ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ལགས་རིན་ཆེན་རྣམ་རྒྱལ་གྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་སྡེ་འཛུགས་སྐྲུན་ཐད་ཀྱི་གཏམ་གླེང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4444.jpg

  2017ལོའི་སྤྱི་ཟླ2པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པ་དང་ཕུལ་བྱུང་གྲྭ་བཙུན་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་བསྡུས། ཚོགས་འདི་མཇུག་རྫོགས་རྗེས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་གསར་འགོད་པ་ལྷ་རྒྱལ་བཀྲ་ཤིས་ཀྱིས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ལགས་རིན་ཆེན་རྣམ་རྒྱལ་ལ་བཅར་འདྲི་བྱས་འདུག  འདིར་ཀྲུང་གོ་བོད་ཀྱི་དྲ་བས་བཅར་འདྲི་ཁ་ཚང་ཡིག་ངོར་བཀོད་ཡོད།   

  

ལྷ་རྒྱལ་བཀྲ་ཤིས། ཨ་ལགས། སྐུ་ཁམས་བཟང།

ཨ་ལགས་རིན་ཆེན་རྣམ་རྒྱལ། བདེ་མོ། ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།

ལྷ་རྒྱལ་བཀྲ་ཤིས། ཐོག་མར་ཁྱེད་ཉིད་ཀྱིས་ཐེངས་འདིར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པ་དང་ཕུལ་བྱུང་གྲྭ་བཙུན་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པའི་མྱོང་བ་ཞིག་གསུངས་རོགས།

ཨ་ལགས་རིན་ཆེན་རྣམ་རྒྱལ། ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་པའི་འཆམ་མཐུན་དགོན་པ་དང་། ཕུལ་བྱུང་གྲྭ་བཙུན་རྣམས་ལ་གཟེངས་བསྟོད་བྱས་པའི་ཚོགས་ཆེན་འདི་ནི། རྣམ་པ་རྒྱ་ཆེ་བ། ནུས་ཤུགས་ཡག་པོ་ཐེབས་པའི་ཚོགས་ཆེན་ཞིག་རེད།  སྤྱིར་མཚོ་སྔོན་ཞིང་ཆེན་ལ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་སྟོང་དྲུག་ལྷག་དང་། བླ་མ་དང་གྲྭ་བཙུན་ཁྲི་བཞི་ལྷག་ཡོད། དེ་དག་གི་ཁྲོད་ད་ཐེངས་དགོན་པ་བཅུ་དང་བླ་མ་གྲྭ་བཙུན་ཉི་ཤུ་ལ་དགའ་རྟགས་དང་གཟེངས་བསྟོད་ཐོབ་པ་རེད།  ཁོང་ཚོ་ནི་ལོ་འདི་འགའི་རིང་བོད་བརྒྱུད་ནང་བསྟན་གྱི་སྡེ་ནས་བྱུང་བའི་ཕུལ་བྱུང་འཐུས་ཚབ་པ་རེད།  ཁོང་ཚོས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཆམ་མཐུན་ཡོང་བ། རང་རེའི་མཚོ་སྔོན་གྱི་འཆམ་མཐུན་དང་བོད་ཁུལ་གཏན་འཇགས་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པས། རང་ཉིད་བོད་བརྒྱུད་ནང་བསྟན་པའི་མི་སྣ་ཞིག་ཡིན་པའི་ཆ་ནས།  གཟེངས་བསྟོད་ཚོགས་ཆེན་འདིར་ཞུགས་པར་ཧ་ཅང་དགའ་སྤྲོ་དང་སེམས་འགུལ་ཆེན་པོ་ཐེབས་ཡོད།

ལྷ་རྒྱལ་བཀྲ་ཤིས། ཐུགས་རྗེ་ཆེ།  དེ་རིང་ཚོགས་ཐོག་ནས་པུའུ་ཀྲང་མགོན་པོ་བཀྲ་ཤིས་ལགས་ཀྱིས་གསུངས་བཤད་ཡག་པོ་གནང་སོང་། ཁོང་གི་གསུངས་བཤད་དང་སྦྱར་ནས་རང་རེའི་མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་དགོན་པའི་གནས་ཚུལ་མདོར་བསྡུས་ཤིག་ངོ་སྤྲོད་གནང་རོགས།

ཨ་ལགས་རིན་ཆེན་རྣམ་རྒྱལ། རེད།པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱི་གསུངས་བཤད་ལས།  འདས་པའི་ལོ་གསུམ་གྱི་རིང་ལ།  རང་རེའི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མི་དམངས་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་དགོན་པ་ལ། མ་དངུལ་སྒོར་དུང་ཕྱུར་བཅུ་བཞི་ལྷག་བཏང་ནས་དགོན་པ་དང་གྲྭ་བཙུན་ལ་ཕན་པའི་ལས་ཀའི་རྣམ་གྲངས6492བརྩོན་ལེན་བྱས་པ་རེད།  དེ་ལས། དགོན་པ397ལ་ཆུའི་དཀའ་ཁག་ཐག་བཅད་པ་དང་། དགོན་པ183ལ་གློག་མེད་པའི་དཀའ་ཁག་ཐག་བཅད། དགོན་པ139ཡི་ལམ་ཡག་པོ་ལས། དགོན་པ179ཡི་ཚོགས་ཆེན་འདུ་ཁང་དང་གྲྭ་ཤག་སོགས་ཇེ་བཟང་ཇེ་ལེགས་སུ་བཏང་། དགོན་པ454ཡི་གློག་ལམ་སོགས་བཅོས་སྒྱུར་ལེགས་པོ་བྱས།  དགོན་པ་215ཡི་ཁོར་ཡུག་ཇེ་མཛེས་ཇེ་སྐྱིད་ལ་བཏང་། གཞན་ད་རུང་། དགོན་པའི་བླ་མ་གྲྭ་བཙུན་གྱི་རྒན་གསོའི་འགན་སྲུང་དང་སྨན་བཅོས་འགན་སྲུང་སོགས་ཀྱི་ཐད་ནས་ཀྱང་གྲུབ་འབྲས་དང་ནུས་པ་མི་དམན་པ་ཐོན་ཡོད། མ་འོངས་པར་འདི་ལས་ལྷག་པའི་རྒྱབ་སྐྱོར་དང་ཐུགས་ཁུར་མུ་མཐུད་དུ་གནང་རྒྱུ་རེད།

ལྷ་རྒྱལ་བཀྲ་ཤིས། རེད། རེད། དེས་ན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པ་དང་ཕུལ་བྱུང་གྲྭ་བཙུན་གཟེངས་བསྟོད་ཚོགས་ཆེན་འདི་དང་སྦྱར་ནས་མཇུག་མཐའི་རེ་བ་དང་སྨོན་ལམ་ཅི་ཞིག་ཡོད།

ཨ་ལགས་རིན་ཆེན་རྣམ་རྒྱལ།  རེ་བའི་ཆ་ནས་ངས་དོན་ཚན་གསུམ་བཤད། རེ་བ་དང་པོ་ནི། ངས་འདིར་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚབ་བྱས་ནས། བོད་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་ཡོངས་ཀྱིས་གཟེངས་བསྟོད་ཐོབ་པའི་དགོན་པ་དང་གྲྭ་བཙུན་ལ་སློབ་སྦྱོང་ཡག་པོ་བྱེད་པ་དང་།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། ཆོས་ལུགས་དེ་ཀྲུང་གོ་རང་གི་ཁྱད་ཆོས་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ནང་བསྟན་དགོན་སྡེར་དོ་དམ་ཡག་པོ་བྱེད་པ་དང་། གྲྭ་བ་དང་བཙུན་མ། དེ་མིན་དད་ལྡན་མང་ཚོགས་ཚང་མར་སྣེ་འདྲེན་ཡག་པོ་བྱས་ནས་སྔར་ལས་མང་བའི་འཆམ་མཐུན་དགོན་སྡེ་དང་། སྔར་ལས་མང་བའི་ཕུལ་བྱུང་གྲྭ་བཙུན་ཡོང་ཐུབ་རྒྱུར་བརྩོན་ལེན་བྱ་དགོས། རེ་བ་གཉིས་པ། རིམ་པ་སོ་སོའི་ནང་བསྟན་མཐུན་ཚོགས་ཀྱིས་ཕྱོགས་ཡོངས་ལ་རྒྱ་ཁྱབ་ཏུ་འབྲེལ་བ་བྱེད་པའི་ནུས་པ་འདོན་དགོས་ལ། རེབ་འདིའི་ཚོགས་ཆེན་གྱི་དགོངས་དོན་དེ་ནང་བསྟན་དགོན་སྡེ་སོ་སོའི་ནང་དྲིལ་སྒྲོག་བྱེད་དགོས།  གྲྭ་བཙུན་རྣམས་རྩ་འཛུགས་བྱས་ཏེ་ཚོགས་ཆེན་གྱི་དགོངས་དོན་ནན་གྱིས་སློབ་སྦྱོང་དང་། པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབ་ཡོང་བར་འབད་བརྩོན་བྱ་དགོས། གྲྭ་བ་དང་བཙུན་མ་རྣམས་རྒྱལ་གཅེས་ཆོས་གཅེས་ཀྱི་མ་དཔེ་དང་། བསླབ་བརྩོན་ཁྲིམས་སྲུང་གི་མ་དཔེ།  མི་རིགས་མཐུན་སྒྲིལ་གྱི་མ་དཔེ། སྤྱི་ཚོགས་ཞབས་ཞུ་ཡི་མ་དཔེ་བཅས་སུ་འགྱུར་བར་བརྩོན་ལེན་བྱས་ནས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་བརྩོན་བྱ་བར་རང་ནུས་ཅི་ལྕོགས་སྒོས་ནུས་པ་འདོན་དགོས། རེ་བ་གསུམ་པ།  སང་ཕྱིན་ཆད་ཀྱང་འདི་དང་འདི་ལྟ་བུའི་གཟེངས་བསྟོད་ཚོགས་ཆེན་མང་དུ་འཚོག་ནས། ཉམས་མྱོང་ཕྱོགས་བསྡོམས་དང་། དཔེ་བཟང་ལེགས་སྤེལ། སྔོན་ཐོན་གཟེངས་བསྟོད། འཆམ་མཐུན་ཡར་སྐུལ་བཅས་ཡོང་བར་འབད་པ་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་པའི་སྡེ་ནས་སྔོན་ཐོན་དཔེ་ལེགས་ཅན་ལྷག་ཏུ་མང་པོ་འབྱུང་བར་སྐུལ་མ་བཏང་སྟེ།  ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་མང་པོ་འཇོག་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ།

ལྷ་རྒྱལ་བཀྲ་ཤིས།     བཀའ་དྲིན་ཆེ།  

ཨ་ལགས་རིན་ཆེན་རྣམ་རྒྱལ།   བཀྲ་ཤིས་བདེ་ལེགས།

ལྷ་རྒྱལ་བཀྲ་ཤིས།    བཀྲ་ཤིས་བདེ་ལེགས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།