རྗེ་ཙོང་ཁ་པའི་མཛད་རྣམ་ངོ་སྤྲོད།

 ༡.jpg

རྗེ་བླ་མ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ཏེ་ལོ་འཁོར་ ༥༩༨ ལོན་པ། ཕྱི་ལོ་ ༢༠༡༧ ལོ། རབ་གནས་མེ་བྱ་ལོའི་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ། ནང་ཆེན་དགའ་ལྡན་དགོན་པར་གནང་བ་ཞིག་ཡིན།

༸   རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་ཕྲེང་བསྡུས།རེ་མུས་བཞིན། རབ་བྱུང་༦ པ། ཕྱི་ལོ། དགུང་ལོ།

མེ་བྱ། 1357 ༡རྗེ་བླ་མ་ཙོང་ཁ་པ་ཆེན་པོ། ལོའི་འདིའི་བོད་ཟླ་ ༡༠ ཚེས་ ༡༠ དང་། ཡང་ ༡༠ ཚེེས་༢༥ ལ་འཁྲུངས་ཞེས་བཤད་ཚུལ་གཉིས་ཡོད།

ས་ཕག 1359 ༣ཆོས་རྗེ་ཀརྨ་པ་རོལ་བའི་རྡོ་རྗེའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་ལ་ཀུན་དགའ་སྙིང་པོར་ཞེས་གསོལ།

ཆུ་སྟག 1362 ༦ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས་རྗེ་ཙོང་ཁ་པ་ལ་དབང་བསྐུར་ཏེ་གསང་མཚན་དོན་ཡོད་རྡོ་རྗེ་ཞེས་གསོལ།

ཆུ་ཡོས། 1363 ༧ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ། བློ་བཟང་གྲགས་པ་ཞེས་གསོལ།

ཤིང་འབྲུག 1364 ༨རྒྱལ་ཚབ་དར་མ་རིན་ཆེན་འཁྲུངས།

ཆུ་བྱི། 1372 ༡༦འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མདོ་སྨད་ནས་དབུས་ཕྱོགས་སུ་ཕེབས་ཐོན་གནང་།

ཆུ་གླང་། 1373 ༡༧འཇམ་མགོན་ཙོང་ཁ་པ་ཆེན་པོ་དབུས་སུ་ཕེབས་གྲུབ་སྟེ། དགུན་ཁའི་རིང་སྙེ་ཐང་བདེ་བ་ཅན་དུ་ཕར་ཕྱིན་གྱི་སློབ་གཉེར་གནང་།

ཤིང་སྟག 1374 ༡༨རྗེ་ཙོང་ཁ་པས་ས་སྐྱར་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ་གསང་སྔགས་ཀྱི་དབང་གསན།

ཤིང་ཡོས། 1375 ༡༩རྗེ་རིན་པོ་ཆེས་གསང་ཕུར་བྱམས་ཆོས་དང་། བདེ་བ་ཅན་དུ་ཕཪ་ཕྱིན་གྱི་གྲྭ་སྐོར་མཛད། ལོ་འདིར་མངོན་པ་ཀུན་བཏུས་ཀྱི་བཤད་པ་ཚར་གཅིག་མཛད་པ་གཞུང་ཆེན་མོ་ལ་བཤད་པ་གནང་བའི་ཐོག་མ་ཡིན་ཞེས་གསུངས་ཚུལ་ཡོད།

མེ་འབྲུག 1376 ༢༠ཉ་དཔོན་ཀུན་དགའ་དཔལ་བའི་ཞལ་སྔ་ནས་ཕར་ཕྱིན་གྱི་གཟབ་བཤད་ཚར་གཅིག་གསན།

ས་རྟ། 1378 ༢༢རྗེ་རིན་པོ་ཆེས་ས་སྐྱར་རྗེ་བཙུན་རེད་མདའ་བ་ལ་ལམ་འབྲས་ཀྱི་ཁྲིད་དང་། མངོན་པ་དང་རྣམ་འགྲེལ་དབུ་མ་རྣམས་གསན། དགེ་འདུན་ཉི་ཤུའི་སྐོར་བློ་གསལ་བགྲོད་པའི་ཐེམ་སྐས་མཛད།

ལྕགས་སྤྲེལ 1380 ༢༤སྣར་ཐང་དུ་རྣམ་འགྲེལ། མངོན་པ་གོང་འོག །མདོ་རྩ་དང་བཅས་པའི་གྲྭ་སྐོར་མཛད།

ལྕགས་བྱ། 1381 ༢༥ཡར་ལུང་རྣམ་རྒྱལ་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།

ཤིང་གླང་། 1385 ༢༩མཁས་གྲུབ་དགེ་ལེགས་དཔལ་བཟང་སྐུ་འཁྲུངས།

མེ་ཡོས 1387 ༣༡རྗེ་ཙོང་ཁ་པས་སྤྱན་སྔར་གྲགས་པ་བྱང་ཆུབ་ཀྱི་རྣམ་ཐར་བརྩམས།

ས་འབྲུག 1388 ༣༢རྗེ་ཙོང་ཁ་པས་ཡུམ་གྱི་མདོ་དང་མངོན་རྟོགས་རྒྱན་འགྲེལ་བ་དོན་གསལ་གསུམ་སྦྱར་བའི་འགྲེལ་བཤད་ཆེན་མོ་ལེགས་བཤད་གསེར་ཕྲེང་བརྩམས་གྲུབ།

ལྕགས་རྟ། 1390 ༣༤རྗེ་རིན་པོ་ཆེས་བླ་མ་དབུ་མ་བའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན།

ལྕགས་ལུག 1391 ༣༥རྗེའི་དངོས་སློབ་རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་སྐུ་འཁྲུངས།

ཆུ་སྤྲེལ། 1392 ༣༦རྗེ་རིན་པོ་ཆེ་ལ་འཇམ་དབྱངས་ཀྱིས་ཞལ་གཟིགས། འཁོར་དག་པ་རྣམ་བརྒྱད་ཁྲིད་དེ་འོལ་ཁར་ཕེབས།

ཆུ་བྱ། 1393 ༣༧འོལ་ཁ་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད། (འདི་མཛད་ཆེན་དང་པོ་ཡིན།)

མེ་བྱི། 1396 ༤༠གཉལ་གྱི་ལུང་ར་ཆེན་མོ་ཚུགས། གཉལ་གྱི་གསེར་ཕྱེ་འབུམ་པར་མཆོད་པ་རྒྱ་ཆེན་པོ་དང་འཁོར་ཚོགས་ལ་འདུལ་བ་གསུངས་པ། སྐྱེ་བོའི་ཚོགས་ལ་བསྙེན་གནས་དང་སྐྱབས་སྡོམ་འབོག་པ་སོགས་ཉིན་མང་པོར་མཛད། (མཛད་ཆེན་གཉིས་པ་ཡིན།) རྒྱལ་ཚབ་དར་མ་རིན་ཆེན་རྗེ་དང་ཐོག་མ་མཇལ།

མེ་གླང་། 1397 ༤༡ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་རྟོགས་པས་སྟོན་པ་བཅོམ་ལྡན་འདས་ལ་ཟབ་མོ་རྟེན་འབྲེལ་གསུངས་པའི་སྒོ་ནས་བསྟོད་པ་ལེགས་བཤད་སྙིང་པོ་མཛད།

ལྕགས་སྦྲུལ། 1401 ༤༥རྗེ་བཙུན་རེད་མདའ་བ་དང་། རྗེ་ཙོང་ཁ་པ་ཆེན་པོ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་གསུམ་གནམ་རྩེ་ལྡིང་དུ་ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གཙུག་ལག་ཁང་དུ་ཞལ་འཛོམས་ནས་དབྱར་ཞལ་གྱིས་བཞེས། འདུལ་བའི་བསྟན་པ་དར་ཐེར་མཛད་ཅིང་། འདུལ་བ་གནམ་རྩེ་ལྡིང་མ་སོགས་མཛད།

ཆུ་རྟ 1402 ༤༦ར་སྒྲེང་དུ་བྱང་ཆུབ་ལམ་རིམ་ཆེན་མོ་མཛད། ལམ་མཆོག་སྒོ་འབྱེད་ཡང་མཛད

ཆུ་ལུག 1403 ༤༧ཚུལ་ཁྲིམས་ལེའུ་རྣམ་བཤད་དང་། བླ་མ་ལྔ་བཅུའི་རྣམ་བཤད། རྩ་ལྟུང་རྣམ་བཤད་བཅས་མཛད།

ཤིང་སྤྲེལ། 1404 ༤༨སློབ་དཔོན་ཀླུ་བྱང་གི་གསུང་རྣམ་གཞག་རིམ་པ་ལ་རྣམ་བཤད་མཛད།

ཤིང་བྱ། 1405 ༤༩རྗེ་བླ་མས་སྔགས་རིམ་ཆེན་མོ་མཛད།

མེ་ཕག 1407 ༥༡རྗེ་བླ་མས་དྲང་ངེས་ལེགས་བཤད་སྙིང་པོ་མཛད། ལོ་དེར་མཁས་གྲུབ་དགེ་ལེགས་དཔལ་བཟང་རྗེ་བླ་མ་དང་ཐོག་པར་མཇལ།

ས་བྱི། 1408 ༥༢རྩ་བ་ཤེས་རབ་ཀྱི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་མཛད། རྒྱ་ནག་ཏ་མིང་གོང་མ་ཡུས་ལོས་རྗེ་བླ་མ་གདན་འདྲེན་ཞུས་ཀྱང་མ་ཕེབས། བྱམས་ཆེན་ཆོས་རྗེ་སྐུ་ཚབ་ལ་གཏོང་གནང་མཛད།

ས་གླང་། 1409 ༥༣ལྷ་ལྡན་ཇོ་བོ་རིན་པོ་ཆེ་ལ་དབུ་རྒྱན་སྤྲོག་ཞུ་ཕུལ་ཏེ་ལྷ་ལྡན་སྨོན་ལམ་ཆེན་མོ་གསར་འཛུགས་གནང་། (མཛད་ཆེན་གསུམ་པ་ཡིན།) ལོ་འདིར་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་མཛད།

ལྕགས་སྟག 1410 ༥༤བཤད་རྒྱུད་ལྷ་མོ་བཞིས་ཞུས་དང་། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་རྣམ་བཤད་མཛད།

ལྕགས་ཡོས 1411 ༥༥མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔ་དང་རྫོགས་རིམ་གྱི་གནད་ཐམས་ཅད་ཞིབ་ཏུ་བཀྲལ་བ་རིམ་ལྔ་གསལ་སྒྲོན་བརྩམས།

ཤིང་རྟ། 1414 ༥༨འོན་བཀྲ་ཤིས་དོ་ཁར་ཕེབས་ནས་ཆོས་མང་དུ་གསུངས། སྐབས་དེར་རྒྱལ་བ་དགེ་འདུན་གྲུབ་པས་རྗེ་བླ་མ་ལས་ཆོས་འབྲེལ་ཐོག་མ་ཞུས། རྗེའི་སྐུ་བརྙན་བཀྲ་ཤིས་དོ་ཁར་མ་ཞེས་པ་ཡང་དེ་དུས་བྱུང་ཞེས་གྲགས། རྗེ་བླ་མས་འགྲེལ་བ་སྒྲོན་གསལ་གྱི་མཆན་དང་། མཐའ་དཔྱོད་མྱུ་གུ་མཛད།

ཤིང་ལུག 1415 ༥༩བྱང་ཆུབ་ལམ་རིམ་འབྲིང་པོ་དང་། བདེ་མཆོག་གི་བསྐྱེད་རིམ་འདོད་འཇོ་མཛད། སྟག་རྩེར་རྫོང་དཔོན་ནས་སྦྱིན་བདག་གནང་སྟེ་ཡངས་པ་ཅན་དུ་གསང་བདེ་འཇིགས་གསུམ་གྱི་བློས་བསླང་གསར་བཞེངས་ངང་སྒྲུབ་མཆོད་བཙུགས། (མཛད་ཆེན་བཞི་པ་ཡིན།)

མེ་སྤྲེལ། 1416 ༦༠འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་དཔལ་ལྡན་འབྲས་དཀར་སྤུངས་པ་ཕྱག་བཏབ།

མེ་བྱ། 1417 ༦༡དགའ་ལྡན་ཡངས་པ་ཅན་གྱི་སྐུ་རྟེན་རྣམས་བཞེངས།

ས་ཁྱི། 1418 ༦༢དབུ་མ་དགོངས་པ་རབ་གསལ་མཛད། འགྲེལ་བ་བཞི་སྦྲགས་པར་དུ་བརྐོ་བའི་དབུ་ཚུགས། ཆོས་རྒྱལ་རབ་བརྟན་འཕགས་དང་མཁས་གྲུབ་ཐམས་ཅད་མཁྱེན་པ་གཉིས་ཀྱིས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ཕྱག་བཏབ།

ས་ཕག 1419 ༦༣བདེ་མཆོག་གི་སྦས་དོན་ཀུན་གསལ་མཛད། བོད་ཟླ་ ༡༠ ཚེས་ ༢༥ ཉིན་རྗེ་བླ་མ་སྐུ་ཞི་བར་གཤེགས། རྒྱལ་ཚབ་དར་མ་རིན་ཆེན་དགའ་ལྡན་གྱི་ཁྲིར་ཕེབས། དགའ་ལྡན་ཁྲི་ཐོག་གཉིས་པ་ཡིན། ལོ་འདིར་བྱམས་ཆེན་ཆོས་རྗེས་སེ་ར་ཐེག་ཆེན་གླིང་ཕྱག་བཏབ།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།