༄༅། །སྐབས་གསུམ་པ་བཞུགས་སོ། །

释迦牟尼1.jpg

༄༅། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་པ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ལ་བསྟོད་པ་བྱིན་རླབས་ཉེར་འཇུག་ཅེས་བྱ་བ་བཞུགས་སོ། །

༄༅། །སྐབས་གསུམ་པ་དང་དབང་བོའི་དགྲ། །དྲི་ཟ་གདེངས་ཅན་གྲུབ་པའི་གཙོ། །ཀུན་གྱི་གཙུག་རྒྱན་ནོར་བུ་ཡིས། །གང་གི་ཞབས་པད་མཛེས་བྱས་པ། །གསེར་འོད་འཁྱུག་པའི་དཔལ་གྱིས་བརྗིད་པའི་སྐུ། །དྲི་ཟའི་དབྱངས་ཀྱིས་བསྒྲུན་དུ་མེད་པའི་གསུང་། །ཉི་མ་བྱེ་བའི་མདངས་ལས་གསལ་བའི་ཐུགས། །མཐའ་ཡས་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །དག་པའི་མཁའ་ལ་ཤར་བའི་གཟའ་སྐར་རྣམས། །ཆུ་གཏེར་དབུས་ན་ཡོངས་སུ་གསལ་བ་བཞིན། །དང་བའི་ཡིད་མཚོར་ཁྱོད་ཀྱི་ཡོན་ཏན་གྱི། །གཟུགས་བརྙན་མ་འདྲེས་གསལ་བར་རབ་བཀོད་ནས། །ཟླ་ཟེར་ཕོག་པའི་ཆུ་སྐྱེས་གཞོན་ནུ་བཞིན། །ལག་པའི་སོར་མོ་སྙིང་གའི་ངོས་སུ་ཟུམ། །རྩེ་གཅིག་ཡིད་ཀྱིས་ཁྱོད་སྐུར་མངོན་ཕྱོགས་ཏེ། །ཅུང་ཟད་བསྟོད་ལ་ཐུགས་རྗེ་ཅན་ཁྱོད་དགོངས། །སྐར་མའི་ཚོགས་ཀྱིས་མཁའ་ལ་ཟླ་བ་བཞིན། །རྒྱལ་སྲས་དཔའ་བོ་རྣམས་ཀྱིས་ཀུན་ནས་བསྐོར། །བ་ལང་ཁྱུ་ཡི་ཐོག་མར་ཁྱུ་མཆོག་བཞིན། །དགྲ་བཅོམ་འཁོར་གྱི་ཚོགས་ཀྱིས་མདུན་དུ་བདར། །ནམ་མཁའི་ཁྱོན་ཀུན་འགེངས་པའི་འོད་ཟེར་གྱི། །དྲ་བ་སྟོང་གིས་ཡོངས་སུ་དཀྲིགས་པའི་སྐུ། །ནམ་མཁའི་ལམ་ནས་ཆོ་འཕྲུལ་དུ་མ་ཡིས། །ངང་བའི་རྒྱལ་པོ་བཞིན་དུ་ལྡིང་ཞིང་གཤེགས། །དེ་ཚེ་རིང་ནས་བསྐྲུན་པའི་བཟང་བོའི་ལས། །ཡོངས་སུ་སད་པའི་ལྷ་མི་སྟོང་ཕྲག་བརྒྱ། །ཁྱོད་ཞལ་མཐོང་བའི་མོད་ལ་མི་བསྲུན་ཡིད། །ཉེས་བརྒྱའི་འཆིང་བ་ཀུན་ནས་ལྷོད་པར་གྱུར། །དཔའ་བོ་ཁྱོད་ཀྱིས་བྱང་ཆུབ་ཤིང་དྲུང་དུ། །མཁྱེན་བརྩེའི་དཔུང་གིས་ཡིད་སྲུབས་བདག་པོའི་སྡེ། །མ་ལུས་ཟིལ་གྱིས་གནོན་པར་མཛད་པ་ནི། །དྲག་པོའི་རླུང་དང་ཉེ་བའི་སྤྲིན་ནག་བཞིན། །མདའ་མཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་པུས་བྱེ་བའི་བདུད། །མ་ལུས་ཕམ་མཛད་གཡུལ་གྱི་ལས། །ཁྱོད་ལས་གཞན་པ་སུ་ཡིས་ཤེས། །དེ་ལྟར་ཁྱོད་ཀྱི་བྱམས་པའི་མེས། །འདོད་ལྷའི་སྙིང་ནི་རབ་གདུངས་ཀྱང་། །བརྩེ་བའི་གཏེར་ཁྱོད་ལུས་ཅན་ལ། །རིས་སུ་ཆད་པར་གྱུར་པ་མེད། །ཁྱོད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང་། །འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་ལ་ངལ་མ་གྱུར། །རྒྱ་མཚོའི་ཀློང་ལྟར་རབ་ཏུ་ཟབ་པའི་ཐུགས། །ལྷ་ཡི་རྔ་བཞིན་ལེགས་པར་འདོམས་པའི་གསུང་། །ལྷུན་པོའི་སྤོ་ལྟར་མངོན་པར་འཕགས་པའི་སྐུ། །མཐོང་ཐོས་དྲན་པས་དོན་ལྡན་མཛད་པ་ཁྱོད། །འཇིག་རྟེན་ཀུན་གྱི་སེམས་ཅན་ཐམས་ཅད་ཀྱིས། །དུས་གཅིག་ཉིད་དུ་ཐེ་ཚོམ་དོན་ཞུས་ཀྱང་། །དེ་དག་རེ་རེའི་མདུན་དུའང་དེ་སྙེད་ཀྱི། །སྐུ་དང་གསུང་གི་བཀོད་པ་དུས་གཅིག་ཏུ། །མཛད་པ་མཛད་ཀྱང་རྟོག་པ་ཉེར་ཞི་བ། །ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས། །ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་བོ་སོགས་ཀྱིས་སྨོས་ཅི་འཚལ། །མཁའ་ལྡིང་དབང་བོ་མཁའ་ལ་བགྲོད་བགྲོད་ནས། །ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི། །ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན། །ཁྱོད་ཀྱི་ཡོན་ཏན་བརྗོད་པའང་དེ་ལྟར་ལགས། །གཤོག་རྩལ་རབ་ཏུ་རྫོགས་པའི་མཁའ་ལྡིང་གིས། །བགྲོད་པའི་ལམ་དུ་བྱེའུས་རྩོལ་བ་ལྟར། །སྟོབས་བཅུ་མངའ་བ་གང་དུ་གཤེགས་པ་ཡི། །ལམ་མཆོག་དེར་ནི་འཇུག་པར་འདོད་པ་བདག །གནས་ལུགས་དོན་ལ་ལྟ་བའི་བློ་མིག་ཉམས། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་འབྱོར་བས་དབུལ། །སྟོབས་ལྡན་ཉོན་མོངས་དགྲ་བོས་རྒྱུན་དུ་གཙེས། །བདག་འཛིན་གཅོང་རོང་ཟབ་མོའི་སྦུབས་སུ་ལྷུང་། །འདི་འདྲའི་ཉམ་ཐག་གནས་སུ་གྱུར་ལགས་པ། །བརྩེ་ཆེན་ཁྱེད་ཀྱིས་ཡལ་བར་འདོར་ལགས་ན། །དམན་པ་རྣམས་ལ་ཆེས་ཆེར་བརྩེ་བའི་མགོན། །ཁྱོད་ལས་གཞན་པ་གང་ལ་སྐྱབས་སུ་གཟུང་། །སྙིགས་མ་ལྔ་ཡིས་ཧ་ཅང་སྦགས་པ་ཡི། །ཞིང་འདི་གཞན་གྱིས་སྤངས་དུས་མགོན་ཁྱོད་ཀྱིས། །ཡོངས་སུ་བཟུང་སྟེ་རྒྱལ་བ་སྲས་བཅས་ཀྱིས། །པད་དཀར་ལྟ་བུར་བསྔགས་པའི་དགོས་པའང་ཅི། །འོན་ཀྱང་ཁྱོད་ཀྱི་འཕྲིན་ལས་གདུལ་བྱ་ལ། །མ་བརྟགས་བཏང་སྙོམས་ཅུང་ཟད་མི་མངའ་བས། །སྐལ་ངན་བདག་གི་ཉེས་པ་ཁོ་ནར་ཟད། །དེ་ཕྱིར་ཁྱོད་ལ་སྐྱོན་གྱི་སྐབས་མེད་པས། །དེང་ནས་བྱང་ཆུབ་སྙིང་བོར་བདུད་སྡེ་ལས། །ཇི་སྲིད་རྒྱལ་བར་མ་གྱུར་དེ་སྲིད་དུ། །སྐྱེ་ཞིང་སྐྱེ་བར་ཁྱོད་ཀྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་ངོམས་པ་མེད་པར་ཤོག །

ཅེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་པ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཤཱཀྱ་ཐུབ་པ་ལ་བསྟོད་པ་བྱིན་རླབས་ཉེར་འཇུག་ཅེས་བྱ་བ་འདི་ནི། སྡེ་སྣོད་འཛིན་པ་འཇམ་དཔལ་རྒྱ་མཚོ་ཞེས་བྱ་བ་རང་གི་སློབ་མས་གསོལ་བ་བཏབ་པའི་དོན་དུ་མང་དུ་ཐོས་པའི་རྒྱལ་ཁམས་པ ༧ བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་བོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་བྷ་དྲ་པཱ་ལའོ།།


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།