ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་མགྱོགས་པ།

ལོ་འདི་དག་གི་རིང་། ཀན་ལྷོ་ཁུལ་གྱི་གཙོས་གྲོང་ཁྱེར་གྱིས་ཐོན་ལས་དང་པོ་ལེགས་པོར་བསྒྲུབ་པ་དང་། ཐོན་ལས་གཉིས་པར་ཤུགས་བསྣོན་པ། ཐོན་ལས་གསུམ་པ་ཞིབ་མོར་བསྒྲུབ་པ་བཅས་ཀྱི་ཐོན་ལས་གོང་སྤེལ་རིག་ལམ་ལྟར། དགེ་མཚན་དང་ཁྱད་ཆོས་ལྡན་པའི་ཐོན་ལས་གསོ་སྐྱོང་བྱེད་པ་དེ་སྒྲིག་གཞི་ལེགས་སྒྲིག་དང་རྣམ་པ་གསར་བསྒྱུར། སྤུས་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་གལ་ཆེན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཤུགས་ཆེན་པོས་རིག་གནས་ཡུལ་སྐོར་ལས་རིགས་དང་དེང་རབས་ཞིང་ཕྱུགས་ལས་རིགས་གོང་དུ་སྤེལ་བ་དང་། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་རིམ་པ་སྤར་བར་སྐུལ་འདེད་བྱས།
        གཙོས་གྲོང་ཁྱེར་གྱིས་ཡུལ་སྐོར་དར་བའི་གཙོད་གྲོང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཤུགས་ཆེན་པོས་དུས་ཆེན་སྐབས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བ་དང་། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར79ལོན་པའི་རྒྱལ་ཡོངས་གསར་བརྗེའི་ཡུལ་སྐོར་བརྙན་འཕྲིན་འགྲན་བསྡུར་ཆེན་མོ་དང་། དམར་པོའི་དཔལ་འབར་དང་ལྗང་མདོག་གི་རྒྱང་བསྐྱོད་ཅེས་པའི་དཔལ་ འབར་བརྒྱུད་སྤྲོད་བྱ་འགུལ་སོགས་ལ་བརྟེན་ནས་ཡུལ་སྐོར་མཚན་སྙན་གྱི་ཤུགས་རྐྱེན་ཇེ་ཆེར་བཏང་བ་མ་ཟད། དུས་མཚུངས་སུ། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་བཙུགས་ནས། ཡུལ་སྐོར་འཕེལ་རྒྱས་ལོའི་བྱ་འགུལ་སྤེལ་བ་དང་། ཡུལ་སྐོར་མགྲོན་པོ་མི་ཐེངས་ས་ཡ་གཅིག་དང་འབུམ་གཉིས་ཁྲི་ལྔ་ལྷག་སྣེ་ལེན་བྱས་ཤིང་། ཡུལ་སྐོར་སྣ་འཛོམས་ཡོང་སྒོ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ལྷག་ལ་བསླེབས་ཏེ། རིག་གནས་ ཡུལ་སྐོར་ལས་རིགས་གོང་དུ་འཕེལ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད།
        གཙོས་གྲོང་ཁྱེར་གྱིས་ད་དུང་། 128ཀྱི་དེང་རབས་ཕྱུགས་ལས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་ནས། ཞིང་ཕྱུགས་ལས་ཀྱི་ཐོན་ལས་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་བརྒྱད་དུ་བསླེབས་སུ་བཅུག་ཡོད་པ་དང་། ཤུགས་ཆེན་པོས་མཐོ་སྒང་གི་སྐྱེ་ཁམས་ཕྱུགས་ལས་གོང་དུ་སྤེལ་ནས། ཕྱུགས་རྒྱུད་ལེགས་བསྒྱུར་བྱེད་ཐབས་ཇེ་ལེགས་སུ་བཏང་བ་དང་། ཕྱུགས་གསོའི་དྲོད་ཁང་270དང་། གསོ་ཆས་འཇོག་ས42ཕུབ་པ། གསོ་སྤེལ་ར་བ་བཞི་དང་ནོར་གནག་རྒྱུད་སྤེལ་ལྟེ་གནས་བརྒྱད་གསར་དུ་བཙུགས་ཏེ། ཕྱུགས་རིགས་སྣ་ཚོགས་ཀྱི་སྤྱི་འཕར་ཚད་དང་ཕྱིར་བཙོང་ཚད། ཚོང་རྫས་སུ་གྱུར་ཚད་བཅས་སོ་སོ་ནི33.8%དང43.7%། 41.2%བཅས་སུ་བསླེབས་ཡོད། དེ་མིན་ད་དུང་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་གོང་དུ་སྤེལ་ནས། ཀྲུང་བོད་སྨན་རྒྱུའི་མཉམ་ལས་ཁང་15འཕེལ་རྒྱས་སུ་བཏང་བ་དང་། ས་མུའུ་བརྒྱ་ཡན་ཡོད་པའི་ཀྲུང་བོད་སྨན་རྒྱུ་འདེབས་སའི་དཔེ་སྟོན་གནས་གཞི་ལྔ་བཙུགས་ཡོད་ཅིང་། ཀྲུང་བོད་སྨན་གྱི་རྒྱུ་ཆ་ས་མུའུ་ཁྲི་གཅིག་འདེབས་འཛུགས་བྱས་ཡོད་པ་དང་། སྤུས་ལེགས་སྐེ་ཚེའི་ཐོན་བཟང་དཔེ་སྟོན་ཞིང་ས་མུའུ་ཆིག་ཁྲི་ལྔ་སྟོང་ལྷག་དང་། སྤུས་ལེགས་རྒྱུད་སྤེལ་ཞིང་ས་མུའུ་བརྒྱད་བརྒྱ་གསར་དུ་བཙུགས་ཡོད་པ་རེད།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།