ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ནང་བསྟན་སློབ་གླིང་གི2017ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པའི་མཛད་སྒོ་སྟེང་གི་གསུང་བཤད།

ཡོང་ཁུངས། : མཚོ་སྔོན་འཐབ་ཕྱོགས་གཅིག་གྱུར།     སྤེལ་དུས། : 2017-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ནང་བསྟན་སློབ་གླིང་གི2017ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པའི་མཛད་སྒོ་སྟེང་གི་གསུང་བཤད།
ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།  ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ།  རིན་ཆེན་རྣམ་རྒྱལ།
2017ལོའི་ཟླ3པའི་ཚེས31ཉིན།

123.jpg

དེ་རིང་།  ང་ཚོས་མཚོ་སྔོན་ནང་བསྟན་སློབ་གླིང་གི2017ལོའི་དཔྱིད་ཀའི་སློབ་འགོ་རྩོམ་པའི་མཛད་སྒོ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཀྲང་བློ་མཐུན་མགོན་པོ་བཀྲ་ཤིས་དང་། གཞན་ཡང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། འཐབ་ཕྱོགས་གཅིག་སྒྲིལ་པུའུ་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། མཚོ་ལྷོ་ཁུལ་དང་ཁྲི་ཀ་རྫོང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས་ཆེད་དུ་ཕེབས་ཤིང་། འདི་ལས་ཏང་དང་སྲིད་གཞུང་གིས་ང་ཚོའི་ནང་བསྟན་སློང་གླིང་ལ་གཙིགས་ཆེན་བླ་མེད་དང་གཞོགས་འདེགས་ཤུགས་ཆེར་གནང་བ་གསལ་བོར་མཚོན་ཐུབ། ངས་སློབ་གླིང་གི་ཚབ་བྱས་ནས་རྣམ་པ་ལྷན་རྒྱས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་དང་ལྷག་བསམ་ཟོལ་མེད་སྒོས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག  མཛད་སྒོར་ཞུགས་པའི་བློ་མཐུན་རྣམ་པ་དང་། དགེ་སློབ་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་འཚམས་འདྲི་ཞུ་བ་ཡིན།
མདོ་སྡེ་ལས་བརྒྱ་བ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི།། བསྐལ་བ་བརྒྱར་ཡང་ཆུད་མི་ཟ།། ཚོགས་ཤིང་དུས་ལ་བབ་པ་དང་།། འབྲས་བུ་སྨིན་པ་ཉིད་དུ་འགྱུར།། ཞེས་གསུངས་པ་ལྟར་ང་ཚོ་དེ་རིང་གནས་འདིར་འཛོམས་པའང་ངེད་ཅག་ཐུན་མོང་སྤྱིའི་སྔོན་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པའི་དན་རྟགས་སུ་ཟད་ཅིང་། ནང་སྒོས་སུ་ང་རང་ནང་བསྟན་སློབ་གླིང་གི་གླིང་གཙོར་བསྐོས་པ་ནི་སྔོན་བསགས་ཀྱི་ལས་འབྲས་ཡིན་ལ། སྲིད་གཞུང་གི་མངགས་བཅོལ་ཡང་ཡིན། དེ་རིང་ནས་བཟུང་། ངས་རང་ནུས་ཡོད་དགུ་རྩལ་སྤྲུག་གིས་བྱ་ལས་ལ་འབད་ནས་སློབ་གླིང་གི་སྤྱི་ཚོགས་ཀྱི་དགེ་ཕན་འདོན་སྤེལ་ཅི་ཐུབ་བྱས་ཏེ།  འཆམ་མཐུན་སྤྱི་ཚོགས་བསྐྲུན་པར་ནུས་པ་གང་ལེགས་འདོན་རྒྱུ་ལགས།
དེ་རིང་ཉིན་བཟང་སྐར་བཟང་གི་དུས་འདི་ལ། ངས་ནང་བསྟན་སློབ་གླིང་གི་བྱ་བ་ལེགས་པོར་བསྒྲུབ་པའི་ཐད་ལ་རེ་བ་གསུམ་འདོན་རྒྱུ་ཡིན་ཏེ།
གཅིག དད་སེམས་བརྟན་པོའི་ངང་རྒྱལ་གཅེས་ཆོས་གཅེས་ཀྱི་དཔེ་སྟོན་བྱ་དགོས། རྒྱལ་གཅེས་ཆོས་གཅེས་དང་ཆོས་སྤེལ་གཞན་ཕན་བསྒྲུབ་རྒྱུ་ནི་བོད་བརྒྱུད་ནང་བསྟན་གྱི་གཞི་རྩའི་བླང་བྱ་ཡིན་ལ། ནང་བསྟན་སློབ་གླིང་གི་རྩ་བའི་བསྲུང་བྱའང་ཡིན། དེ་ལ་ནང་བའི་གཞུང་ལུགས་སུ། ཕ་མ་དང་། རྒྱལ་ཁབ། སེམས་ཅན། མཆོག་གསུམ་བཅས་ལ་དྲིན་གཟོ་དགོས་པའི་དགོངས་དོན་གལ་ཆེན་ཡོད་པ་ལྟར་ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་ལག་ལེན་ཅི་ཐུབ་བྱས་ནས་གཞན་ལ་དཔེ་སྟོན་དགོས་པར་མ་ཟད། དད་ལྡན་མང་ཚོགས་ཡོངས་ལའང་རྒྱལ་ཁབ་ལ་དྲིན་གཟོ་བ་ནི་ཚོགས་བསགས་སྒྲིབ་སྦྱང་གི་དགེ་ལས་ཡིན་པའི་བསླབ་བྱ་ཡང་ཡང་གནང་དགོས། ང་ཚོས་ནང་བསྟན་སློབ་གླིང་འཛུགས་པའི་དམིགས་ཡུལ་ནི། “ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཅིང་།  ཆོས་ལུགས་ཀྱི་ཤེས་ཡོན་མངའ་བ། གཤིས་ཡག་ཀུན་དང་མཐུན་པ། གནད་འགག་གི་སྐབས་སུ་ནུས་པ་འདོན་ཐུབ་པ་དང་། རང་འགུལ་གྱིས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པའི་”སྐྱེས་བུ་དམ་པ་མང་བོ་སྐྱེད་སྲིང་དང་། འཇིག་རྟེན་འཚོ་ལུགས་དང་མཐུན་པའི་བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་སྔར་མུས་རྒྱུན་འཁྱོངས་དང་དར་སྤེལ་གང་ཐུབ་བྱས་ནས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཡར་སྐུལ་གཞོགས་འདེགས་ཀྱི་ནུས་པ་འདོན་དགོས་པ་ཡིན། ན་ནིང་གི་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་སྟེང་། “དགོན་པའི་སྲོལ་རྒྱུན་གྱི་སློབ་མ་སྐྱོང་ལུགས་ལ་རིམ་བཞིན་བཅོས་བསྒྱུར་བྱས་ནས། དེང་རབས་ཀྱི་ཆོས་ལུགས་པ་སྐྱོང་ཐབས་ལ་བརྟེན་ནས་ནང་བསྟན་སྔར་མུས་རྒྱུད་འཛིན་དང་རྗེས་འཇུག་སློབ་བུ་སྐྱེད་སྲིང་བྱེད་དགོས་”ཞེས་པའི་བླང་བྱ་བཏོན་ནས།  དེང་རབས་ཀྱི་ནང་ཆོས་སློབ་གསོ་བསྒྲུབ་ཚུལ་ཐད་ལ་མཛུབ་སྟོན་གསལ་བོ་གནང་། ནང་བསྟན་གྱི་སྔར་རྒྱུན་དང་འཚམ་པར་མ་ཟད། དད་ལྡན་མང་ཚོགས་ཀྱི་བློ་མོས་དང་འོས་ལ། སྤྱི་ཚོགས་ལམ་ལུགས་དང་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཡང་མཐུན་ན། ད་གཟོད་ནང་བསྟན་གྱི་དགོངས་དོན་ཁྱབ་ཆེར་བརྒྱུད་སྤེལ་ཐུབ་པ་ཡིན་པས། ང་ཚོས་ངེས་པར་དུ་ཆོས་ལུགས་ཀྱི་དགོངས་པར་དུས་བབ་དང་བསྟུན་ནས་འགྲེལ་བཤད་བརྒྱག་དགོས། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ།། དེ་ནི་གང་ཡང་ཡོད་མ་ཡིན།། དེ་ལྟར་གནས་པའི་མཁས་པ་ལ།། བསོད་ནམས་མི་འགྱུར་གང་ཡང་མེད།། ཅེས་གསུངས་པ་ལྟར་ཤེས་ཡོན་དཔལ་འབྱོར་གྱི་དུས་རབས་གསར་བ་འདིར། ང་ཚོ་ནང་བ་ཞིག་ལ་མཚོན་ན། དེང་རབས་ཀྱི་ཕལ་སྐད་དང་ཚན་རྩལ་རིག་གནས་སོགས་ལ་བརྟེན་ན་ད་གཟོད་རྒྱལ་བསྟན་རིན་པོ་ཆེ་ཆེས་ཆེར་ཁྱབ་སྤེལ་བཏང་ནས་སྤྱི་ཚོགས་ལ་ཕན་ནུས་གང་ལེགས་འདོན་ཐུབ་ཅིང་། གལ་ཏེ་ང་ཚོར་ཤེས་ཡོན་སྣ་གཅིག་ལས་འཇིག་རྟེན་ཐུན་མོང་གི་རིག་གནས་སྤྱི་དང་ལྷག་པར་དུ་དེང་རབས་ཀྱི་ཚན་རྩལ་རིག་གནས་ཐད་ཀྱི་ཤེས་བྱ་ལ་སྦྱངས་པ་སྔོན་སོང་མེད་ན། མར་གྱུར་སེམས་ཅན་ཐམས་ཅད་འཁོར་བ་ལས་འདྲེན་པ་ལྟ་ཞོག དེང་རབས་ཀྱི་སྐྱེས་འགྲོ་དག་ལ་ནང་ཆོས་སྒྲོག་པའང་དཀའ་བའི་གནས་སུ་འཁུམས་པས། སློབ་མ་རྣམས་ཀྱིས་ངེས་པར་དུ་རང་རྟོགས་སྒོས་སློབ་སྦྱོང་ལ་འབད་པ་བྱས་ནས་རང་ཉིད་ཀྱི་ཤེས་ཡོན་མཐོར་འདེགས་བཏང་སྟེ། རྒྱལ་གཅེས་ཆོས་གཅེས་ཀྱི་ལྟ་བས་གཞིར་བཞག་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་དང་།  མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་ཆོས་རྒྱུན་ལ་སྲུང་སྐྱོབ་བཅས་བྱེད་དགོས།
གཉིས། གོ་སྐབས་དམ་འཛིན་གྱིས་མདོ་སྔགས་གཉིས་ལ་བྱང་བའི་མཁས་གྲུབ་བྱ་དགོས། བོད་གངས་ཅན་པའི་ཡུལ་འདིར་ཕྱི་དར་བསྟན་པའི་མེ་རོ་མདོ་སྨད་ཡུལ་ནས་གསོས་པའི་ཚུན་ལ། མཚོ་སྔོན་དུ་སྐྱེས་ཆེན་དམ་པ་རབ་དང་རིམ་པ་བྱུང་ནས་བྱིན་གྱིས་བརླབས་ཡོད་པས། འདིར་བཞུགས་ཀྱི་སློབ་མ་དག་ཀྱང་མ་འོངས་པར་བསྟན་པ་རིན་པོ་ཆེའི་རྐང་འཛིན་དུ་འགྱུར་བར་ཡིད་ཆེས་བརྟན་པོ་ཡོད། ནང་བསྟན་སློབ་གླིང་དུ་སློབ་མ་ནི་གཙོ་གཞི་ཡིན་ཞིང་། སློབ་སྦྱོང་ནི་ལས་འགན་ཨང་དང་པོ་ཡིན། དེ་ལའང་། ཤེས་རབ་སྡོང་བུ་ལས། དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་།། ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས།། ངང་པས་ཆུ་ནང་ནས་ནི་འོ་མ་བཞིན།། གང་ཞིག་གཅེས་པ་དེ་ནི་བསྟེན་པར་བྱ།། ཞེས་གསུངས་ཡོད་པ་དང་། ལེགས་བཤད་རིན་པོ་ཆེའི་གཏེར་ལས་ཀྱང་། རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང་།། རྒྱལ་བོའི་བང་མཛོད་ནོར་གྱིས་མིན།། འདོད་ཡོན་སྤྱད་པས་མི་ངོམས་ཏེ།། མཁས་པ་ལེགས་བཤད་ཀྱིས་མི་ངོམས།། ཞེས་གསུངས་པ་ལྟར་ཚང་མས་སྡོམ་འཛིན་ཉམས་ལེན་བྱེད་པ་གཞིར་བཞག་གི་སྟེང་ནང་བསྟན་ཤེས་རིག་གཙོར་བྱས་སྦྱང་བྱའི་རིག་པའི་གནས་གཞན་དག་ལ་ཕྱོགས་རིས་མེད་པར་བརྩོན་པ་ལྷུར་ལེན་བྱས་ནས་གྲུབ་འབྲས་མངོན་པ་བྱེད་དགོས། ལྷག་པར་དུ་བློ་མཐུན་མགོན་པོ་བཀྲ་ཤིས་ལགས་ཀྱི་སྣེ་འདྲེན་ལས།  རང་ཅག་གིས་སློབ་གླིང་རིམ་པའི་ཞིབ་འཇུག་དཔྱད་གཞི་སྒྲིག་འཛུགས་དང་། སློབ་གླིང་རིག་གཞུང་དུས་དེབ་གསར་བཟོ། སློབ་གླིང་ཕན་ཚུན་མཉམ་ལས་སོགས་བྱེད་པའི་ལས་སྒོ་ཕྱེས་པར་མ་ཟད། དམ་པའི་རྣམ་ཐར་བརྒྱ་བ་རྩོམ་སྒྲིག་དང་། ནང་བསྟན་རིག་པར་ཞིབ་འཇུག དཔྱད་རྩོམ་འབྲི་བར་སྐུལ་འདེད་སོགས་བྱེད་པའི་ཐབས་ལམ་སྤྱད་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་དགེ་ལས་སྤེལ་བར་མཐུན་རྐྱེན་ལེགས་པོ་བསྐྲུན་ངེས། སྲོལ་རྒྱུན་ལ་བརྩི་འཇོག་གནང་བའི་ཁར།  དུས་རབས་དང་མཐུན་པར་བསླབ་གཞི་སྣ་ཚོགས་ལུགས་མཐུན་གྱིས་བཀོད་སྒྲིག་བྱ་དགོས་པར་མ་ཟད།  ཡུལ་དངོས་ལྟ་ཞིབ་དང་ཆོས་རྩོད་དངོས་སྦྱོང་སོགས་འོས་འཚམ་གྱིས་བཀོད་སྒྲིག་བྱས་ནས་སློབ་གསོའི་བྱང་ཚད་མཐོར་འདེགས་གཏོང་དགོས། དགེ་བའི་བཤེས་གཉེན་དང་སློབ་མ་རྣམས་རྩ་འཛུགས་བྱས་ནས་ནང་བསྟན་གྱི་དགོངས་དོན་ལ་དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་སྒོ་ནས་འགྲེལ་བཤད་ཁྱབ་སྒྲོག་དགོས་པར་མ་ཟད། དད་ལྡན་མང་ཚོགས་ཡོངས་ལ་འཆམ་མཐུན་སྤྱི་ཚོགས་འཛུགས་བསྐྲུན་གྱི་ཐད་ལ་ནུས་པ་འདོན་པར་སྐུལ་སློང་གནང་བ་གལ།
གསུམ། ལས་འགན་ཅི་ལྕོགས་སྒོས་མཛའ་བརྩེ་འཆམ་མཐུན་གྱི་མ་དཔེ་བྱ་དགོས། མཐུན་སྒྲིལ་ལས་སྒུལ་ཤུགས་འབྱུང་ལ། མཐུན་སྒྲིལ་ལས་སྟོབས་ཤུགས་དང་ཕན་འབྲས་ཀྱང་འབྱུང་ངེས་ཡིན། ཞིང་ཆེན་ནང་བསྟན་སློབ་གླིང་ཁྲི་ཀ་ནས་བསྐྱར་འཛུགས་བྱས་ཤིང་། ཀྲུང་དབྱང་གི་ཡིག་ཆའི་དགོངས་དོན་ལྟར་གཞུང་བཀའ་པོད་ལྔའི་ཐོས་བསམ་གཙོ་གཉེར་བྱེད་པའི་ལོ་བཞིའི་ལམ་ལུགས་ཀྱི་ཡོན་གནས་འཛིན་གྲྭར་སློབ་མ་ཐོག་མར་བསྡུ་ལེན་བྱས་པ་ཡིན་པས། འདིའི་ཐད་དུ་ངེད་ཅག་ལ་བརྩི་སྲུང་དང་མིག་དཔེར་འོས་པའི་སྔོན་མའི་ཉམས་མྱོང་བསླབ་བྱ་ཅི་ཡང་མི་འདུག  ནང་བསྟན་སློབ་གླིང་འདི་ལེགས་པོར་བསྒྲུབ་ཐུབ་མིན་ནི། སློབ་གླིང་འདིའི་འགོ་ཁྲིད་ཚན་ཁག་ལ་ཐུག་ཡོད། ཚན་ཁག་གི་ཁོངས་མི་དང་སྡེ་ཁག་སོ་སོའི་འགན་ཁུར་པ་རྣམས་ཀྱིས་ཐུན་མོང་འགོ་ཁྲིད་དང་ལས་བགོས་མཐུན་སྦྱོར་མཉམ་འབྲེལ་བྱས་ནས། རང་འགན་ཅི་ལྕོགས་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་སློབ་གླིང་གི་བྱ་བ་ཐམས་ཅད་ལེགས་པོར་བསྒྲུབ་དགོས།  དགོས་མཁོ་དང་གནད་དོན་དམིགས་སར་བཟུང་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་དང་། སྒྲིག་སྲོལ་ལམ་ལུགས་མུ་མཐུད་དུ་གསར་འཛུགས་འཐུས་ཚང་དུ་བཏང་སྟེ་སློབ་གྲྭའི་བྱ་ལས་ཐམས་ཅད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་དུ་གཏོང་དགོས། དགེ་བའི་བཤེས་གཉེན་རྣམ་པས་གཤིས་ཡག་སྤྱོད་བཟང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོའི་སྒོ་ནས་སློབ་མ་རྣམས་ལ་“འདུ་ཤེས་བཞི”་དང་“ཁས་ལེན་ལྔ”་ཡི་བསམ་བློ་ཆགས་པར་བསླབ་བྱ་གནང་དགོས་པར་མ་ཟད། སློབ་ཁྲིད་ཀྱི་འཆར་གཞི་ལྟར་སློབ་ཁྲིད་ལ་གྲ་སྒྲིག་ཞིབ་མོ་དང་འཆད་ཁྲིད་ལེགས་པོ་གནང་དགོས། དེ་ཡང་། བསྟན་པ་ཡར་ངོའི་ཟླ་བ་ལྟ་བུར་འཕེལ།། བསྟན་འཛིན་འོ་ཆུ་འདྲེས་པ་ལྟ་བུར་མཐུན།། འཇིག་རྟེན་རྣམ་སད་ལྷ་ཡུལ་ལྟ་བུར་སྐྱིད།། འདི་དག་བདག་གི་འདོད་པར་བྱ་བ་ཡིན།། ཞེས་གསུངས་པ་ལྟར་ང་ཚོའི་སློབ་མ་རྣམས་ས་ཆ་དང་། ཆོས་རྒྱུན། དགོན་པ་མི་འདྲ་བ་ནས་ཕེབས་པས་འོ་ཆུ་འདྲེས་པ་བཞིན་དུ་མཐུན་སྒྲིལ་གནང་རྒྱུ་ཧ་ཅང་གལ་ཆེ། མཐུན་སྒྲིལ་ལས་དགེ་སློབ་དང་ལས་བཟོ་བ་ཡོངས་ཀྱི་སྟོབས་ཤུགས་གཅིག་གྱུར་ཡོང་ཐུབ་ལ། སློབ་སྦྱོང་གི་སྒུལ་ཤུགས་དང་བྱ་བའི་ཕན་འབྲས་ཀྱང་མངོན་ཐུབ། དེ་ལ་ཡང་། ཆོས་དང་འཇིག་རྟེན་གཉིས་ཀའི་ཐུན་མོང་གི་དམིགས་ཡུལ་ནི་མདོར་བསྡུས་ན་སེམས་ཅན་ཀུན་སྐྱིད་པའི་དཔལ་ལ་རོལ་ཏུ་འཇུག་རྒྱུ་དེ་ཡིན་ལ། འཇིག་རྟེན་གྱི་ངོས་ནས་བཤད་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསྐྲུན་པའི་དམིགས་ཡུལ་ནི་འབངས་རྣམས་ཟས་རང་འགྲུབ་དང་གོས་རང་འགྲུབ་ལྟ་བུའི་འཆམ་མཐུན་གྱི་མི་ཡུལ་གྱི་ཞིང་ཁམས་ཤིག་འཛུགས་བསྐྲུན་བྱ་རྒྱུ་དེ་རེད་འདོད། ཆོས་ལུགས་ཀྱི་ཐད་ནས་བཤད་ན། ནང་བསྟན་གྱི་མཐར་ཐུག་གི་དམིགས་ཡུལ་ནི་ཐབས་ཤེས་ཟུང་འཇུག་གི་སྒོ་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་དེ་ཡིན་པ་དང་། གནས་སྐབས་ཀྱི་དམིགས་ཡུལ་ནི། སྤྱོད་འཇུག་ལས་། བདེ་བ་ཐམས་ཅད་གཞན་བདེ་འདོད་ལས་བྱུང་ཞེས་གསུངས་པའི་དགོངས་དོན་ལྟར་ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ། རང་ཉིད་འཚོ་གནས་ཀྱི་ཉེ་འཁོར་སེམས་ཅན་ལ་བདེ་སྐྱིད་འཆམ་མཐུན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་དེ་ཡིན་པས། གནས་སྐབས་ཀྱི་དམིགས་ཡུལ་ནི་མཐར་ཐུག་གི་དམིགས་ཡུལ་གང་དེ་མངོན་འགྱུར་བྱེད་པར་མེད་དུ་མི་རུང་བའི་སྔོན་འགྲོའི་མཐུན་རྐྱེན་ཡིན་པས། འདིར་བཞུགས་ཀྱི་དགེ་སློབ་ཡོངས་ཀྱིས་རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་བརྗེ་གང་རུང་གི་སྒོ་ནས་ཕན་ཚུན་ལ་དགའ་བ་དང་ཡིད་འོང་བསྒོམས་ཏེ། གཞན་ཕན་གྱི་ལས་ལ་གཞོལ་ནས་ཕན་ཚུན་མཛའ་བརྩེ་མཐུན་སྒྲིལ་བྱེད་པ་ནི་བསོད་ནམས་ཚོགས་བསགས་ཀྱི་དགེ་ལས་ཡིན་པར་ངེས་ཤེས་འདྲོངས་དགོས་པར་མ་ཟད། དད་ལྡན་མང་ཚོགས་ཡོངས་ལའང་འཆམ་མཐུན་སྤྱི་ཚོགས་འཛུགས་བསྐྲུན་གྱི་ལས་ལ་གཞོལ་བ་ནི་བསོད་ནམས་ཀྱི་ཚོགས་ཡིན་པའི་བསླབ་བྱ་ཡང་ཡང་གནང་དགོས།
 དགེ་སློབ་རྣམ་པ།  ནང་བསྟན་སློབ་གསོའི་ཕྱོགས་ལ་འབད་པ་ནི་ཚོགས་བསགས་ཀྱི་དགེ་ལས་ཡིན་པས། ང་ཚོས་ངེས་པར་དུ་བདག་པོ་རང་གིས་རྒྱག་པའི་འདུ་ཤེས་བཟུང་ནས་སློབ་གླིང་ལེགས་པོར་བསྒྲུབས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་བཅུ་གསུམ་པ་བདེ་བླག་ངང་འཚོག་པར་མཐུན་རྐྱེན་བསྐྲུན་དགོས།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།