ཀྲུང་གོ་བོད་ཀྱི་དྲ་བ།

རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་གཟབ་རྒྱས་ངང་ཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

QQ截图20160720094804.png

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། རིག་འཛིན་ཚེ་རིང་། ཚེ་མཁར་རྒྱལ།)རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དེ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སྡེ་ཁག་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་དང་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཙོང་ཁ་པ་ཞིབ་འཇུག་གླིང་གིས་དངོས་སྒྲུབ་མཛད་དེ། ཟླ7པའི་ཚེས19ཉིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཙོང་ཁ་པ་ཞིབ་འཇུག་གླིང་དུ་གཟབ་རྒྱས་ངང་ཚོགས་ཤིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སྡེ་ཁག་དང《འཛམ་གླིང་ཆོས་ལུགས་ཞིབ་འཇུག》རྩོམ་སྒྲིག་ཁང་།《ཀྲུང་གོའི་མི་རིགས་ཚགས་པར》དང《ཀྲུང་གོའི་ཆོས་ལུགས》རྩོམ་སྒྲིག་ཁང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་སོགས་ནས་ཐོན་པའི་ཞིབ་འཇུག་པ་དང་ཆེད་མཁས་པ།དགེ་རྒན་ཆེན་མོ་དང་།བོད་བརྒྱུད་ནང་བསྟན་ཆོས་སྡེ་ཆེན་མོ་དག་ནས་སླེབས་པའི་དགེ་བཤེས་བཅས་མི་དྲུག་ཅུ་ལྷག་ཚོགས་འདུར་ཞུགས་ཤིང་གཏམ་བཤད་མཛད།        སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་ཁ་བྱང་ལ《དབུ་མ་ཐལ་འགྱུར་པའི་དཀའ་གནད་བརྒྱད་ཀྱི་དོན་འགྲེལ་རྨོངས་པའི་མུན་སེལ》ཞེས་དཔྱད་རྩོམ་ལ་བརྟེན་ནས། ཀུན་གཞི་རྣམ་ཤེས་མི་བཞེད་པའི་ཁུངས་དང་རང་རིག་མི་བཞེད་པའི་ཁུངས།རང་རྒྱུད་ཀྱི་སྦྱོར་བ་ཁས་མི་ལེན་པའི་ཁུངས་བཅས་ཕྱོགས་བརྒྱད་ནས་གཏམ་བཤད་མཛད།     ལྷ་ལྡན་རབ་འབྱམས་སྨྲ་བ་རིག་འཛིན་རྡོ་རྗེས་ཁ་བྱང་ལ《ལྟ་བའི་བཤད་པ་བློ་བཟང་དགོངས་རྒྱན》ཞེས་པའི་དཔྱད་རྩོམ་ལ་བརྟེན་ནས། རྗེ་ཉིད་ཀྱི་བཞེད་དགོངས་མདོ་ཙམ་འགོད་པ་དང་དེ་ཉིད་གང་ལ་ཁུངས་གཏུགས་ཚུལ། སྐབས་སུ་བབ་པའི་དོན་གཏན་ལ་འབེབས་པ་དང་མཁས་པའི་གསུང་ལ་གཏུགས་ནས་ལྟ་བ་སྐྱོང་ཚུལ་དང་བཅས་ཀྱི་ཕྱོགས་ནས་གཏམ་བཤད་མཛད།     མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས《ཤར་ཕྱོགས་རྒྱ་ནག་རྒྱལ་པོས་རྗེ་ཙོང་ཁ་པར་ཆབ་ཤོག་ཕུལ་བའི་ཞལ་བཤུས་དང་འཇམ་མགོན་ཙོང་ཁ་པ་ཆེན་པོས་གོང་མ་ཏཱ་མིང་རྒྱལ་པོར་སྩལ་པའི་ཆབ་ཤོག་གཉིས་རགས་ཙམ་གླེང་པ》ཞེས་པའི་དཔྱད་རྩོམ་ནང་། རྒྱ་ནག་གོང་མ་ཏཱ་མིང་རྒྱལ་བོས་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཡོན་དང་སྙན་པ་གསན་ཏེ་གསེར་ཡིག་པ་ལན་མང་མངགས་ནས་རྗེ་བླ་མ་རྒྱ་ནག་ཏུ་གདན་ཞུ་གནང་པའི་ཞུ་ཡིག་དང་རྗེ་བླ་མས་རྒྱུ་རྐྱེན་དང་དགོས་དབང་གཟིགས་པ་ལ་བརྟེན་ནས་བཀའ་ལྟར་ཕེབས་མ་ཐུབ་པའི་ཞུ་ཡིག་སྟེ་ཆབ་ཤོག་གཉིས་ངོ་སྤྲོད་སྒོས་དེང་གི་ངོས་འཛིན་མ་དག་པ་འགའ་ཞིག་ལ་ལུང་དང་རིགས་པས་ཞིབ་འཇུག་བྱས་ཏེ་དཔྱད་འཇོག་བྱས། 

QQ截图20160720095138.png

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་སྙན་བཟང་པ་དགེ་འདུན་གྱིས《རྗེ་ཙོང་ཁ་པ་ལ་སངས་རྒྱས་གཉིས་པ་ཞེས་བརྗོད་པའི་རྒྱུ་མཚན་ལ་དཔྱད་པ།》ཞེས་པའི་དཔྱད་རྩོམ་ནང་་རྗེ་ཙོང་ཁ་པ་ལ་སངས་རྒྱས་གཉིས་པར་བརྗོད་པའི་རྒྱུ་མཚན་དེ་ཉིད།  དོན་ཚན་བདུན་གྱི་སྒོ་ནས་དབྱེ་ཞིབ་བྱས་ཡོད། དེ་ཡང་གཙོ་བོ་གནའ་བོའི་རྒྱ་གར་གྱི་ནང་བསྟན་བྱུང་འཕེལ་གྱི་ཆོས་ཉིད་ལ་དབྱེ་ཞིབ་བྱས་པ་བརྒྱུད།  བསྟན་པ་སྔ་དར་སྐབས་ཀྱི་བོད་ཀྱི་ནང་བསྟན་གྱི་གནས་བབ་སྤྱི་དང་། བྱེ་བྲག་ཏུ་བསྟན་པ་ཕྱི་དར་སྐབས་ཀྱི་བོད་ཀྱི་ནང་བསྟན་ལ་དབྱེ་ཞིབ་བགྱིས་ཏེ། རྗེ་ཙོང་ཁ་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ཆ་ནས་བོད་སྔ་རབས་པའི་ལྟ་བ་གཞིབ་བསྡུར་སྒོས་ཁོང་གི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་དང་མཛད་འཕྲིན་གྱི་ཆ་ནས་བརྗོད་བྱའི་སྲོག་དེ་གསལ་བཤད་བྱས།

QQ截图20160720095216.png

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བུ་བཞི་བསམ་པའི་དོན་གྲུབ་ཀྱིས《མདོ་སྨད་ཁྭ་ཏི་ཁ་བ་དགོན་གྱི་རྗེ་རྩ་ཐང་གཞན་ཕན་ཆེན་མོ་དང་འབྲེལ་ནས་རྗེ་བླ་མའི་རྟེན་ཐང་གི་ཕྲིན་ལས་ལ་བསྟོད་པ།》ཞེས་པའི་དཔྱད་རྩོམ་ནང་། ངག་རྒྱུན་ལྟར་ན་ཁྭ་ཏི་ཁའི་དགོན་གྱི་རྟེན་གཙོ་རྗེ་རྩ་ཐང་གཞན་ཕན་ཆེན་མོ་ནི། རྗེ་ཙོང་ཁ་བ་དགུང་ལོ་ཉེར་གཉིས་པའི་སྐབས་ཤིག་ན། རྗེ་ཉིད་ཆུང་དུས་ནས་མ་ཡུམ་དང་རིང་དུ་བྲལ་བས་ཤིན་ཏུ་དྲན་པའི་ཁར། ད་ལྟ་མ་ཡུམ་ཀྱང་ལོ་ན་རྒས་པས་ཐེངས་གཅིག་མཇལ་འདོད་པའི་འདུན་པ་དྲག་པོ་མཚོན་བྱེད་དུ་དབུ་སྐྲ་དཀར་པོ་ལན་བུ་གཅིག་དང་འཕྲིན་ཡིག་བསྐུར་ནས་ཕ་ཡུལ་དུ་ལོག་པར་ནན་གྱིས་བསྐུལ་བ་ན། དམ་པ་འདིས་རང་གི་ཤངས་མཚལ་བསྲེས་པའི་ཚོན་གྱིས་བཞེངས་པའི་ཞལ་ཐང་ཞིག་བསྐྲུན་ནས་ཚོང་དཔོན་ནོར་བུ་བཟང་བོ་ལ་བསྐུར་མོད། ཚོང་དཔོན་གྱིས་ལམ་རྐེད་ནས་ཞལ་ཐང་ཚབ་མ་ཞིག་བཞེངས་ནས་ཡུམ་ལ་དེ་ཕུལ་བ་དང་། རྗེ་བླ་མའི་ཕྱག་བཟོས་ཀྱི་སྐུ་ཐང་ངོ་མ་དེ་རང་གི་དགོན་གནས་ཁྭ་ཏི་ཁར་གདན་དྲངས་ནས་ནང་རྟེན་དུ་བཞུགས་པ་ཡིན་ཟེར་བའི་ངག་སྒྲོས་ད་ལྟའི་བར་མདོ་སྨད་སྐྱེ་བོ་་ཀུན་གྱི་ཁ་ན་ཡོད་མོད། ངག་རྒྱུན་ནི་ངག་རྒྱུན་ཏུ་ཟད་དེ། 《རྗེ་ཙོང་ཁ་བའི་རྣམ་ཐར་ཆེན་མོ》དང《སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན》སོགས་ལོ་རྒྱུས་ཚད་ལྡན་གང་མང་དུ། རྗེ་ཙོང་ཁ་བ་དགུང་ལོ་ཉེར་གཉིས་བཞེས་དུས། རྗེ་དཔོན་གྲགས་པ་རྒྱལ་མཚན་ཆེད་དུ་མངགས་ནས་ཞལ་ཐང་དངོས་མ་དེ་སྐུ་འབུམ་དུ་མ་ཡུམ་ལ་ཕུལ་བའི་ཚུལ་གསལ་བོར་གསུངས་ཡོད་པ་མ་ཟད། ཡུམ་ཆེན་ལ་གནང་བའི་རྟེན་ཐང་དེ་ད་ལྟའི་བར་སྐུ་འབུམ་དགོན་གྱི་ཀླུ་རྒྱ་འོག་མའི་བཙན་ཁང་གི་ནང་རྟེན་དུ་བཞུགས་པ་དང་། རྒྱལ་བ་སེངྒེའི་ང་རོའི་སྐུ་དཔར་གཅིག་བསྐུར་བ་དེ་དཔར་འབུམ་གྲངས་དུ་བཏབ་ནས། གོས་ཆེན་གྱིས་བྲེས་པའི་ཙནྡན་གྱི་སྡོང་བོ་དང་མཉམ་དུ་གསེར་སྡོང་ཆེན་མོའི་ནང་རྟེན་དུ་བཞུགས་པ་དང་། ཨ་ཅེ་ལ་གནང་བའི་སྐུ་ཐང་གསུང་འབྱོན་མ་དེ་ཡང་ཡར་ནང་ཆོས་གྲྭའི་ལྟག་གི་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་གི་ནང་རྟེན་དུ་བཞུགས་ཡོད་པ་གསལ་བོར་བཀོད་ཡོད་པའི་ཕྱོགས་ནས་གཏམ་བཤད་མཛད།

QQ截图20160720095259.png

ཐེངས་འདིའི་རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ནི་སྤྱི་ཟླ་བདུན་པའི་ཚེས་བཅུ་དགུ་དང་ཉི་ཤུའི་ཉིན་གཉིས་ལ་ཚོགས་པ་དང་། ཚོགས་ཐོག་དུ་ཕྱོགས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་རྣམས་ཀྱི་གཏམ་བཤད་གལ་ཆེན་གནང་དེ་ཚོགས་འདུ་བདེ་ལེགས་ངང་མཇུག་རྫོགས། 

QQ截图20160720095356.png

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།