འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྩ་བའི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ལོ་འཁོར་དྲུག་བརྒྱ་དང་སོ་གཉིས་འཁོར་བའི་རྗེས་དྲན་ཞུ་འབུལ།

152.jpg

སྒར་བ་ངག་དབང་བཟང་བོ་ནི། ༡༩༦༧ལོར་མདོ་སྨད་པུས་མདོར་ས་སྐྱ་འཁོན་གྱི་རིགས་སུ་སྐུ་འཁྲུངས། ༡༩༨༡ལོར་པུས་མདོ་དགོན་པར་རབ་ཏུ་བྱུང་ཞིང་ནང་བསྟན་གྱི་གཞུང་ལ་སློབ་གཉེར་བྱས།  ༡༩༨༨ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བས་པུས་མདོ་དགོན་ཆེན་གྱི་གདན་ས་བ་སྒར་རབས་ཉེར་དྲུག་པར་ངོས་འཛིན་གནང་།  སྔ་རྗེས་སུ་དབུས་གཙང་གི་འབྲས་སྤུངས་དགོན་པ་དང་། བཀྲ་ཤིས་ལྷུན་པོ། ས་སྐྱ་དགོན་པ། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་མདོ་སྔགས་ཀྱི་གཞུང་མང་བོར་སློབ་གཉེར་རྡོ་རུས་ཐུག་པ་གནང་།  ༡༩༩༥ལོར་པེ་ཅིན་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས་ནས་བོད་ཀྱི་གྲུབ་མཐའ་སོ་སོའི་གཞུང་ལ་སྦྱངས་བརྩོན་བྱས། དེ་ནས་སླར་རང་དགོན་དུ་སླེབས་ནས་མགོན་ཁང་དང་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་ཁང་། པཎ་ཆེན་ཚད་མའི་སློབ་གླིང་། ཡ་ཙི་རྫོང་བོད་སྨན་ཁང་།  ཟི་ལིང་ཙོང་ཁ་དགོན། འཛམ་གླིང་བཀྲ་ཤིས་སྒོ་མང་མཆོད་རྟེན་སོགས་བཞེངས། ད་ལྟ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོའི་གཏན་ཚིགས་རིག་པ་ཚད་མའི་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན།  མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།   པུས་མདོན་དགོན་པའི་གདན་ས་བ། ཟི་ལིང་ཙོང་ཁ་དགོན་པའི་དགོན་བདག མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ།  པཎ་ཆེན་ཚད་མའི་སློབ་གླིང་གི་སློབ་གཙོ་བཅས་ཀྱི་འགན་བཞེས་ཀྱི་ཡོད།


འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྩ་བའི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་ལོ་འཁོར་དྲུག་བརྒྱ་དང་སོ་གཉིས་འཁོར་བའི་རྗེས་དྲན་ཞུ་འབུལ།

སྒར་བ་ངག་དབང་བཟང་པོ།

གུས་པར་འོས་པའི་བླ་མ་དགེ་བའི་བཤེས་གཉེན་རྣམ་པ་དང་མཁས་བའི་དབང་པོ་རྣམ་པ། ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་རྣམ་པ།

ཁྱེད་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ།

ཐོག་མར་ངས་འདི་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྩ་བའི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་ངོ་དྲུག་བརྒྱ་དང་སོ་གཉིས་འཁོར་བའི་རྗེས་དྲན་ཚོགས་འདུ་གཙོ་སྒྲུབ་གནང་མཁན་བྱ་ཁྱུང་དགོན་པའི་ལུང་རྟོགས་ཡོན་ཏན་གྱི་མངའ་བདག་དགེ་བཤེས་སྤྲུལ་བའི་སྐུ་རིན་པོ་ཆེ་དང་མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

དེ་རིང་ངས་འདིར་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཐོག་མའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་རྣམ་ཐར་དང་འབྲེལ་བའི་སྒོ་ནས་རྗེས་དྲན་བྱེད་པ་ལ་རྣམ་པར་ཐར་བ་མདོར་བསྟན་པ་དང་། བྱེ་བྲག་ཏུ་འཁྲུངས་ཡུལ་དང་རིགས་རུས་ཆོས་བརྒྱུད་སོགས་ལ་དཔྱད་པ་གཉིས་ཡོད་པ་ལས།

དང་པོ། རྣམ་པར་ཐར་བ་མདོར་བསྟན་པ།

  ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རྩ་བའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གང་དུ་འཁྲུངས་པའི་གནས་ནི།  བོད་ཡུལ་ཆོལ་ཁ་གསུམ་གྱི་ནང་ཚན། མདོ་སྨད་པུས་མདོར་ས་སྐྱ་འཁོན་གྱི་རིགས་ལས་མཆེད་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུའི་གཅུང་པོ་དཔོན་ཆེན་ཡེ་ཤེས་འབྱུང་གནས་ཀྱི་སྐུ་རྒྱུད་དུ་སྤྱི་ལོ་༡༣༠༩ལོར་སྐུ་འཁྲུངས་ཤིང་། སྐུ་ཆུང་བའི་དུས་ནས་ཆོས་ཀྱི་བག་ཆགས་མངོན་པར་སད་དེ་ཏི་ཤྲི་རིན་ཆེན་ཆོས་རྗེ་ཤེས་རབ་རྒྱལ་མཚན་(བླ་མ་བཀའ་བཞི་བ)གྱིས་སྤྱི་ལོ་༡༢༧༢ལོར་ཕྱག་བཏབ་པའི་པུས་མདོ་དགོན་ཆེན་དུ་རབ་ཏུ་བྱུང་ཞིང་སློབ་གཉེར་མཛད། 

139.jpg

རབ་ཏུ་བྱུང་བའི་གནས་པུས་མདོ་དགོན་ཆེན།

སྐུ་ཆུང་ངུའི་དུས་ནས་རྡོ་ཐོག་ལ་ཞབས་རྗེས་བཞག་པ་ལ་སོགས་གྲུབ་པའི་རྟགས་མཚན་མང་དུ་མཛད།  དེ་ནས་སྐུ་ན་ཡར་སོན་པ་ན་པུས་མདོ་དགོན་ཆེན་གྱི་དགེ་འདུན་པ་རྣམས་དབུས་གཙང་དང་ས་སྐྱར་སློབ་གཉེར་ལ་འབྱོན་སྲོལ་ཡོད་པ་ལྟར། དབུས་སུ་བྱོན་ནས་སྙེ་ཐང་པ་བཀྲ་ཤིས་སེང་གེ་སོགས་བླ་མ་མང་བོའི་མདུན་ནས་ཕར་ཕྱིན་དང་བྱམས་ཆོས་སོགས་ལ་མཁས་པར་བསླབས།

140.jpg

ས་སྐྱ་དགོན་གྱི་དགའ་ལྡན་བླ་བྲང་།

སྣར་ཐང་དུ་ལྡོང་སྟོན་རིགས་པའི་སེང་གེ་ལས་ཚད་མ་རྣམ་ངེས་ལ་གསན་སྦྱོང་མཛད། དེ་ནས་ས་སྐྱར་ཕེབས་ནས་དགའ་ལྡན་བླ་བྲང་དུ་བཞུགས་ཤིང་། ས་སྐྱ་གོང་མ་ནམ་མཁའ་ལེགས་པའི་རྒྱལ་མཚན་མདུན་ནས་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་ཁྱད་པར་དུ་ས་སྐྱ་བའི་ཟབ་ཆོས་ཐུན་མོང་མ་ཡིན་པ་ཀྱེེ་རྡོ་རྗེ་རྩ་བའི་རྒྱུད་བརྟག་གཉིས་དང་ལམ་འབྲས། གསེར་ཆོས་དང་དཔལ་གུར་གྱི་མགོན་པོའི་ཕྱི་ནང་གསང་གསུམ་གྱི་མན་ངག་མཐའ་དག་བདག་གིར་བཞེས། ས་སྐྱའི་གདན་ས་གཉིས་པ་ཞ་ལུར་བྱོན་ནས་གྲྭ་སྐོར་མཛད་པར། བུ་སྟོན་རིན་པོ་ཆེ་གདན་སར་བཞུགས་པ་ལ་ཚོགས་དབུས་སུ་བགྲོ་གླེང་མཛད་ནས་རྩོད་པའི་ཟླ་ཐམས་ཅད་ལས་རྣམ་པར་རྒྱལ་བས་ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་མཁས་པའི་གྲགས་པ་དབུས་གཙང་དག་པའི་ཞིང་དུ་ཁྱབ།  དེའི་རྗེས་སུ་རོང་གི་བླ་མ་ཡེ་ཤེས་དཔལ་བའི་མདུན་ནས་འཇིགས་བྱེད་ཀྱི་དབང་དང་གཤིན་རྗེ་གཤེད་ཀྱི་ཆོས་སྐོར་རྗོགས་པར་གསན།

141.jpg

ས་སྐྱའི་གདན་ས་གཉིས་པ་ཞ་ལུ་དགོན།

142.jpg

མཆིམས་བློ་བཟང་གྲགས་པའི་གདན་ས་སྣར་ཐང་དགོན་པ།

སྣར་ཐང་མཁན་པོ་མཆིམས་བློ་བཟང་གྲགས་པའི་དྲུང་དུ་མདོ་སྔགས་ཀྱི་ཆོས་མང་པོ་གསན་པའི་སྐབས་ཤིག བླ་མས་ཞལ་ནས་ཁྱེད་ཀྱི་གནས་དང་གདུལ་བྱ་མདོ་སྨད་དུ་ཡོད། ཁྱད་པར་དུ་ཤ་སྦྲང་དང་བྱ་ཁྱུང་ཟེར་བའི་གནས་གཉིས་སུ་དགོན་པ་ཐོབ་ལ། བཤད་སྒྲུབ་གང་འཕེལ་གྱིས། སྒོས་སུ་བྱ་ཁྱུང་དུ་སྒྲུབ་པ་མཛོད། དེའི་དུས་ཁྱེད་ལ་སློབ་མ་མཁས་གྲུབ་མང་པོ་འོང་བའི་ནང་ན་འགྲན་ཟླ་དང་བྲལ་བ་གཅིག་འབྱུང་ལ། དེའི་རབ་ཏུ་བྱུང་བའི་མིང་ལ་བློ་བཟང་གྲགས་པ་ཞེས་ངའི་མིང་འདི་ཐོགས་ལ་བསྟན་པ་ལ་ཕན་ཐོགས་ཁྱད་པར་འབྱུང་ཞེས་ལུང་བསྟན། དེ་ནས་མདོ་སྨད་དུ་ཕེབས་ནས་པུས་མདོ་དགོན་པའི་གདན་སར་བཞུགས་ཏེ་དགོན་པའི་བྱང་ཕྱོགས་སུ་བྱང་ཆུབ་མཆོད་རྟེན་བཞེངས། མདོ་སྔགས་ཀྱི་ཆོས་སྤྱི་དང་ཁྱད་པར་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་ཐོག་མར་སྤེལ། འཕགས་པ་ཤིང་ཀུན་གྱི་གདན་སའི་མཁན་པོ་མཛད་དེ་མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།

དེ་ནས་ཆོས་རྗེ་མཆོག་གིས་བླ་མའི་ལུང་བསྟན་བཞིན། མདོ་སྨད་ཀྱི་ཡུལ་གྲུ་ཀུན་ཏུ་ཤ་སྦྲང་དང་བྱ་ཁྱུང་གི་གནས་འཚོལ་བར་ཕེབས་ཤིང་། ཐོག་མར་རེབ་གོང་བརྒྱུད་ནས་ཤ་སྦྲང་གི་གནས་རྙེད་དེ་བྱམས་ཆོས་དང་བརྟག་གཉིས་སོགས་ཀྱི་བཤད་པ་གནང་ནས་དགོན་པའི་གཞི་བཏིངས།  དགུ་རོང་བརྒྱུད་དེ་སྣང་རར་ཕེབས་ནས་སྣང་རའི་གསེར་ཁང་བཞེངས། དེ་ནས་དགུང་ལོ་ཞེ་གཅིག་པ་སྤྱི་ལོ་༡༣༤༩ལོར་བྱ་ཁྱུང་གི་གནས་རྙེད་དེ་དགོན་པའི་གཞི་བཏིངས། དགེ་འདུན་པ་སུམ་བརྒྱ་ལྷག་འདུས་པ་ལ་ཕར་ཚད་དང་བྱམས་ཆོས། སྤྱོད་འཇུག་དང་བརྟག་གཉིས་སོགས་ཀྱི་བཤད་པ་རྒྱ་ཆེར་གནང་། ཡི་དམ་རྡོ་རྗེ་འཇིགས་བྱེད་དང་དཔལ་གུར་གྱི་མགོན་པོ་ནང་བཞུགས་ཀྱི་མགོན་ཁང་སོགས་བཞེངས།

དེ་ནས་སྐལ་ལྡན་གྱི་གདུལ་བྱ་འཚོལ་བར་སྐུ་འབུམ་ཕྱོགས་སུ་ཕེབས་ནས་ཆུ་དཀར་རི་ཁྲོད་དུ་བཞུགས་པའི་སྐབས་ཤིག་ལ། རྗེ་རིན་པོ་ཆེའི་ཡབ་ཡུམ་གཉིས་ཀྱིས་ཆོས་རྗེ་མཆོག་གདན་དྲངས་ནས་བཀུར་སྟི་མཛད་ཅིང་། ཆོས་རྗེ་མཆོག་གིས་ཀྱང་གནང་སྦྱིན་མང་དུ་བསྩལ་ནས་ཁྱེད་ཀྱི་བུ་འདི་ང་ལ་ཕུལ་ཅིག་ཅེས་གསུངས་པ་བཞིན་དགའ་སྤྲོ་དང་བཅས་ཏེ་འབུལ་བར་ཁས་བླངས། དགུང་ལོ་གསུམ་གྱི་སྟེང་ཀརྨ་རོལ་བའི་རྡོ་རྗེ་དྲུང་དུ་དགེ་བསྙེན་བསྒྲུབས་ཏེ་བྱ་ཁྱུང་དུ་གདན་དྲངས་ནས་ཡི་གེ་འབྲི་ཀློག་སོགས་བསླབས། དགུང་ལོ་བདུན་གྱི་སྟེང་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་ཞིང་། འཇམ་དབྱངས་དང་ཕྱག་རྡོར། ཀྱེེ་རྡོར་དང་འཇིགས་བྱེད་སོགས་ཀྱི་དབང་དང་རྗེས་གནང་མང་པོར་གནང་སྟེ་རྡོ་རྗེ་ཐེག་པའི་སྒོར་སྨིན་པར་མཛད། དགུང་ལོ་བཅུ་དྲུག་སྟེང་ཞལ་གདམས་མང་པོ་གནང་ནས་དབུས་གཙང་དག་པའི་ཞིང་དུ་སློབ་གཉེར་ལ་མངགས་ཏེ། དབུས་གཙང་བརྒྱུད་ནས་ས་སྐྱར་སློབ་གཉེར་ལ་ཕེབས་སྐབས་ཆོས་རྗེ་དོན་རིན་པའི་བཞུགས་སའི་དགའ་ལྡན་བླ་བྲང་དུ་བཞུགས་ནས། བླ་མ་དམ་པ་དང་རྗེ་བཙུན་རེད་འདའ་བ་སོགས་བླ་མ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཡོངས་སུ་རྫོགས་པ་བདག་གིར་བཞེས་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ཅིང་། ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་སྟོད་མངའ་རིས་ནས་ཤར་རྒྱ་མཚོ་ལ་ཐུག་པའི་བར་དུ་དར་ཞིང་རྒྱས་པར་མཛད་པ་ནི་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན་ནོ། །

གཉིས་པ། བྱེ་བྲག་ཏུ་འཁྲུངས་ཡུལ་དང་རིགས་རུས་ཆོས་བརྒྱུད་སོགས་ལ་དཔྱད་པ།

ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་འཁྲུངས་ཡུལ་ལ་སྣང་ར་དང་ཤ་སྦྲང་། དོར་ཉིན། པུས་མདོ་སོགས་མཁས་པ་སོ་སོའི་བཞེད་ཚུལ་དང་ཡུལ་ཕྱོགས་སོ་སོའི་བཤད་ཚུལ་མི་འདྲ་བ་ཡོད་མོད།  འདིར་བདག་གིས་པུས་མདོ་ནས་འཁྲུངས་པའི་སྐོར་ལ་ལུང་དང་རིགས་པའི་སྒྲུབ་བྱེད་འགའ་བཀོད་ན། ཁོང་གི་འཁྲུངས་ཡུལ་ལ་མཁས་གྲུབ་ཐམས་ཅད་མཁྱེན་པས་མདོ་ཁམས་སྨད་ཡིན་ཞེས་གསུངས་པ་ཙམ་ལས་གསལ་བོར་གསུངས་མེད་ཅིང་། ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གི་རྣམ་སྤྲུལ་བྱ་ཁྱུང་དགོན་པའི་དགོན་བདག་ཆུ་བཟང་རིན་པོ་ཆེའི་སྐུ་ཕྲེང་གསུམ་པ་ངག་དབང་ཐུབ་བསྟན་དབང་ཕྱུག་མཆོག་གིས་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་གིས་འཁྲུངས་ཡུལ་དང་རིགས་རུས་ནི་ས་སྐྱ་ཡིན་ཞེས་པ་དང་། ས་སྐྱ་ནས་མཆེད་པའི་རེབ་གོང་གི་ཡུལ་ཡིན་ཟེར་བའི་བཤད་ཡམས་མཆན་བུར་བཀོད་ནས་རང་ལུགས་ལ་རྨ་ཆུའི་ལྷོ་ངོས་རེབ་གོང་གི་ཆར་འཁྲུངས་ཞེས་གསུངས་པ་ལྟར། ཁོང་གིས་གཅིག་ནས་ས་སྐྱ་ནས་མཆེད་པའི་རིགས་རུས་ཡིན་པ་དང་། གཉིས་ནས་རང་ལུགས་ལ་རྨ་ཆུའི་ལྷོ་ངོས་རེབ་གོང་གི་ཆར་འཁྲུངས་ཞེས་གསལ་བོར་གསུངས་ཡོད། 143.jpg

གཞོན་ནུ་དུས་སུ་གྲུབ་པའི་རྟགས་མཚན་རྡོ་སྟེང་དུ་བཞག་པའི་ཞབས་རྗེས།

སྐུ་ཆུང་ངུའི་དུས་སུ་པུས་མདོ་དགོན་པར་གྲུབ་པའི་རྟགས་མཚན་མངོན་པར་ཕྱུང་ནས་རྡོ་ཐོག་ཏུ་ཞབས་རྗེས་བཞག་པ་ད་ལྟ་པུས་མདོ་དགོན་ཆེན་གྱི་འདུ་ཁང་གི་རྟེན་གྲལ་དུ་ཡོད་པ་གཡེར་གཤོང་ཆོས་པ་རིན་པོ་ཆེས་པར་དུ་བསྐྲུན་པའི་པུས་མདོ་དགོན་ཆེན་གྱི་གདན་རབས་ཤོག་ངོས་༧༩ནས༨༢བར་ཡུལ་འདིར་བཞུགས་པའི་རྟེན་ཁྱད་པར་བ་རྣམས་ཀྱི་ལོ་རྒྱུས་བཤད་པ་ལ་ཞེས་པ་ནས་འདུ་ཁང་ཆེན་མོའི་ནང་དུ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་རྗེས་ཡོད་ཅེས་གསལ་བོར་བཀོད་ཡོད། གོང་དུ་ལུང་དྲངས་པ་འདི་དག་གིས་ཀྱང་འཁྲུངས་ཡུལ་པུས་མདོ་ཡིན་པ་དང་རིགས་རུས་ས་སྐྱ་ཡིན་པ་རྩོད་མེད་དུ་གྲུབ་པ་ཡིན།

 144.jpg

འཁྲུངས་ཡུལ་མདོ་སྨད་པུས་མདོ།

སྔར་པུས་མདོ་དགོན་པའི་ཡི་དམ་ས་སྐྱའི་འཁོན་ལུགས་ཕུར་བ་དང་ཆོས་སྐྱོང་གུར་མགོན་གཙོ་བོར་བྱེད་པ་ལ། ཁོང་གིས་མགོན་ཁང་དུ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བཞེངས་ནས་ཡི་དམ་འཇིགས་བྱེད་དང་ཆོས་སྐྱོང་སྔར་བཞིན་གུར་གྱི་མགོན་པོ་གཙོ་བོར་མཛད་པ་བཞིན། བྱ་ཁྱུང་དགོན་པ་འདེབས་སྐབས་སུའང་མགོན་ཁང་དུ་ཡི་དམ་འཇིགས་བྱེད་དང་ཆོས་སྐྱོང་གུར་གྱི་མགོན་པོ་གཙོ་བོར་མཛད་ཡོད།

 145.jpg

བྱ་ཁྱུང་དགོན་པའི་མགོན་ཁང་དུ་ཡོད་པའི་འཇིགས་བྱེད།

146.jpg

བྱ་ཁྱུང་དགོན་པའི་མགོན་ཁང་དུ་ཡོད་པའི་གུར་གྱི་མགོན་པོ།

པུས་མདོ་དགོན་པའི་གདན་སར་བཞུགས་དུས་དགོན་པའི་བྱང་ཕྱོགས་སུ་བྱང་ཆུབ་མཆོད་རྟེན་དང་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་བཞེངས་སྐབས། སྐུའི་རྒྱུ་ཆ་ས་དམར་ལེན་སའི་གནས་དེར་ཆོས་རྗེ་ཉིད་ཀྱིས་རབ་གནས་མཛད་ཡོད་པས། དུས་ད་ལྟའི་བར་དུ་པུས་མདོ་ས་ཆའི་མི་རྣམས་ཀྱིས་སྐུ་བཞེངས་པ་ལ་གནས་དེའི་ས་དམར་ལེན་བཞིན་ཡོད་ལ། དེས་བཞེངས་པའི་སྐུ་ལ་རབ་གནས་ཀྱང་མཛད་མི་དགོས་པར་གླེང་གིན་ཡོད། ཡུལ་འདིར་ན་ལུང་ཟེར་བའི་གྲོང་སྡེ་ཞིག་ཡོད་པ་དེས་ལོ་རེ་བཞིན་པུས་མདོ་དགོན་པར་བསྙེན་བཀུར་གྱི་ནས་རྩམ་མང་དུ་ཕུལ་བ་ལ། ཆོས་རྗེ་མཆོག་གིས་ན་ལུང་མ་ཡིན་ནས་ལུང་སྟེ། །ནས་ལུང་ནས་ཀྱི་མོད་ས་ཡིན། ། ཞེས་བསྔགས་པས་ཡུལ་དེར་ནས་ཀྱི་ལོ་ལེགས་ཕུན་སུམ་ཚོགས་པ་བྱུང་བ་སོགས་ཁོང་དང་འབྲེལ་བའི་ངག་རྒྱུན་མང་པོ་ཡོད།


147.jpg

ཆོས་རྗེ་ཉིད་ཀྱིས་བཞེངས་པའི་པུས་མདོ་དགོན་པའི་བྱང་ཆུབ་མཆོད་རྟེན་གྱི་རྗེས་ཤུལ།

ལོ་རྒྱུས་སྟེང་པུས་མདོ་དགོན་པའི་དགེ་འདུན་པ་གྲྭ་ས་སེ་འབྲས་དགེ་གསུམ་དུ་སློབ་གཉེར་ལ་ཕེབས་ཚེ། བྱ་ཁྱུང་དགོན་པའི་ཐོབ་ཁུངས་ཏེ་བསམ་བློ་ཁམས་ཚན་དུ་ཞུགས་དགོས་ཤིང་། རྨ་ཆུའི་ལྷོ་རྒྱུད་དུ་བསམ་བློ་ཁམས་ཚན་དུ་གཏོགས་པ་པུས་མདོ་གཅིག་པུ་མ་གཏོགས་མེད་ལ།  འབྲས་སྤུངས་བསམ་བློའི་ཁམས་ཚན་དུ་པུས་མདོར་མི་ཚན་ཡོད་པ་མ་ཟད། ཁང་སྟེང་དུ་གོས་ཀྱི་རྒྱལ་མཚན་སེར་པོ་ཞིག་ཀྱང་བཙུགས་ཆོག་པའི་ཐོབ་ཐང་ཡང་ཡོད། ལྷ་སའི་ཇོ་ཁང་གི་ཐོག་ཁང་དུ་པུས་མདོ་བླ་མའི་གཟིམ་ཆུང་ཞིག་དང་སྨོན་ལམ་ཆེན་མོ་འཚོགས་སྐབས་པུས་མདོར་དམིགས་བསལ་གྱི་གྲལ་སྐལ་ཡོད་པ་དེ་དག་ཁོང་ཉིད་པུས་མདོའི་ཡིན་པས་ཐོབ་ཐང་ཡིན་པར་གྲགས། དེར་མ་ཟད་བྱ་ཁྱུང་དགོན་པའི་འདུ་ཁང་དུ་པུས་མདོ་དགོན་པར་གྲལ་སྐལ་ཡོད་ལ། དེ་བཞིན་དུ་པུས་མདོ་དགོན་པའི་འདུ་ཁང་དུའང་བྱ་ཁྱུང་དགོན་པར་གྲལ་སྐལ་ཡོད།  ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་པུས་མདོ་ནས་བྱ་ཁྱུང་དུ་ཕྱག་ཕེབས་པའི་རྟེན་འབྲེལ་གྱིས་པུས་མདོ་དགོན་པར་མཚན་ཉིད་བཙུགས་ནས་དགེ་ལུགས་སུ་ཐོག་མར་བསྒྱུར་མཁན་བསམ་བློ་མི་ཐུང་ངམ་བསམ་བློ་ཀྴེ་ཊ་པ་ལའི་སྤྲུལ་སྐུ་མཁན་པོ་ངག་དབང་ནོར་བུ་ཆེད་དུ་རྒྱལ་མཆོག་སྐལ་བཟང་རྒྱ་མཚོས་བྱ་ཁྱུང་དུ་མཁན་རབས་སོ་གཅིག་པར་བསྐོ་བཞག་གནང་སྟེ། དགོན་པའི་མཁན་ཁྲི་ཡུན་རིང་དུ་བསྐྱངས་ཤིང་། རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་ཐུགས་བཀོད་ལྟར་སྔར་ཆོས་རྗེ་དོན་རིན་པས་བཞེངས་པའི་ཡི་དམ་འཇིགས་བྱེད་དང་ཆོས་སྐྱོང་གུར་མགོན་གྱི་མགོན་ཁང་ཉམས་གསོ། རབ་གནས་དང་བཅས་པ་ལེགས་པར་མཛད་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། དེའི་སྤྲུལ་སྐུ་བདེ་ཡངས་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་ད་ལྟའི་བར་དུ་བྱོན་ཡོད་པ་འདི་ཡིན།

༡༩༤༦ལོར་པུས་མདོ་འཁོན་གྱི་གདུང་རྒྱུད་དུ་འཁྲུངས་པའི་བླ་ཁོ་རྡོ་རྗེ་འཆང་བྱ་ཁྱུང་དུ་ཕེབས་ནས། ཆོས་རྗེ་དོན་རིན་པའི་གསེར་གདུང་ཆེན་མོར་ཚ་གསེར་གྱི་བཏུམས་ནས་བདུད་རྩི་ཕྲོམ་ཕྲོམ་དུ་བབས་ཤིང་དུས་མིན་གྱི་མེ་ཏོག་བཞད་པ་དང་།མགོན་ཁང་དུ་གུར་གྱི་མགོན་པོ་ལ་གསོལ་མཆོད་དང་གཤེགས་གཏོར་གྱི་ཆོ་ག་མཛད།

༡༩༨༠ལོར་པཎ་ཆེན་རིན་པོ་ཆེ་སྐུ་དངོས་ཀྱིས་པུས་མདོ་དགོན་པ་སླར་གསོ་བགྱིས་སྐབས་ཐོག་མར་མགོན་ཁང་དུ་སྔར་ཆོས་རྗེ་དོན་རིན་པས་བཞེངས་པའི་ཡི་དམ་འཇིགས་བྱེད་ཀྱི་སྐུ་དང་ཆོས་སྐྱོང་གུར་མགོན་གྱི་སྐུ་རྟེན་དང་བརྟེན་པར་བཅས་པ་བཞེངས། 

148.jpg

པུས་མདོ་དགོན་གྱི་སྔར་ཆོས་རྗེ་ཉིད་ཀྱི་བཞེངས་པར་ཕྱིས་པཎ་ཆེན་སྐུ་ཕྲེང་བཅུ་བས་སླར་གསོ་གནང་པའི་འཇིགས་བྱེད།

149.png

པུས་མདོ་དགོན་གྱི་སྔར་ཆོས་རྗེ་ཉིད་ཀྱི་བཞེངས་པར་ཕྱིས་པཎ་ཆེན་སྐུ་ཕྲེང་བཅུ་བས་སླར་གསོ་གནང་པའི་གུར་གྱི་མགོན་པའི་སྐུ་བརྙན།

༡༩༨༣ལོར་རབ་གནས་མཛད་དེ་མདོ་སྨད་ཀྱི་སྐྱེས་ཆེན་དམ་པ་རྣམས་གཙོས་པའི་སེར་སྐྱ་དད་ལྡན་མང་ཚོགས་ཁྲི་ཕྲག་མང་པོར་ཆོས་རྗེ་དོན་རིན་པ་ཡབ་སྲས་ནས་བརྒྱུད་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆེན་བསྐུར་བ་དང་བྱ་ཁྱུང་དགོན་པའི་དོན་གྱི་བདག་པོ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཤར་གདོང་རིན་པོ་ཆེ་ཡང་པཎ་ཆེན་རིན་པོ་ཆེའི་ཐུགས་ཀྱི་སྲས་བོར་འགྱུར་བ་སོགས་གོང་གི་ལུང་རིགས་འདི་དག་གིས་ཆོས་རྗེ་མཆོག་གི་འཁྲུངས་ཡུལ་དང་རབ་ཏུ་བྱུང་ས་པུས་མདོ་ཡིན་པ་གསལ་བོར་བསྟན་ཡོད།

ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ལུང་བསྟན་ལྟར་གཅུང་རིན་ཆེན་ཆོས་རྗེ་ཤེས་རབ་རྒྱལ་མཚན་གྱིས་ཕྱག་བཏབ་ཅིང་ས་སྐྱའི་ཆོས་བརྒྱུད་འཛིན་པའི་པུས་མདོ་དགོན་ཆེན་དུ་རབ་ཏུ་བྱུང་ནས་གདན་ས་མཛད་པ་དང་། དབུས་གཙང་དུ་ས་སྐྱར་ཕེབས་ནས་དགའ་ལྡན་བླ་བྲང་དུ་བཞུགས་ཤིང་། ས་སྐྱ་གོང་མ་ནམ་མཁའ་ལེགས་པའི་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་ཁྱད་པར་དུ་དཔལ་ལྡན་ས་སྐྱ་བའི་ཟབ་ཆོས་ཀྱེེ་རྡོ་རྗེ་རྩ་བའི་རྒྱུད་བརྟག་གཉིས་དང་ལམ་འབྲས། གསེར་ཆོས་དང་དཔལ་གུར་གྱི་མགོན་པོའི་ཕྱི་ནང་གསང་གསུམ་གྱི་མན་ངག་མཐའ་དག་བདག་གིས་བཞེས།     སེ་ཆེན་རྒྱལ་པོས་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་པུས་མདོ་དགོན་པ་འདེབས་པ་པོ་གཅུང་རིན་ཆེན་ཆོས་རྗེ་ཤེས་རབ་རྒྱལ་མཚན་སོགས་གོང་མའི་དབུ་བླ་སྟེ་ཏི་ཤྲི་རིམ་བྱོན་ལ་བཞེངས་པའི་གདན་ས་དགེ་འདུན་པ་འབུམ་ཕྲག་ལྷག་བཞུགས་ཤིང་། རྒྱ་ཁྱོན་ལ་ས་མུའུ་སྟོང་ཕྲག་ཡོད་པའི་ས་སྐྱའི་ཆོས་སྡེ་ཆེན་མོ་འཕགས་པ་ཤིང་ཀུན་གྱི་གདན་སར་ཡོན་གོང་མ་གན་ཐོ་མུར་དང་ཏི་ཤྲཱི་ཀུན་དགའ་རྒྱལ་མཚན་གཉིས་ཀྱིས་བཀའ་གནང་པ་བཞིན་གདན་དྲངས་ནས་མཁན་པོ་མཛད་དེ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ཞིང་། མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགོན་པ་འདི་ནི་སྐབས་དེར་འཛམ་གླིང་སྟེང་ཆེས་ཆེ་བའི་ས་སྐྱའི་ཆོས་སྡེ་ཆེན་པོ་ཞིག་ཡིན་པས། དེའི་མཁན་པོར་ཆོས་རྗེ་དོན་གྲུབ་རིན་ཆེན་མཆོག་རིགས་རུས་ས་སྐྱ་འཁོན་གྱི་གདུང་བརྒྱུད་དང་ཆོས་བརྒྱུད་ས་སྐྱ་བ་མིན་ན་ས་སྐྱའི་གོང་མའི་དབུ་བླ་རིམ་བྱོན་གྱི་གདན་སའི་མཁན་པོར་བཞུགས་འོས་པ་མ་ཡིན་ནོ། །ས་སྐྱ་གོང་མ་རྣམ་ལྔ་སོགས་མཁས་དང་གྲུབ་པའི་དབང་ཕྱུག་མང་དུ་བྱོན་པའི་འོད་ཟེར་འཁོན་གྱི་གདུང་རྒྱུད་མདོ་སྨད་དུ་མཆེད་པ་ལས་ཆོས་རྗེ་དོན་འགྲུབ་རིན་ཆེན་ལས་གཞན་བསམ་བློ་མི་ཐུང་ངམ་བསམ་བློ་ཀྴེ་ཏྲ་པཱ་ལ་དང་དགའ་ལྡན་ཁྲི་རབས་ཞེ་དྲུག་པ་ཁྲི་སྦྱིན་པ་རྒྱ་མཚོ། ཨ་ལགས་བླ་ཁོ་རིན་པོ་ཆེ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་སོགས་སྐྱེས་ཆེན་དམ་པ་ཟམ་མ་ཆད་པར་བྱོན་ནས་བསྟན་འགྲོའི་དོན་དུ་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་པ་ཡིན་ནོ།།

149.jpg

ད་ལྟའི་འཕགས་པ་ཤིང་ཀུན་གྱི་ཆོས་སྡེ།

150.jpg

ཟི་ལིང་ཙོང་ཁ་དགོན་དུ་བཞུགས་པའི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་འདྲ་སྐུ།

མཇུག་མཐར།

མདོར་ན་ལྔ་རིག་སྨྲ་བའི་དབང་བོ་རྗེ་འཇིགས་མེད་རིག་པའི་བློ་གྲོས་ཀྱིས་མཛད་པའི་བྱ་ཁྱུང་གདན་རབས་སོགས་ལོ་རྒྱུས་དང་། གོང་གསལ་གྱི་ལུང་དང་རིགས་པ། དངོས་ཡོད་ཀྱི་རྗེས་ཤུལ་སོགས་ལ་བློ་གཟུ་བོར་གནས་པའི་མཁས་དབང་དག་གིས་གྲུབ་མཐའ་དང་ཡུལ་ཕྱོགས་ཀྱི་རིས་སུ་མ་སོང་བར་ལེགས་པར་དཔྱད་དེ། ཇི་སྐད་དུ། དཔལ་ལྡན་ཟླ་བས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར།།མ་མཛད་རྣམ་གྲོལ་ཕྱིར་ན་དེ་ཉིད་བསྟན།།གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན།།གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད།།ཅེས་གསུངས་པར་ལྟར། མ་རྟོགས་པ་དང་ལོག་པར་རྟོགས་པ་དང་ཐེ་ཚོམ་གྱི་དྲི་མ་མཐའ་དག་སྤངས་ཏེ་ཆོས་རྗེ་འདི་ཉིད་ཡུལ་གང་དུ་འཁྲུངས་ནས་གནས་གང་དུ་གདུལ་བྱ་གང་ཞིག་བསྐྱངས་ནས། བསྟན་པ་དང་འགྲོ་བའི་དོན་དུ་མཛད་འཕྲིན་ཇི་ལྟར་བསྐྱངས་པ་ལ་རྗེས་དྲན་བྱེད་པ་ནི་དེ་རིང་གི་རྗེས་དྲན་ཚོགས་འདུ་འདི་ཉིད་འཚོགས་པའི་དགོས་པ་ཡིན།

མཇུག་མཐར་ང་ཚོ་འདིར་བཞུགས་ཀྱི་རྣམ་པ་ལྷན་རྒྱས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྩ་བའི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་ཡབ་སྲས་ཀྱིས་རྗེས་སུ་འཛིན་པར་སྨོན་འདུན་ཞུ།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།