ཀྲུང་གོ་བོད་ཀྱི་དྲ་བ།

སྐུ་འབུམ་བྱམས་པ་གླིང་གི་སྨོན་ལམ་རབ་འབྱམས་པའི་དམ་བཅའ་སླར་གསོ་བྱུང་བ།

  རྩོམ་པ་པོ། : ཁྲི་སྐལ་བཟང་བརྩོན་འགྲུས།   སྤེལ་དུས། : 2016-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    དེ་ཡང་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་མཆོག་གིས་བོད་རབ་བྱུང་བདུན་པའི་ས་གླང་སྟེ་ཕྱི་ལོ་༡༤༠༩ ལོའི་ཟླ་དང་པོར་གནས་མཆོག་ལྷ་སར་ལྷ་ལྡན་སྨོན་ལམ་ཆེན་མོ་གསར་དུ་བཙུགས་རྗེས།  ལོ་རེ་བཞིན་སེ་འབྲས་དགེ་གསུམ་གཙོ་བྱས་དགེ་འདུན་འདུས་ཚོགས་རྒྱ་ཆེན་པོ་ཟླ་དང་པོའི་ཆོ་འཕྲུལ་སྨོན་ལམ་ལ་ཚོགས་པའི་སྲོལ་བྱུང་།  རྗེས་སུ་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་ཆུ་གླང་ཕྱི་ལོ ༡༦༡༣ ལོ་ནས་ལོ་ངོ་དྲུག་གི་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་དུས། ལྷ་ལྡན་སྨོན་ལམ་ཆེན་མོའི་སྟེང་གདན་ས་གསུམ་གྱི་དགེ་བཤེས་མཁས་པ་རྣམས་འདེམ་བསྒྲུགས་ཐོག་གཞུང་ཆེན་བཀའ་པོད་ལྔ་ལ་བགྲོ་གླེང་གིས་གྲྭ་སྐོར་དམ་བཅའ་འཇོག་པའི་སྲོལ་ཐོག་མར་བཏོད་ནས་དགེ་བཤེས་ཀྱི་ཆོ་ལོའམ་མཚན་བཏགས་གནང་བ་ལ། ལྷ་ལྡན་རབ་འབྱམས་པའམ་ཚིག་བསྡུས་ན་ལྷ་རམས་པ་ཞེས་ཡོངས་སུ་གྲགས་པ་དེའོ།། པཎ་ཆེན་གང་གིས་ལྷ་རམས་པའི་དམ་བཅའ་གསར་འཛུགས་གནང་བ་དེས་གཞུང་ཆེན་བཀའ་པོད་ལྔའི་སློབ་གཉེར་གོང་འཕེལ་དུ་འགྲོ་རྒྱུར་སྐུལ་མ་ཆེན་པོ་ཐེབས་པར་མ་ཟད། བོད་གངས་ཅན་ལྗོངས་སུ་སློབ་གཉེར་གྱི་མཚན་བཏགས་མང་དུ་ཡོད་པ་ལས་ཆེས་མཐོ་བའི་མཚན་བཏགས་སུ་ཡང་གྱུར། དེ་ནས་བཟུང་གདན་ས་གསུམ་གྱི་དགེ་བཤེས་གང་དྲག་རྣམས་ཀྱིས་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུས་སུ་ལྷ་རམས་པའི་དམ་བཅའ་འཇོག་པའི་སྲོལ་དེང་གི་བར་དུ་གནས་སོ།།
     ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཡང་དེ་དང་མཐུན་པར་སྨོན་ལམ་རབ་འབྱམས་པ་དང་སྔགས་རམས་པ། བཤད་རམས་པ། རྩིས་རམས་པ།གླིང་བསྲེས་བཀའ་བཅུ་སོགས་དགེ་བཤེས་ཀྱི་མཚན་བཏགས་མང་ཙམ་ཡོད་པ་ལས། སྨོན་ལམ་རབ་འབྱམས་པའི་མཚན་བཏགས་སམ་དམ་བཅའ་ནི་རྒྱལ་མཁན་པོ་ཨ་ཆི་ཐུ་ནོ་མོན་ཧན་བློ་བཟང་དོན་འགྲུབ་མཆོག་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་ཉི་ཤུ་བར་བཞུགས་དུས་ཀྱི་ས་ཁྱི་སྟེ་ཕྱི་ལོ༡༧༡༨ ལོར་གསེར་ཏོག་ནོ་མོན་ཧན་ངག་དབང་བསྟན་པའི་རྒྱལ་མཚན་དང་། དགེ་བའི་བཤེས་གཉེན་བློ་བཟང་མཁས་གྲུབ་སོགས་གསུམ་གྱིས་དགུན་ཆོས་ཆེན་མོའི་སྟེང་གཞུང་ཆེན་བཀའ་པོད་ལྔའི་གྲྭ་སྐོར་དམ་བཅའ་བཞག་སྟེ། ས་ཕག་ཕྱི་ལོ༡༧༡༩ ལོའི་ཆོ་འཕྲུལ་སྨོན་ལམ་སྐབས་ཀྱི་སྔ་ཚོགས་དང་ཚ་རྟིང་མ་དགོང་ཇ་གསུམ་ལ་བཤད་པ་དང་། ཚོགས་བར་གྱི་དམ་བཅའ་དང་བཅས་ཆོས་སྡེ་ཆེན་པོ་འདིར་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་གྱི་སྲོལ་གསར་དུ་བཏོད་ཅིང་། འདི་ནས་བཟུང་ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་རྒྱུན་མི་འཆད་པའི་བཀའ་ཁྱབ་ཡི་གེར་གཏན་ལ་ཕབ་པར་མཛད་དེ། སྐུ་འབུམ་བྱམས་པ་གླིང་གི་དགེ་བཤེས་བཟང་ཤོས་རྣམས་ཀྱིས་དགུན་ཆོས་ཆེན་མོའི་སྟེང་གཞུང་ཆེན་བཀའ་པོད་ལྔ་ལ་དམ་བཅའ་དང་། ཆོ་འཕྲུལ་སྨོོན་ལམ་ཆེན་མོའི་ཚོགས་དབུས་སུ་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་གནང་བའི་སྲོལ་བྱུང་བའོ།།
     ཕྱིས་མཚོ་སྔོན་དུས་འཁྲུག་དང་རྒྱ་སོག་གི་འཁྲུག་པ་སོགས་ཀྱིས་ཆོས་སྡེ་ཆེན་པོའི་འཆད་ཉན་ལ་གནོད་པ་ཐེབས་པའི་རྐྱེན་བྱས། སྨོན་ལམ་རབ་འབྱམས་པའི་མཚན་བཏགས་དམ་བཅའ་ཡང་དུས་ཡུན་ཐུང་ངུའི་རིང་ཚོགས་མ་ཐུབ་པ་བྱུང་ཡང་། བསྟུད་མར་དམ་པ་མང་པོའི་ཐུགས་རྗེ་དང་སྨོན་ལམ་གྱིས་བསྐྱར་གསོ་བྱེད་ཐུབ་པ་བྱུང་།
    དུས་རབས་ཉི་ཤུ་བའི་དཀྱིལ་གྱི་རིག་གནས་གསར་བརྗེའི་རླུང་འཚུབ་ཀྱིས་བོད་ཁུལ་གྱི་དགོན་སྡེ་གཞན་དག་དང་འདྲ་བར་བཤད་སྒྲུབ་ཀྱི་བྱ་བར་ཉམས་ཉེས་བྱུང་སྟེ། ཆོས་སྡེ་འདིའི་སྨོན་ལམ་རབ་འབྱམས་པའི་དམ་བཅའ་འཇོག་པའི་སྲོལ་ལོ་ངོ་ལྔ་བཅུའི་རིང་ལ་མཚམས་ཆད་པར་གྱུར།
     ད་ལོ་སྟེ་བོད་མེ་སྤྲེལ་ཕྱི་ལོ་༢༠༡༦ལོའི་ཧོར་ཟླ༦ པའི་ཚེས༤ཉིན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་སྐོར་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་ནས། ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཆེན་བརྒྱ་དང་གསུམ་པ་སྐྱབས་རྗེ་༸དགེ་ཀྱཱ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་སྨིན་ཏེ་ཆོས་སྡེ་ཆེན་པོ་གང་ལ། ཡང་དར་བསྟན་པའི་དབུ་བརྙེས་པ་ནས་བཤད་སྒྲུབ་ཀྱི་འཁོར་ལོའི་བྱ་བ་སོགས་ལ་ཕྱོགས་གང་ཅིར་བཀའ་དྲིན་གཞལ་བར་དཀའ་བའི་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་མང་དུ་བཞུགས་པ་ལས། ད་ལྟ་དངོས་སུ་ཞལ་བཞུགས་པའི་དགེ་བའི་བཤེས་གཉེན་རྒན་པ་ཕྱག་རྡོ་ཐང་དུ་སྐུ་འཁྲུངས་པའི་རྗེ་བློ་བཟང་རྡོ་རྗེ་ཚང་དང་། དགོན་ལུང་ཡུལ་དུ་སྐུ་འཁྲུངས་པའི་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་དང་། མདོ་སྨད་རྒྱལ་མོ་ཡུལ་དུ་སྐུ་འཁྲུངས་པའི་རྗེ་བློ་བཟང་འཇམ་དབྱངས་བཅས་དགེ་བཤེས་རྣམ་པ་གསུམ་ལ་དམིགས་བསལ་གྱིས་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་གནང་སྟེ། སྔར་སྲོལ་བཞིན་སྐུ་འབུམ་སྨོན་ལམ་རབ་འབྱམས་པའི་དམ་བཅའ་སླར་གསོས་པའི་བཀྲ་ཤིས་ཀྱི་སྒོ་འཕར་ཡོངས་སུ་ཕྱེས་པའོ།།
    གཞན་འདི་ལོའི་སྐུ་འབུམ་བྱམས་པ་གླིང་གི་དགུན་ཆོས་ཆེན་མོའི་ཉིན་གྱི་ཧོར་ཟླ ༡༡པའི་ཚེས༩ ཉིན་སྐྱབས་རྗེ་དགེ་ཀྱཱ་རིན་པོ་ཆེ་དབུར་བཞུགས་ཏེ་ཚེས༢༣ ཉིན་བར་གྱི་ཉིན་བཅུ་བཞིའི་རིང་། སྐུ་འབུམ་དགོན་པའི་གཞོན་སྐྱེས་ཁ་ཏའི་ཁ་བའི་དགེ་བཤེས་དཔལ་ལྡན་བློ་གྲོས། སྐུ་འབུམ་ཟི་ན་ཚོ་བའི་དགེ་བཤེས་རྒྱལ་མཚན་མགོན་པོ། སྐུ་འབུམ་ཤོག་པ་ཚོ་བའི་དགེ་བཤེས་མཁྱེན་རབ་རྒྱལ་མཚན། རྡོ་སྦིས་དགེ་བཤེས་སྐལ་བཟང་ཤེས་རབ། མཚོ་སྔོན་པོ་སོག་རུའི་དགེ་བཤེས་དམ་ཆོས་འཇིགས་མེད། སྐུ་འབུམ་ཀླུ་འབུམ་ཚོ་བའི་དགེ་བཤེས་རྒྱལ་མཚན་ཟླ་བ། བ་ཡན་དགེ་བཤེས་བློ་བཟང་བསྟན་འཛིན་བཅས་མི་བདུན་གྱིས་ཉིན་གཉིས་རེར་མཁས་མང་གསེར་རིའི་ཕྲེང་བ་རབ་ཏུ་བརྗིད་པའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔར་དམ་བཅའ་བཞག་སྟེ། ཕྱི་ལོའི་ཟླ་དང་པོའི་ཆོ་འཕྲུལ་སྨོན་ལམ་སྐབས་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་གནང་རྒྱུར་གཏན་ཁེལ་བ་ནི་ཆེས་རླབས་ཆེ་ཞིང་རྗེས་སུ་ཡི་རང་གི་གནས་དང་། གདན་ས་ཆེན་པོ་གང་གི་ཆོས་སྲིད་ཀྱི་ལེགས་ཚོགས་ཐམས་ཅད་བླ་ནས་བླ་རུ་འཕེལ་བའི་བཀྲ་ཤིས་པའི་མཚོན་རྟགས་ཤིག་གོ།

1.jpg

    ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཡང་དེ་དང་མཐུན་པར་སྨོན་ལམ་རབ་འབྱམས་པ་དང་སྔགས་རམས་པ། བཤད་རམས་པ། གླིང་བསྲེས་བཀའ་བཅུ་སོགས་དགེ་བཤེས་ཀྱི་མཚན་བཏགས་མང་ཙམ་ཡོད་པ་ལས། སྨོན་ལམ་རབ་འབྱམས་པའི་མཚན་བཏགས་སམ་དམ་བཅའ་ནི་རྒྱལ་མཁན་པོ་ཨ་ཆི་ཐུ་ནོ་མོན་ཧན་བློ་བཟང་དོན་འགྲུབ་མཆོག་སྐུ་འབུམ་གྱི་ཁྲི་ཆེན་ཉི་ཤུ་བར་བཞུགས་དུས་ཀྱི་ས་ཕག་སྟེ། ཕྱི་ལོ༡༧༡༧ལོར་ཆོས་སྡེ་ཆེན་པོ་འདིར་སྨོན་ལམ་རབ་འབྱམས་པའི་སྲོལ་གསར་དུ་བཏོད་ཅིང་། འདི་ནས་བཟུང་ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་རྒྱུན་མི་འཆད་པའི་བཀའ་ཁྱབ་ཡི་གེར་གཏན་ལ་ཕབ་པར་མཛད་དེ། སྐུ་འབུམ་བྱམས་པ་གླིང་གི་དགེ་བཤེས་བཟང་ཤོས་རྣམས་ཀྱིས་དགུན་ཆོས་ཆེན་མོའི་སྟེང་གཞུང་ཆེན་བཀའ་པོད་ལྔ་ལ་དམ་བཅའ་དང་། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུས་སུ་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་གནང་བའི་སྲོལ་བྱུང་བའོ།

2.jpg

     ཕྱིས་མཚོ་སྔོན་དུས་འཁྲུག་དང་རྒྱ་སོག་གི་འཁྲུག་པ་སོགས་ཀྱིས་ཆོས་སྡེ་ཆེན་པོའི་འཆད་ཉན་ལ་གོད་ཆགས་ཐེབས་པའི་རྐྱེན་བྱས། སྨོན་ལམ་རབ་འབྱམས་པའི་མཚན་བཏགས་དམ་བཅའ་ཡང་དུས་ཡུན་ཐུང་ངུའི་རིང་ཚོགས་མ་ཐུབ་པ་བྱུང་ཡང་། བསྟུད་མར་དམ་པ་མང་པོས་ཐུགས་རྗེ་དང་ཐུགས་བསྐྱེད་ལས་བསྐྱར་གསོ་བྱེད་ཐུབ་པ་བྱུང་།

5.jpg

རིག་གནས་གསར་བརྗེའི་གོད་ཆག་དང་རླུང་འཚུབ་ཀྱིས་བོད་ཁུལ་གྱི་དགོན་སྡེ་གཞན་དག་དང་འདྲ་བར་བཤད་སྒྲུབ་ཀྱི་བྱ་བར་ཉམས་ཉེས་བྱུང་སྟེ། ཆོས་སྡེ་འདིའི་སྨོན་ལམ་རབ་འབྱམས་པའི་དམ་བཅའ་འཇོག་པའི་སྲོལ་ལོ་ངོ་ལྔ་བཅུའི་རིང་ལ་མཚམས་ཆད་པར་གྱུར།

4.jpg

21.jpg 

22.jpg

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།