྱུར་བས་འཁྲབ་གཞུང་དང་འཁྲབ་ཆས།རོལ་ཆ་སོགས་ལ་གཏོར་བརླག་ཆེན་མོ་ཐེབས།སྤྱི་ལོ་ཆིག་སྟོང་དགུ་བརྒྱ་དོན་དགུ་ལོར་གོང་རིམ་དབུ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་འཁྲབ་སྟོན་རུ་ཁག་བསྐྱར་གསོ་བྱས་ཏེ་བོད་ཀྱི་ཟློས་གར༼འགྲོ་བ་བཟང་མོ།༽དང༼ཆོས་རྒྱལ་ནོར་བཟང་།༽༼དྲི་མེད་ཀུན་ལྡན།༽བཅས་འཁྲབ་སྟོན་བྱས་པས་ཨ་ཅེ་ལྷ་མོ་ལ་སླར་ཡང་ཞོགས་པའི་ཉི་འོད་འཕྲོས་ཤིང་དཔྱིད་ཀྱི་སྦྲང་ཆར་གསོས་སུ་བབས།སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གཅིག་ལོར་ལོ་ན་གཞོན་པའི་འཁྲབ་སྟོན་པ་ཁག་ཅིག་གསོ་སྐྱོང་བྱས་ཏེ་ཟློས་གར་པ་དང་མདོ་འཛིན་པ།རོལ་མོ་བ། ཆས་གཞུག་པ།བཞད་གད་པ་བཅས་ཟློས་གར་གྱི་ཡན་ལག་ལྔ་ཅི་འཇོན་གང་ཐུབ་ཀྱིས་འཐུས་ཚང་དུ་བཏང་རྗེས་མི་ཉག་གི་དམངས་ཁྲོད་དུ་རླུང་ལྟར་གྲགས་པའི༼ཁྱུང་ཟླ་དང་བུ་ཆུང་།༽ཞེས་པའི་གཏམ་རྒྱུད་དེ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ནས་འཁྲབ་སྟོན་མཛད།འཁྲབ་སྟོན་དེའི་གར་སྟེགས་ཀྱི་རྒྱབ་ལྗོངས་ནི་འཁྲབ་གཞུང་གི་བརྗོད་དོན་དང་མཐུན་ལ་འཁྲབ་མཁན་གྱི་བརྗོད་གཏམ་དང་གཞས་གདངས་བཅས་སྙན་ཞིང་འཇེབས་ལ་གོ་བདེ་བ་དང་།གར་གྱི་སྟབས་སྟབས་ལ་མི་ཉག་བོད་བྲོའི་ཁྱད་ཆོས་ལྡན་པས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་ཡིད་དབང་འཕྲོགསྤྱི་ལོ་ཆིག་སྟོང་དགུ་བརྒྱ་གྱ་བཞི་ལོར་དམངས་ཁྲོད་ཀྱི་གཏམ་རྒྱུད་གཞིར་བཟུང་ནས༼ཉི་མ་དང་ཟླ་བ།༽ཞེས་པ་གསར་སྒྲིག་བྱས་རྗེས་མུ་མཐུད་དེ་ལོ་རྒྱུས་ཀྱི་འཁྲབ་གཞུང༼ཐང་སྟོང་རྒྱལ་པོ།༽ཞེས་པའང་གསར་དུ་བསྒྲིགས་ཏེ་འཁྲབ་སྟོན་བྱས་པས་ཨ་ཅེ་ལྷ་མོ་ཞེས་གནམ་ལ་འབྲུག་གྲག་པ་ལྟར་ཕྱོགས་བཞི་རུ་ཁྱབ་ཅིང་ས་ལ་མེ་ཏོག་བཞད་པ་ནང་བཞིན་མིག་ལམ་དུ་མཛེས་པས་དད་ལྡན་མི་ཉག་པ་རྣམས་ཀྱིས་བསྟོད་པའི་ཁ་དར་དཀར་པོ་གནམ་ལ་ཕྱར་ཞིང་མཆོད་པའི་མེ་ཏོག་སེར་པོ་དགུང་ལ་གཏོར། མི་ཉག་པ་ནི་གླུ་ལ་མཁས་ཤིང་གར་ལ་བྱང་བ་དང་གླུ་ལེན་དུས་ངག་གི་འགྱུར་ཁུག་མང་ལ་སྐད་གསང་མཐོ་བས་ནམ་མཁའི་སྤྲིན་དཀར་གཏོར་ལ་ཆུ་བོའི་ཉ་མོ་དཀྲོགས་པ་ལྟ་བུའི་ངོ་མཚར་ཆེ།ཁམས་མི་ཉག་ཏུ་དར་བའི་ཨ་ཅེ་ལྷ་མོ་ཞེས་ཕྱི་ནང་ཀུན་ལ་སྙན་པའི་གྲགས་པ་འབར་བའི་རྒྱུ་མཚན་ནི།དེ་ནི་སྙན་ངག་དང་རོལ་མོ།གླུ་གར་བཅས་ཕྱོགས་གཅིག་ཏུ་འདུས་པའི་སྒྱུ་རྩལ་ཞིག་ཡིན་པ་དང་།སྐྱེས་པ་རྣམས་ཀྱི་རྔམ་བརྗིད་ཆེ་བའི་གོམ་སྟབས་དང་བུད་མེད་རྣམས་ཀྱི་བབ་ཆགས་ཡིད་དུ་འོང་བའི་སྒེག་ཉམས།སྙན་ཞིང་འཇེབས་པའི་གཞས་གདངས་དང་གསོན་ཉམས་དོད་པའི་གཏམ་རྒྱུད་ཀྱིས་ཆུ་རྒྱུན་ལྟ་བུའི་ཡུན་རིང་གི་ལོ་རྒྱུས་དང་།རྣམ་པར་བཀྲ་བའི་ཡུལ་སྲོལ་གོམས་གཤིས་བཅས་རྒན་དར་གཞོན་གསུམ་རྣམས་ཀྱི་མིག་ལམ་དུ་གསལ་པོར་སྟོན་པས་དེ་ནི་ཤར་མི་ཉག་རིང་མོའི་གཡུ་ཡི་མེ་ལོང་ལྟ་བུ་ཞིག་ཡིན་ནོ།།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།