ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ཀྱི་མཆོག་གི་མཛད་རྣམ་མདོར་བསྡུས།

   ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་སྤྱི་ལོ1774ལོར་སྐུ་འཁྲུངས།རབ་ཏུ་བྱུང་སྟེ་སྐུ་འབུམ་བྱམས་པ་གླིང་གི་ཆོས་གྲྭར་ཞུགས།འཕྲིན་ལས་བཟང་བོ་དང་ངག་དབང་བཟོད་པ་སོགས་མཁས་དབང་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ཙམ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་རྣམས་ལ་གསན་བསམ་མཐར་ཕྱིན་མཛད། སྐུ་འབུམ་དུ་སྨོན་ལམ་ཆེན་པོར་གྲྭ་སྐོར་དམ་བཅའ་བཞག ཕྱིས་སུ་ཨ་ཀྱཱ་ཡེ་ཤེས་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད། དེ་ནས་བཟུང་ཁོང་གི་མཚན་ལ་ཨ་ཀྱཱ་ཡོངས་འཛིན་ཞེས་པ་རྒྱུན་ཆགས་སུ་གྱུར་རོ།།

1 སློབ་གཉེར་མཛད་ཚུལ།
     ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་བམ་མཚན་གཞན་ལ་དབྱངས་ཅན་དགའ་བའི་བློ་གྲོས་ནི་མདོ་སྨད་ཙོང་ཁའི་ཡུལ་གྱི་ཤར་ཕྱོགས་རྨ་ཀླུང་ཆེན་པོ་འབབ་པའི་བྱང་འགྲམ་བོད་སོག་འདྲེས་མར་བསྡད་པའི་ཐང་ཀྱཱ་སྡེ་བར། རབ་བྱུང་བཅུ་གསུམ་པའི་ཤིང་རྟ་སྤྱི་ལོ1774ལོར་ཧོར་གྱི་རུས་སུ་སྐུ་བལྟམས།སྐུ་གཞོན་ནུའི་དུས་ནས་བོད་ཡིག་འབྲི་ཀློག་སོགས་ལ་འབད་པར་མཛད་ཅིང་སྐུ་འབུམ་བྱམས་པ་གླིང་གི་ཆོས་གྲྭར་ཞུགས། འཕྲིན་ལས་བཟང་བོ་དང་ངག་དབང་བཟོད་པ་སོགས་མཁས་དབང་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ཙམ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་རྣམས་ལ་གསན་བསམ་མཐར་ཕྱིན་མཛད། སྐུ་འབུམ་དུ་སྨོན་ལམ་ཆེན་པོར་གྲྭ་སྐོར་དམ་བཅའ་བཞག་པས་མཁས་པ་ཀུན་གྱིས་བསྟོད་པའི་མེ་ཏོག་ཕྱོགས་ཀུན་གཏོར་ཅིང་སྨོན་ལམ་རབ་འབྱམས་པའི་མཚན་སྙན་ཐོབ། འཇམ་དབྱངས་བཞད་པ་འཇིགས་མེད་དབང་བོ་མཆོག་དང་ལྷག་པར་ཤིང་བཟའ་བློ་བཟང་དར་རྒྱས་ཡུན་རིང་བསྟེན་ནས། སྙན་ངག སུམ་རྟགས། སྡེབ་སྦྱོར། སྒྲ་གཞུང་བཅས་རིག་པར་བྱ་བའི་གནས་ཀུན་ལ་སྦྱངས་པ་མཐིལ་ཕྱིན་མཛད་དེ། མདོ་སྔགས་རིག་གནས་བཅས་པར་མཁས་པའི་ཡང་རྩེར་སོན།

2 བསྟན་དོན་མཛད་པ།

    དགུང་གྲངས་ལྔ་བཅུར་ཕེབས་པ་རབ་བྱུང་བཅུ་བཞི་བའི་ཆུ་ལུག་སྤྱི་ལོ1823ལོར་སྐུ་འབུམ་དགོན་བདག་ཨ་ཀྱཱ་ཡེ་ཤེས་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་མཛད། དེ་ནས་བཟུང་ཁོང་གི་མཚན་ལ་ཨ་ཀྱཱ་ཡོངས་འཛིན་ཞེས་པ་རྒྱུན་ཆགས་སུ་གྱུར། དགུང་གྲངས་ལྔ་བཅུ་ང་དྲུག་ཏུ་ཕེབས་པ་ས་མོ་གླང་གི་ལོར་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་ནས་རི་བོ་དྭངས་གསལ་གྱི་གནས་བསྟོད་སྙན་འཇེབས་ལྡན་པ་བརྩམས། དགུང་གྲངས་ལྔ་བཅུ་ང་བཞིར་ཕེབས་པ་རབ་བྱུང་བཅུ་བཞི་བའི་མེ་ཕག་སྤྱི་ལོ1827ལོར་ལ། སྐུ་འབུམ་བྱམས་པ་གླིང་གི་པར་ཁང་ངོ་མཚར་རིན་ཆེན་གླིང་དུ་རྗེ་ཙོང་ཁ་བ་ཡབ་སྲས་ཀྱི་གསུང་འབུམ་པར་བརྐོ་བའི་དུས་སུ་ཞུ་དག་པའི་འགན་འཛིན་མཛད་དེ། ལོ་དྲུག་ལ་པར་བཀོད་ཟིན་པར་བྱས། བོད་སོག་གི་བླ་ཆེན་མང་པོས་ཁོང་བླ་མར་བསྟེན་ནས་མཁས་པའི་དབང་བོར་གྱུར། སྐུ་འབུམ་སྨན་པ་གྲྭ་ཚང་གི་ཁྲི་རབས་བཞི་བ་ཨ་ཀྱཱ་བློ་བཟང་ངག་དབང་བསྟན་འཛིན་གྱིས་ཀྱང་ཁོང་བླ་མར་བསྟེན་ནས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས། མདོར་ན་བོད་ཧོར་སོག་བཅས་ཀྱི་སློབ་མ་མཁས་པ་མང་པོ་གསར་དུ་སྤེལ། ཁོ་ནི་བོད་ཀྱི་རིག་གནས་སྤེལ་བར་ཐུགས་ལྷག་པར་དགྱེས་ཤིང་། ཕྱི་རབས་པ་དག་ལ་ལྷག་བསམ་ཤིན་ཏུ་དཀར་བའི་མཁས་དནང་དམ་པ་ཞིག་སྟེ། ཁོང་གི་གསུང་ཆོས་རྣམས་སུ་འདུལ་བའི་གླེང་འབུམ་དང་ས་སྐྱ་ལེགས་བཤད་སོགས་ཀྱི་མིང་བརྡ་གོ་དཀའ་བ་དང་བརྡ་རྙིང་དག་བརྡ་དཀྲོལ་ཕྱོགས་བསྡུས་བྲིས་ཡོད་ཅིང་། ད་དུང་བོད་ཀྱི་ནང་བའི་གྲུབ་མཐའ་རིས་མེད་མེད་ཀྱི་འབྱུང་ཁུངས་མདོར་བསྡུས། སུམ་རྟགས། སྡེབ་སྦྱོར། སྒྲ་རིག་བཅས་ཀྱི་ནང་དོན་མདོར་བསྡུས་གོ་སླ་ལ་ཉུང་བ་དང་ཁྱད་པར་དུ་ཁོང་གི་གསུང་ཚང་མ་དོན་འདུས་ལ་ཚིག་ཚོགས་ཉུང་བའི་སྒོ་ནས་རང་ཅག་ཕྱི་རབས་པ་དག་ལ་ལྟ་བདེ་བ་ཁོ་ན་ཡོད་པ་འདིས་ཁོང་ནི་མཁས་ཉམས་དང་འཇིགས་ཉམས་སྟོན་མཁན་ཞིག་མིན་པར་ཕྱི་རབས་པར་ཕན་པ་གཙོ་བོར་འཛིན་མཁན་ཞིག་ཡིན་པ་གསལ་བོར་མཚོན་འདུག ཁོང་དགུང་ལོ་མཐོན་པོ་ཙམ་བཞུགས་ཡོད་ཚོད་འདུག་ཀྱང་། ནམ་ཙམ་འདས་པ་ནི་ལོ་རྒྱུས་གསལ་བོར་མ་མཐོང་། ཁོང་གི་གསུང་སྐུ་འབུམ་པར་མ་ཀ་པ་དང་ཁ་པ་པོ་ཏི་གཉིས་ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་དུ་བཞུགས།

 

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།