ཀྲུང་གོ་བོད་ཀྱི་དྲ་བ།

བློ་རིག་གི་རྣམ་གཞག་ལས་སེམས་དང་སེམས་བྱུང་གི་སྐོར་ཅུང་ཟད་གླེང་བ།

ཡོང་ཁུངས། : རྩེར་སྙེག   རྩོམ་པ་པོ། : ཕུན་ཚོགས་ཚེ་རིང་།   སྤེལ་དུས། : 2019-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  གླེང་གཞི།

  དེ་ཡང་རང་རེ་གངས་ཅན་ལྗོངས་ཀྱི་རིག་གནས་ཆེན་པོ་ལྔའི་ཡ་གྱལ་དུ་གྱུར་པའི་ལོག་སྨྲ་ཚར་གཅོད་ཀྱི་གཞུང་ཆེན་གཉིས་ལས་གཙོ་བོར་དོན་གྱི་འཁྲུལ་བ་སེལ་བར་བྱེད་པའི་ཚད་མ་རིག་པའི་གཞུང་ལུགས་ནི་བོད་ཀྱི་གཞུང་ཆེན་བཀའ་པོད་ལྔའི་རིག་པའི་བང་མཛོད་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་ཏེ། རྗེ་ཙོང་ཁ་པ་ཆེན་མོའི《བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ》ལས། "གལ་ཏེ་ཡང་དག་དམ་བཅའ་ཙམ་ཞིག་གིས། །ངེས་པ་རྙེད་ཀྱང་སྒྲུབ་དང་སུན་འབྱིན་གྱི། །ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ཕྱིར། །འདམ་ལ་བཏབ་པའི་ཕུར་པ་བཞིན་འགྱུར་བས། །ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །"①ཞེས་ཚད་མ་རིག་པའི་གལ་ཆེའི་རང་བཞིན་གསུངས་པའི་ལུང་ཚིག་གིས་སྔུན་བསུས་ཏེ། འདིར་སྐབས་སུ་བབས་པའི་གླེང་བྱ་ནི། སྤྱིར་ན་ཚད་མའི་གཞུང་དོན་འཆད་པ་ལ་རྩ་བའི་ས་བཅད་གསུམ་དུ་ཕྱེ་བ་སྟེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་མཆོག་གིས། "ཤེས་བྱ་ཡུལ་གྱི་རྣམ་གཞག ཤེས་བྱེད་བློའི་རྣམ་གཞག ཤེས་པ་ཡུལ་ལ་ཇི་ལྟར་འཇུག་པའི་ཚུལ་གྱི་རྣམ་གཞག་དང་གསུམ"②དུ་ཕྱེ་གནང་མཛད་པ་ལས། ཤེས་བྱེད་བློ་རིག་གི་རྣམ་གཞག་ནི་དོན་དམ་དུ་ཚད་མ་རིག་པའི་གཞུང་ཙམ་མ་ཟད་བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་མོའི་རྩ་བའི་བརྗོད་བྱར་གྱུར་ཡོད་དེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི《བློ་རིག་མཐའ་དཔྱོད》ལས། "འཁོར་འདས་སྐྱོན་ཡོན་དགེ་དང་མི་དགེ་དང་། །བདེན་གཉིས་བདེན་བཞིའི་བླང་དོར་མ་ལུས་པ། །སོ་སོར་འཁྲུལ་དང་མ་འཁྲུལ་བློ་རིག་ཚོགས། །ལེགས་བཤད་དྭངས་ཤེལ་ནང་དུ་བཀྲ་འདི་ལྟོས། །"③ཞེས་གསུངས་པ་ལགས་ན། དེ་དག་གི་གཞུང་ལ་ངེས་ཤེས་འདྲོངས་པར་བྱ་རྒྱུ་ནི་ནང་བསྟན་ཤེས་རིག་གི་ལྡིང་ཁང་དུ་འཛེག་པའི་ཐེམ་སྐས་ལྟ་བུར་མངོན་ནོ། །
  དེ་ཡང་ཤེས་བྱེད་བློའི་རྣམ་གཞག་ལ་རྟོག་བཅས་དང་རྟོག་མེད་ཀྱི་བློ་གཉིས་སུ་དབྱེ་བ་དང་། བློ་རིག་བདུན་དུ་དབྱེ་བ། ཚད་མ་དང་ཚད་མིན་གྱི་བློ་གཉིས་སུ་དབྱེ་བ། སེམས་དང་སེམས་བྱུང་གཉིས་སུ་དབྱེ་བ། འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིས་སུ་དབྱེ་བ་སོགས་དབྱེ་ཚན་མང་དུ་ཕྱེ་སྲོལ་ཡོད་པ་ལས། འདིར་སེམས་དང་སེམས་བྱུང་གི་རྣམ་གཞག་སྐོར་ལ་ཅུང་ཙམ་དཔྱད་པར་བྱ།
  དང་པོ། སེམས་དང་སེམས་བྱུང་སྤྱིར་བཤད་པ།
  དེ་ཡང་སེམས་དང་སེམས་བྱུང་གི་རྣམ་གཞག་ལ་རྣམ་དཔྱོད་ཕྲ་མོས་ཞིབ་ཏུ་བསལ་ཐུབ་ཚེ། རང་སེམས་ཉོན་མོངས་པ་དང་། དགེ་བའི་སེམས་མཐའ་དག་ལ་ངོས་འཛིན་ཁ་གསལ་བྱུང་ཐོག་ཕྱིས་འབྱུང་བླང་དོར་གྱི་གནས་ལ་འཇུག་ལྡོག་ཚུལ་བཞིན་བྱེད་པར་དམིགས་བུ་ཁ་གསལ་འཆར་ཐུབ། ལྷག་པར་དུ་འཇིག་རྟེན་སྣོད་བཅུད་ཀྱི་སྐྱོན་ཡོན་ཐམས་ཅད་མཐར་གཏུགས་ན་སེམས་ལས་བྱུང་བ་ཡིན་ཞེས་མདོ་རྒྱུད་དགོངས་འགྲེལ་རྣམས་ལས་ལན་གཅིག་མིན་པར་གསུངས་ན། སེམས་དང་སེམས་བྱུང་གི་མཚན་ཉིད་དང་དབྱེ་བ་སོགས་ཚུལ་བཞིན་ཤེས་པར་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ་བར་མཐོང་། སྤྱིར་ན་གང་ཟག་གཅིག་གི་རྒྱུད་ཀྱི་ཤེས་པའམ་བློ་ལ་སེམས་དང་སེམས་བྱུང་གཉིས་སུ་དབྱེ་སྟེ། རང་རྒྱུད་ལ་སེམས་བྱུང་གང་ཡང་རུང་བ་ཞིག་མངོན་དུ་གྱུར་པའི་ཚེ། གཙོ་སེམས་དང་ནམ་ཡང་ལྷན་ཅིག་ཏུ་བྱུང་ཞིང་། སེམས་དེའི་འཁོར་དུ་གནས་པའི་སེམས་བྱུང་གང་རུང་ཞིག་ཀྱང་ངེས་པར་ཡོད་དགོས་པ་ལགས། དེ་བས་ན་ཇི་སྐད་དུ། "བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །"ཞེས་གསུངས་པ་ལྟར་ཐོག་མར་སེམས་དང་སེམས་བྱུང་གི་མཚན་ཉིད་དང་དབྱེ་བ། དེ་གཉིས་ཀྱི་ཁྱད་འབྲེལ་སོགས་མདོར་བསྡུས་ཙམ་མི་བརྗོད་ཐབས་མེད་དོ། །
  གཅིག སེམས་སེམས་བྱུང་གི་མཚན་ཉིད་སྤྱིར་བསྟན་པ།
  དེ་ཡང་དཔལ་ཆོས་ཀྱི་གྲགས་པས། "ཐབས་བྱུང་དེ་རྒྱུ་ལྐོག་གྱུར་པ། །དེ་འཆད་པ་ནི་དཀའ་བ་ཡིན། །"ཞེས་གསུངས་པ་ལྟར་སེམས་དང་སེམས་བྱུང་གི་མཚན་ཉིད་སྤྱི་ཙམ་མ་འཆར་བར་དེའི་ནང་དོན་གཞན་སྤྲོས་པའི་ཐབས་མེད་ན་ཐོག་མར་དེ་ཉིད་གལ་ཆེ་བར་མཐོང་ངོ་། །འོ་ན་སེམས་དང་སེམས་བྱུང་གི་མཚན་ཉིད་གང་ཞེ་ན། འཐད་པར་བྱ་སྟེ། རང་ཡུལ་དུ་གྱུར་པའི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་ཆ་ནས་བཞག་པའི་རིག་པ་དེ་སེམས་ཀྱི་མཚན་ཉིད་ཡིན་ལ། སེམས་དང་ཡིད་དང་། རྣམ་པར་ཤེས་པ། གཙོ་སེམས་བཞི་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པར་བཞེད། ཡང་སེམས་བྱུང་ནི་རང་ཡུལ་དུ་གྱུར་པའི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་བའི་ཆ་ནས་བཞག་པའི་རིག་པ་དེའི་མཚན་ཉིད་དུ་འདོད། སེམས་བྱུང་དང་། འཁོར་སེམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། དངུལ་ཆུ་ངྷརྨ་བྷ་དྲའི་སེམས་དང་སེམས་བྱུང་གི་ངོས་འཛིན་མདོར་བསྡུས་ཆོས་མངོན་རྒྱ་མཚོའི་ཡང་སྙིང་ལས། "ཡུལ་གྱི་ངོ་བོ་ཙམ་ཞིག་རིག་པ་སེམས། །ཡུལ་དེ་ཉིད་ལ་དམིགས་པ་གཞིར་བྱས་ཏེ། །བྱེད་ལས་ལ་སོགས་ཁྱད་ཆོས་གཞན་གྱི་ནི། །ལྡོག་པས་ཡུལ་ལ་འཇུག་པ་སེམས་བྱུང་ཡིན། །"④ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ཚད་མ་རིགས་རྒྱན་ལས། "རང་གི་འཁོར་སེམས་བྱུང་དང་མཚུངས་ལྡན་ལྔས་མཚུངས་པར་ལྡན་པ་གཙོ་བོ་སེམས་ཀྱི་མཚན་ཉིད་དང་། རང་གི་གཙོ་བོ་སེམས་དང་མཚུངས་ལྡན་ལྔས་མཚུངས་པར་ལྡན་པ་སེམས་བྱུང་གི་མཚན་ཉིད"⑤ཅེས་སེམས་དང་སེམས་བྱུང་ཕན་ཚུན་ལྟོས་འཇོག་གི་སྒོ་ནས་མཚན་ཉིད་འཇོག་གནང་ངོ་། །
  མདོར་ན་རང་ཡུལ་དུ་གྱུར་པའི་དོན་གྱི་གཙོ་བོ་འཛིན་པའམ་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པ་ནི་གཙོ་སེམས་ཀྱི་མཚན་ཉིད་ཡིན་ཏེ། མཚན་གཞི་ནི་མིག་གི་རྣམ་པར་ཤེས་པ་ལྟ་བུ་དང་། ཡང་རང་ཡུལ་དུ་གྱུར་པའི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་རིག་པའི་ཤེས་པ་ནི་སེམས་བྱུང་གི་མཚན་ཉིད་ཡིན་ལ། མཚན་གཞི་ནི་མིག་གི་རྣམ་པར་ཤེས་པའི་འཁོར་དུ་གྱུར་པའི་ཚོར་བ་དང་། འདོད་ཆགས་ལ་སོགས་སོ། །
  གཉིས། སེམས་དང་སེམས་བྱུང་གི་དབྱེ་བའི་སྐོར།
  སེམས་སམ་གཙོ་སེམས་ལ་མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ་བཅས་དྲུག་ཡོད་པ་ལས་སྔ་མ་ལྔར་དབང་ཤེས་ལྔ་ཞེས་ཟེར། དེ་དག་ལ་ཐུན་མོང་བའི་བདག་རྐྱེན་ཡིད་དབང་དང་། ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་རེ་རེ་ཡོད་དེ། 《ཚད་མ་ཀུན་བཏུས》ལས། "ཐུན་མོང་མ་ཡིན་རྒྱུ་ཡི་ཕྱིར། །དེ་ཡི་ཐ་སྙད་དབང་པོས་བྱེད། །"ཅེས་གསུངས་པ་ལྟར། དབང་ཤེས་ལྔ་པོའི་ཁྱད་པར་ནི་དམིགས་རྐྱེན་སོགས་ཡུལ་གྱི་སྒོ་ནས་མི་འཇོག་པར། རང་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་པའི་དབང་པོའི་སྒོ་ནས་ཐ་སྙད་བྱུང་བའོ། །
  སེམས་བྱུང་གི་དབྱེ་བ་ནི་མངོན་པ་གོང་འོག་ལས་གསུང་ཚུལ་མི་འདྲ་བ་གཉིས་ཡོད་པ་ལས་མངོན་པ་མཛོད་དམ་མངོན་པ་འོག་མའི་ལུགས་ནི་གཙོ་བོ་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ལས་བྱེ་བྲག་སྨྲ་བའི་དགོངས་པ་ལྟར་འགྲེལ་བ་སྟེ། དེའི་ལུགས་ལ་ཤེས་བྱ་ཐམས་ཅད་གཞི་ལྔར་བསྡུ་བ་ལས་འཁོར་སེམས་བྱུང་གི་གཞི་ཞེས་པར་སེམས་བྱུང་ཞེ་དྲུག་ཏུ་གསུངས་ལ། ཚད་མ་རིག་པའི་གཞུང་ནང་གཙོ་བོ་མདོ་སེམས་ཐུན་མོང་གི་ལུགས་ལྟར་མངོན་པ་གོང་མའམ་མངོན་པ་ཀུན་བཏུས་ཀྱི་དགོངས་པ་བཞིན་སེམས་བྱུང་ལྔ་བཅུ་ང་གཅིག་ཏུ་བཞེད་པས་འདིར་ཡང་ཀུན་བཏུས་ལྟར་ང་གཅིག་གི་རྣམ་གྲངས་ཙམ་བསྟན་ན། ཚོར་བ་ལ་སོགས་པའི་ཀུན་འགྲོ་ལྔ། འདུན་པ་ལ་སོགས་པའི་ཡུལ་ངེས་ལྔ། དད་པ་ལ་སོགས་པའི་དགེ་བ་བཅུ་གཅིག འདོད་ཆགས་ལ་སོགས་པའི་རྩ་ཉོན་དྲུག ཁྲོ་བ་ལ་སོགས་པའི་ཉེ་ཉོན་ཉི་ཤུ། འགྱོད་པ་ལ་སོགས་པའི་གཞན་འགྱུར་བཞི་སྟེ། སྡེ་ཚན་ལྔར་དྲིལ་བས་ཁྱོན་སེམས་བྱུང་ལྔ་བཅུ་རྩ་གཅིག་གོ ། སེམས་བྱུང་ང་གཅིག་སོ་སོའི་མཚན་ཉིད་དང་ཞིབ་ཕྲའི་རྣམ་གྲངས་སོགས་ནི་བློ་རིག་གི་གཞུང་ཕལ་མོ་ཆེར་ཞིབ་གསལ་རྒྱས་གསུམ་གྱིས་གསུངས་ཡོད་པས་འདིར་བསྐྱར་ཟློས་ཀྱི་ངལ་བ་སྤངས་ཏེ། གཙོ་བོར་ས་བཅད་མ་སྟོང་ཙམ་དུ་སྡེ་ཚན་སོ་སོའི་སྤྱི་ཁོག་ཙམ་བརྗོད་པར་བྱའོ། །
  ཐོག་མར་ཚོར་བ་སོགས་ལྔ་ལ་ཀུན་འགྲོ་ཞེས་སྨོས་པའི་རྒྱུ་མཚན་ཡོད་དེ། གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བའམ་ཡང་ན། དགེ་མི་དགེ་ཐམས་ཅད་ཀྱི་འཁོར་དུ་འགྲོ་བས་ན་ཀུན་འགྲོ་ཞེས་བྱ་བ་དང་། འདུན་པ་སོགས་ལྔ་ལ་ཡུལ་ངེས་ཞེས་སྨོས་པའི་རྒྱུ་མཚན་ཡོད་དེ། དེ་ལྔ་གཙོ་སེམས་ཀུན་གྱི་འཁོར་དུ་འགྲོ་བ་མ་ཡིན་པར་རང་འཁོར་དུ་འགྲོ་ཡུལ་གྱི་གཙོ་སེམས་དགེ་བ་ཁོ་ནར་ངེས་པས་ན་ཡུལ་ངེས་ཞེས་པའམ་དགེ་བའི་ཡུལ་ཁོ་ནར་ངེས་པས་སོ། །འདོད་ཆགས་སོགས་དྲུག་ལ་རྩ་ཉོན་ཞེས་སྨོས་དོན་ནི། དེ་དྲུག་པོས་རང་རྒྱུད་ལ་ཉོན་མོངས་ཐམས་ཅད་སྐྱེ་བའི་གཞི་རྟེན་རྩ་བ་ལྟ་བུ་བྱེད་པས་ན་རྩ་ཉོན་ཞེས་བྱ་ལ། ཡང་ཁྲོ་བ་སོགས་ཉི་ཤུ་ལ་ཉེ་ཉོན་ཞེས་སྨོས་པའི་རྒྱུ་མཚན་ཡོད་དེ། དེ་རྣམས་ནི་རང་རྒྱུད་ཉོག་པོར་བྱེད་པའི་རྩ་བའི་ཉོན་མོངས་པ་དྲུག་དང་ཆ་འདྲ་བ་གང་ཞིག དེ་དག་དང་བྱེད་ལས་སོགས་ཉེ་བས་ན་ཉེ་ཉོན་ཞེས་བརྗོད། མཇུག་ཏུ་འགྱོད་པ་སོགས་བཞི་ལ་གཞན་འགྱུར་ཞེས་བརྗོད་དོན་ཡོད་དེ། དེ་བཞི་པོ་ཀུན་སློང་དང་། མཚུངས་ལྡན་གྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་ཅི་རིགས་སུ་འགྱུར་སྲིད་པས་ན་གཞན་འགྱུར་ཞེས་བརྗོད་པ་ལགས་སོ། །ཞིབ་ཕྲའི་མཚན་ཉིད་སོགས་ནི་འདིར་སྤྲོས་པའི་སྐབས་མ་ཡིན་ན་དེ་ཙམ་གྱིས་འཐུས་པར་བྱའོ། །
  གསུམ། སེམས་དང་སེམས་བྱུང་གི་ཁྱད་པར་དང་འབྲེལ་བའི་སྐོར།
  སེམས་དང་སེམས་བྱུང་གཉིས་ནི་ཇི་ལྟར་རྗེ་བོ་དང་འབངས་བཞིན་དུ་ཕན་ཚུན་བལྟོས་ས་བལྟོས་འཇོག་གིས་དབྱེ་བ་ཡིན་པས། དེ་གཉིས་ཀྱི་ཁྱད་པར་ནི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་སེམས་དང་སེམས་བྱུང་གི་སྡོམ་ཚིག་དང་འགྲེལ་བར། "དེ་ལ་སེམས་དང་སེམས་བྱུང་གི་ཁྱད་པར་ནི་དབུས་མཐའ་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །"⑥ཞེས་གསུངས་པ་ལྟར་ཡུལ་གྱི་ངོ་བོ་ཙམ་རིག་པ་སེམས་དང་། ཡུལ་དེ་ཉིད་ལ་དམིགས་པ་གཞིར་བྱས་ནས། བྱེད་ལས་ལ་སོགས་ཁྱད་ཆོས་གཞན་གྱི་སྒོ་ནས་ཡུལ་ལ་འཇུག་པ་ཞིག་ལ་སེམས་བྱུང་དུ་བརྗོད་པས། །སེམས་དང་སེམས་བྱུང་གཉིས་གཙོ་འཁོར་དུ་གྱུར་ཅིང་། ཕན་ཚུན་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་ཏེ། མངོན་པ་མཛོད་ཀྱི་ལུགས་ལྟར་བརྗོད་ན། སྔོ་འཛིན་མིག་ཤེས་དང་། དེའི་འཁོར་དུ་གྱུར་པའི་ཚོར་བ་གཉིས་ལྟ་བུར་མཚོན་ན། དེ་གཉིས་བདག་རྐྱེན་མིག་གི་དབང་རྟེན་ཁོག་པར་བརྟེན་པ་གཅིག་མཚུངས་ཡིན་པས་རྟེན་མཚུངས་པ། དེ་གཉིས་གྲུབ་བདེ་རྫས་གཅིག་སྟེ་སྐྱེ་དགག་གནས་གསུམ་དུས་ཅིག་ཅར་ཡིན་པས་དུས་མཚུངས་པ། དེ་གཉིས་ཀྱང་གཟུང་ཡུལ་སྔོན་པོར་དམིགས་པ་མཚུངས་པས་དམིགས་པ་མཚུངས་པ། དེ་གཉིས་ཀར་སྔོན་པོའི་རྣམ་པ་འཆར་བ་མཚུངས་པས་རྣམ་པ་མཚུངས་པ། སེམས་བྱུང་ཚོར་བ་དེའི་གྲོགས་སུ་སེམས་རེ་རེ་བ་ཁོ་ན་འབྱུང་གི་གཞན་མི་འབྱུང་ཞིང་། གཙོ་སེམས་དེའི་འཁོར་དུ་ཚོར་བ་རྫས་རེ་རེ་བ་ཁོ་ན་འབྱུང་གི་ཚོར་བ་རྫས་ཐ་དད་པ་གཉིས་མི་འབྱུང་བས་རྫས་མཚུངས་པ་བཅས་ལྔས་དེ་གཉིས་ཀྱི་འབྲེལ་བ་རྟོགས་ནུས་པས། མདོ་དོན་སྙིང་པོར་དྲིལ་ན། སེམས་དང་སེམས་བྱུང་གཉིས་རྟེན་དང་དམིགས་པ་དང་རྣམ་པ་དུས་དང་རྫས་རྣམས་མཚུངས་པའི་ཕྱིར་ན། མཚུངས་ལྡན་རྣམ་པ་ལྔ་མཚུངས་ཞེས་བྱ་བ་ཡང་མངོན་པ་མཛོད་ལས། "དོན་གཅིག་སེམས་དང་སེམས་བྱུང་རྣམས། །མཚུངས་པར་ལྡན་པའང་རྣམ་པ་ལྔ། །"ཞེས་གསུངས་པའི་ཕྱིར་རོ། །གཞན་དུ་ན། སེམས་དང་སེམས་བྱུང་གཉིས་བྱེད་ལས་ཀྱི་ཐོག་ནས་ཐ་དད་དུ་དབྱེ་བ་ལས་དོན་དམ་དུ་ངོ་བོ་གཅིག་ཡིན་པ་ནི་མཛོད་ལས། "སེམས་དང་སེམས་བྱུང་ངེས་ལྷན་ཅིག" ཅེས་གསུངས་པ་ལྟར་དུས་མཉམ་ལྷན་ཅིག་ཏུ་འབྱུང་ཞིང་། ངོ་བོ་ཐ་དད་མིན་པར་ངོ་བོ་གཅིག་ལ་རྫས་ཐ་དད་དུ་འདོད་པ་ནི་ཕྱོགས་གླང་ཡབ་སྲས་ཀྱི་དགོངས་པ་རྨ་མེད་པ་ཡིན་པའོ། །
  གཉིས་པ། སེམས་དང་སེམས་བྱུང་གི་རྣམ་གཞག་ནི་ནང་པའི་སེམས་ཁམས་རིག་པའི་གཞུང་ཆེན་ཞིག་ཡིན་པའི་སྐོར།
  དེ་ཡང་སེམས་ཁམས་རིག་པས་མིའི་སེམས་ཁམས་ཀྱི་སྣང་ཚུལ་ནི་མིའི་ཀླད་པས་རང་སྟོབས་ཀྱིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ཚུར་སྣང་བར་འདོད་ཅིང་། དེ་ལྟ་བུའི་སྣང་ཚུལ་ནི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་གི་ཆ་རྐྱེན་ལ་རག་ལས་ཚུལ་ལ་ཞིབ་འཇུག་བྱེད་པ་དང་། སྒོས་སུ་མིའི་སེམས་ཁམས་སྣང་ཚུལ་གྱི་བྱུང་རྒྱས་གྲུབ་གསུམ་གྱི་བརྒྱུད་རིམ་སྟེ་སེམས་ལས་ཀྱི་བརྒྱུད་རིམ་དང་། མི་དང་མི་བར་གྱི་སེམས་ཁམས་ཀྱི་ཁྱད་པར་ཅན་གྱི་སྣང་ཚུལ་སྟེ་རང་གཤིས་ཀྱི་སེམས་ལས་བཅས་གཉིས་སུ་ཕྱེ་ནས་ཞིབ་འཇུག་བྱེད་ཀྱིན་ཡོད། ཡང་ཚད་མ་རིག་པའི་བློ་རིག་གི་གཞུང་ནང་ཤེས་བྱེད་བློས་ཡུལ་ལ་འཇུག་པའི་ཚུལ་འདྲ་མིན་གྱི་ཐད་ནས་བློ་རིགས་བདུན་དུ་དབྱེ་བ་དང་། གསར་དུ་མི་བསླུ་བའི་རིག་པ་ཡིན་མིན་ཏེ། ཤེས་རྟོགས་ཀྱི་འབྲས་བུ་ཡང་དག་པ་ཡིན་མིན་གྱི་ཆ་ནས་ཚད་མ་དང་ཚད་མིན་གྱི་བློར་དབྱེ་བ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་ཡིན་མིན་གྱི་ཆ་ནས་རྟོག་བཅས་དང་རྟོག་མེད་ཀྱི་ཤེས་པ་སོགས་སུ་དབྱེ་བ་ཡིན་ལ། ལྷག་དོན་དུ་ཤེས་པ་ལ་གཙོ་བོ་དང་འཁོར་གྱི་ཆ་ནས་སེམས་དང་སེམས་བྱུང་གཉིས་སུ་ཕྱེ་སྟེ་འགྲོ་བ་མིའི་རྒྱུད་ཀྱི་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་བྱུང་བའི་གཙོ་བོའི་རྣམ་རིག་དང་། དེའི་འཁོར་དུ་གཏོགས་པའི་སེམས་བྱུང་ཤེས་པ་རྣམས་ཀྱང་སེམས་ཁམས་ཀྱི་རིགས་སུ་གནས་པ་དག་ལ་ཕན་ཚུན་མ་འདྲེས་པར་སོ་སོར་རྣམ་པར་འབྱེད་ནས་མངོན་མཚོན་བྱེད་པར་ཙམ་མ་ཟད། དེ་དག་ཀྱང་སེམས་རྣལ་དུ་ཕབ་ན་མིའི་རིགས་ཀྱི་ནང་སེམས་པའི་འཇིག་རྟེན་གྱི་མེ་ལོང་ངོས་སུ་འཆར་བའི་ཀུན་རྟོག་དགེ་མི་དགེའི་སེམས་ཀྱི་རི་མོ་འབའ་ཞིག་གོ། ཡང་སེམས་ཁམས་རིག་པས་གཙོ་བོ་སྐྱེ་དངོས་རིག་པའི་གཞུང་ལུགས་བཀོལ་ནས་སེམས་ཁམས་ཀྱི་སྣང་ཚུལ་ལ་ཞིབ་འཇུག་བྱེད་པ་དང་། བློ་རིག་གི་གཞུང་ནང་གཙོ་བོ་གཏན་ཚིགས་རིག་པར་བརྟེན་ནས་ཤེས་པ་སྟེ་སེམས་ཁམས་ཀྱི་སྣང་ཚུལ་ལ་ཞིབ་འཇུག་བྱེད་པའོ། །
  དེས་ན་སེམས་ཁམས་རིག་པ་ཞེས་པ་ཡང་དེ་འདྲའི་སེམས་དང་སེམས་བྱུང་གི་རྒྱུ་བ་ཕྲ་རགས་ཐམས་ཅད་གཏན་ཚིགས་སམ་གནས་ལུགས་ཀྱིས་གཏན་ལ་འབེབས་པའི་རིགས་པའི་གཞུང་ལུགས་ཤིག་ལས་གཞན་དུ་བསམ་ས་མེད་ན། དེ་ལྟར་སེམས་ཀྱི་སྤུ་རིས་ཆེས་ཕྲ་ཞིང་ཕྲ་བ་དག་ཀྱང་རང་རང་གི་རྒྱུའི་ཁྱད་པར་དང་། བྱེད་ལས། རྣམ་སྨིན་སོགས་ཀྱིས་རེ་རེ་བཞིན་འབྱེད་པའི་སེམས་དང་སེམས་བྱུང་གི་གཞུང་ལུགས་འདི་བཞིན་དོན་དམ་པར་བོད་རིགས་ཀྱི་སེམས་ཁམས་རིག་པའི་གཞུང་ཆེན་ཞིག་ཡིན་པར་མ་ཟད། འཛམ་གླིང་ཐོག་སེམས་ཁམས་རིག་པའི་གཞུང་མང་པོའི་ཁྲོད་ཆེས་ཕུལ་དུ་བྱུང་བ་དང་། ཆེས་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཤིག་ཡིན་ཞེས་ཁོ་བོ་ཅག་གིས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་ཆོག་པར་སེམས་སོ། །
  དེ་ལྟར་ཡིན་པའི་སྒྲུབ་བྱེད་ནི་ནང་པའི་སེམས་དང་སེམས་བྱུང་གི་གཞུང་ལུགས་ནང་སེམས་ཁམས་ཀྱི་ཉེར་ལེན་དང་། སེམས་ཁམས་ཀྱི་ལྷན་ཅིག་བྱེད་རྐྱེན། སེམས་ཁམས་ཀྱི་ངོ་བོ། སེམས་ཁམས་ཀྱི་བྱེད་ལས། དེ་གང་ལས་འབྱུང་བ། གང་ལ་བརྟེན་པ། དེའི་རིགས་དབྱེ་སོགས་ཞིབ་ཅིང་ཕྲ་བར་འགྲེལ་བཤད་བྱས་ཡོད་ལ། མིའི་གཤིས་རྒྱུད་ཀྱི་རྣམ་པར་ཤེས་པའམ་སེམས་ཁམས་དེ་ལུས་པོའི་རྫས་ལས་ཐ་དད་དུ་གྲུབ་པའི་ནུས་པ་ཞིག་ཡིན་པར་ཁས་བླངས་ནས་རྒྱལ་སྤྱིའི་སེམས་ཁམས་རིག་པ་སྨྲ་བ་མང་དག་ཅིག་གིས་ཀྱང་དཔོག་དཀའ་བའི་ཤིན་ཏུ་ལྐོག་གྱུར་ཅན། གསང་བ་ཡང་གསང་ཅན་གྱི་གནད་རྣམས་ལ་ཐ་སྙད་སོ་སོར་བཏགས་མཐར་ཞིབ་ཏུ་རྣམ་པར་དབྱེ་བ་ཙམ་མ་ཟད། དེ་དག་གི་སྤང་བླང་གནས་ལུགས་ཤིན་ཏུ་ཁ་གསལ་ངང་བསྟན་ཡོད་པས། གཞུང་འདི་ལས་ཆེས་ངོ་མཚར་ལ། ཕུན་སུམ་ཚོགས་པའི་སེམས་ཁམས་ཀྱི་རིག་པ་ཞིག་འཚོལ་དུ་རེ་བ་ནི་ཇི་ལྟར《ས་སྐྱ་ལེགས་བཤད》ལས། "ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ། །བ་ཚྭའི་ཁྲོན་པ་བརྐོ་བ་བཞིན། །"ཞེས་གསུངས་པ་ལྟར་དུ་གྱུར་ན། བོད་ཀྱི་ཚད་མ་རིག་པའི་གཞུང་སྤྱི་དང་། སྒོས་སུ་སེམས་དང་སེམས་བྱུང་གིས་མཚོན་པའི་བློ་རིག་གི་གཞུང་ལུགས་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་ཁྱད་ནོར་གྱིས་ཡོངས་སུ་ཕྱུག་པའི་སེམས་ཁམས་རིག་པའི་གཞུང་ཆེན་ཞིག་ཡིན་ཞེས་བརྗོད་པར་དེ་བས་ཀྱང་གཏན་དུ་མེད་དོ། །
  གང་ལྟར་ཡང་སེམས་དང་སེམས་བྱུང་གི་རྣམ་གཞག་ནང་དུ་སེམས་ཀྱི་ངོ་བོ་དགེ་བའི་ཆར་གྱུར་པ་ཡུལ་ངེས་ལྔ་དང་། དགེ་བ་བཅུ་གཅིག་བཅས་ནི་ཐོག་མ་ཉིད་ནས་རང་རྒྱུད་ཀྱི་ཀུན་སློང་དགེ་བའི་བློས་ཀུན་ནས་བསླངས་ཏེ་སྒོ་གསུམ་དགེ་ལ་སྦྱོར་བའི་སེམས་བྱུང་ཤ་སྟག་ཡིན་ལ། ཡང་སེམས་བྱུང་རྩ་ཉོན་དྲུག་དང་། ཉེ་ཉོན་ཉི་ཤུ་བཅས་ནི་དང་པོ་སྐྱེས་ཙམ་ཉིད་ནས་རང་རྒྱུད་སྒོ་དུ་མ་ནས་རབ་ཏུ་མ་ཞི་བའམ་སེམས་ཉོག་ཉོག་པོར་བྱེད་པས་ན་མི་དགེ་བའམ་སྡིག་པའི་ལས་སུ་གཏོགས། དེ་བཞིན་དུ་ཀུན་འགྲོ་ལྔ་དང་། གཞན་འགྱུར་བཞི་བཅས་ནི་ཀུན་སློང་དང་མཚུངས་ལྡན་དབང་གིས་དགེ་མི་དགེ་ལུང་མ་བསྟན་ཅི་རིགས་སུ་འགྱུར་བར་བསྟན་ཡོད་ཅིང་། དེ་དག་སོ་སོར་མཚན་ཉིད་ཀྱིས་རྒྱས་པར་གཏན་ལ་ཕབ་ཡོད་ལ། དེ་རྣམས་ནི་ཐ་སྙད་ཀྱི་ལྡོག་པ་ཐ་དད་ཙམ་བརྗོད་པ་མ་ཡིན་པར། འགྲོ་བ་མིའི་སེམས་རྒྱུད་དུ་གདོད་མ་ནས་བག་ལ་ཞ་བའི་ལྷན་སྐྱེས་དང་ཀུན་བཏགས་གང་རུང་གིས་བསྡུས་པའི་སེམས་ཀྱི་སྣང་ཚུལ་འབའ་ཞིག་ཡིན་གཤིས། བློ་རིག་གི་གཞུང་ནང་དེ་དག་ལ་ངོས་འཛིན་གསལ་པོར་བྱས་ཐོག རྣག་ཐོག་བཙག་ཁེལ་གྱི་དཔེ་ལྟར་གང་ལ་གང་བསྟུན་གྱིས་འདུལ་ཐབས་དང་། སྐྱོང་ཐབས་ཚུལ་བཞིན་མ་ནོར་བར་བསྟན་པ་འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་བརྗོད་བྱ་གཙོ་བོར་གྲུབ་ཡོད། དེ་ཕྱིར་ནང་བ་སངས་རྒྱས་པའི་གཞུང་དང་། སྒོས་སུ་ཚད་མ་རིག་པའི་བློ་རིག་ལས་བསྟན་པའི་སེམས་དང་སེམས་བྱུང་གི་དབྱེ་བ་དང་། མཚན་ཉིད་སོགས་ལས་ང་ཚོས་སེམས་ཁམས་རིག་པའི་གཞུང་ཆེན་ཞིག་ཡིན་པར་ངེས་ཤེས་སྐྱེ་ཐུབ་པ་ཙམ་མ་ཟད། ཟབ་ཅིང་རྒྱ་ཆེ་བའི་རིགས་པའི་རྣམ་གཞག་འདི་དག་མཇལ་བའི་ཚེ་ད་གཟོད་བོད་ཀྱི་ནང་བསྟན་ཤེས་རིག་ནི་ཇི་ལྟར་ལྟ་བས་མི་ངོམས་ཤིང་། སྤྱད་པས་མི་ཚིམ་པའི་ཡིད་བཞིན་ནོར་བུ་ཞིག་དང་ཀུན་ནས་མཚུངས་སོ་སྙམ་པའི་དག་སྣང་སྐྱེ་ཐུབ་ལ། རང་མི་རིགས་ཀྱི་རིག་གནས་ལ་བཅོས་མིན་གྱི་དང་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེ་ནུས་པར་སེམས། གཞན་ཡང་སེམས་བྱུང་ལྔ་བཅུ་ང་གཅིག་ཏུ་འདུས་པ་འདི་ནི། ནང་པའི་གྲུབ་མཐའ་སྤྱིའི་མཐུན་སྣང་དུ་ཡོད་པའི་སེམས་ཀྱི་བྱེ་བྲག་ལ་བལྟོས་ཏེ་བྱེད་ལས་མི་འདྲ་བར་ངེས་པ་ཅན་གྱི་སེམས་བྱུང་རྣམས་རིགས་བསྡུ་བའི་དབང་དུ་མཛད་པ་ལས། སེམས་བྱུང་ཐམས་ཅད་དེའི་ནང་འདུ་བའི་དོན་མ་ཡིན་ཏེ། སེམས་ཅན་གཅིག་གི་རྒྱུད་ལའང་ནང་སེམས་ཀུན་རྟོག་གི་འགྱུར་བས་སེམས་བྱུང་གི་བྱེ་བྲག་ཐ་དད་པ་བརྗོད་ཀྱིས་མི་ལང་སྟེ། སྐྱེས་བུའི་རྣམ་རྟོག་ལ་ནམ་ཡང་ངེས་བཟུང་མེད་པའི་ཕྱིར་ན་སྙན་གཞུང་མེ་ལོང་མ་ལས། "འདི་ནི་ད་ལྟའང་རྣམ་རྟོག་སྟེ། །དེ་དག་མ་ལུས་སུས་བརྗོད་ནུས། །" ཞེས་གསུངས་པ་ཡང་དོན་འདི་ལྟ་བུ་ལ་དགོངས་པར་ཁོ་བོས་སེམས་སོ། །
  གསུམ་པ། སེམས་དང་སེམས་བྱུང་ལས་འཕྲོས་པའི་ནང་བསྟན་གྱི་ལྟ་བའི་སྐོར།
  དེ་ཡང་འཇིག་རྟེན་སྟེང་གི་དགེ་མི་དགེའི་ལས་ཐམས་ཅད་ནི་སེམས་ཀྱི་ཀུན་སློང་ལེགས་ཉེས་ཁོ་ནའི་རྗེས་སུ་འགྲོ་ལྡོག་བྱས་པ་ལས་བྱུང་རྐྱེན། སེམས་དང་སེམས་བྱུང་གི་རྣམ་གཞག་རྣམས་མ་ནོར་མ་འདྲེས་པར་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ནང་སེམས་འདུལ་བ་གཙོ་བོར་དམིགས་པའི་ནང་བསྟན་ཤེས་རིག་གི་དོན་དུ་གཉེར་བྱ་འབའ་ཞིག་ཡིན་ཏེ། མདོ་ལས། "སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །"ཞེས་གསུངས་པ་ལྟར་དཀར་པོ་དགེ་བའི་ལས་ལ་འཇུག་པ་ལས་མི་དགེ་བའི་ལས་ནི་ཐ་ན་སྲོག་གི་ཆེད་དུ་ཡང་མི་བྱེད་པར་འཛེམ་པར་བྱེད་ཅིང་། སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་འདུལ་བའི་གཞུང་གི་བསླབ་པ་དང་མཐུན་པར་བསྟེན་ཏེ། རྣམ་དཀར་གཞན་ཕན་གྱི་ལས་རྒྱ་ཆེར་གསོག་པ་གང་ཞིག་གཙོ་བོར་ནང་གི་སེམས་རྒྱུད་འདུལ་བར་བརྩོན་པ་ནི་སངས་རྒྱས་ཆོས་ལུགས་ཀྱི་དམིགས་བྱ་མཐར་ཐུག་པ་ཡིན་ཞེས་མདོ་རྒྱུད་དུ་མར་ནན་དུ་གསུངས་པ་ལགས་ན། སེམས་རྒྱུད་མི་དགེ་བའི་རྩ་ཉོན་དྲུག་དང་། ཉེ་ཉོན་ཉི་ཤུའི་སྒྲིབ་པ་མཐའ་དག་དང་བྲལ་ཚེ་ད་གཟོད་ཐར་པ་འཐོབ་པར་འདོད་ལ། ཉོན་སྒྲིབ་དང་ཤེས་སྒྲིབ་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་ཀྱི་གཡའ་དང་བྲལ་ན་གཞི་ནས་ཐམས་ཅད་མཁྱེན་པའང་ཅིག་ཅར་དུ་ཐོབ་པར་བཞེད་པས། དོན་དམ་དུ་སེམས་ལས་ལོགས་སུ་གྱུར་པའི་མངོན་མཐོ་དང་ངེས་ལེགས་བསྒྲུབ་པའི་སྐབས་མེད་ཅིང་གནས་མེད་པའི་ཕྱིར་ན་སེམས་དང་སེམས་བྱུང་གི་བྱེ་བྲག་སོ་སོར་འབྱེད་ཐུབ་པར་བྱ་རྒྱུ་ནི་གལ་འགངས་བླ་ལྷག་ཏུ་ཆེ་བར་སེམས་སོ། །
  དེ་ཡང་ཡིན་ཏེ། 《སྤྱོད་འཇུག་ཆེན་མོ》ལས། "བསླབ་པ་སྲུང་བར་འདོད་པ་ཡི། །རབ་ཏུ་བསྒྲིམས་ནས་སེམས་སྲུང་བྱ། །སེམས་འདི་སྲུང་བར་མ་བྱས་ན། །བསླབ་པ་སྲུང་བར་ཡོང་མི་ནུས། །"⑦ཞེས་དང་། "དེ་བཞིན་སེམས་སྲུང་བརྟུལ་ཞུགས་མ་གཏོགས་པའི། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །"⑧ཞེས་དང་། "འདི་ལྟར་འཇིགས་པ་ཐམས་ཅད་དང་། །སྡུག་བསྔལ་དཔག་ཏུ་མེད་པ་ཡང་། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་བ་ཉིད་ཀྱིས་བསྟན། །"⑨ཀྵྨཱཾཞེས་སོགས་ཕྱོགས་མང་པོའི་སྒོ་ནས་ནང་སེམས་སྲུང་དགོས་པའི་གནད་རྣམས་དོན་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གསུངས་པ་ལགས་ན། དུས་དང་རྣམ་པ་ཀུན་ཏུ་རང་སེམས་ལ་ཞུན་བརྡར་གཏོང་རྒྱུ་དང་། རང་སེམས་ལ་བྱ་ར་བྱས་ཏེ། དགེ་བའི་སེམས་ལ་རྗེས་སུ་ཡི་རང་གིས་མུ་མཐུད་དགེ་བའི་ཕན་བདེ་ཡོངས་རྫོགས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྔོ་བ་དང་། ཉོན་མོངས་པའམ་མི་དགེ་བའི་སེམས་སྐྱེས་མ་ཐག་གཉེན་པོ་ཚུལ་བཞིན་བསྟེན་ཏེ་ཉོན་མོངས་འབུར་འཇོམས་བྱས་མཐར། རང་སེམས་རང་གིས་གཅུན་ཐུབ་ན་ད་གཟོད་སྤྱོད་པ་བཙུན་ཞེས་སྔོན་བྱོན་མཁས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྔགས་པར་མཛད་ན་འདུལ་ཁྲིམས་སྲུང་བའི་སེར་མོ་བ་ལྟ་ཅི་སྨོས། འཇིག་རྟེན་མི་སྐྱ་ཞིག་གི་ངོས་ནས་བརྗོད་ནའང་སེམས་བཟང་པོ་དང་། ཆོག་ཤེས་པ། དགེ་བས་བརྟས་པ། ཆགས་སྡང་ཆུང་བ་ཞིག་བྱ་ཐུབ་ཚེ་རང་ཉིད་རྟག་ཏུ་བདེ་བའི་ངང་གནས་ཐུབ་པ་ཙམ་མ་ཟད། ཁྱིམ་ཚང་དང་སྤྱི་ཚོགས་འཆམ་མཐུན་ཡོང་བའི་དགག་རྩ་ཡང་གནད་དེར་ཐུག་རྐྱེན། སེམས་བྱུང་དགེ་བ་ཁོ་ནར་འབད་ན་མི་སྨོན་རང་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་ཐེ་ཚོམ་མེད་ལ། དེ་ལས་ལྡོག་སྟེ་རྟག་ཏུ་འདོད་རྔམ་དང་ཞེ་སྡང་། ཕྲག་དོག་དང་འགྲན་སེམས་ཁོ་ནས་མི་ཚེ་འབུད་ཐབས་ལ་རེ་བ་ནི་རང་གཞན་ཐམས་ཅད་འཕུང་བའི་བཙན་དུག་ལྟ་བུ་ཡིན་ཏེ། 《ནང་ཆོས་དང་འབྲེལ་བའི་གླེང་མོལ་གསལ་རིག་སེམས་ཀྱི་ཞི་བདེ》ཞེས་པ་ལས། "ཡོན་ཏན་གྱི་ནང་ནས་ཆེ་ཤོས་དང་ལེགས་ཤོས་ནི་སེམས་ཀྱི་ཡོན་ཏན་ཡིན་པ་ལྟར། སྐྱོན་གྱི་ནང་ནས་ཆེ་ཤོས་དང་། སྡུག་ཤོས་ཀྱང་སེམས་ཀྱི་སྐྱོན་ཡིན་པ་རེད།"10 ཅེས་གསུངས་འདུག་ན། སེམས་ཀྱི་སྐྱོན་ཡོན་དེ་དག་ནི་ཐོག་མར་སེམས་དང་སེམས་བྱུང་གི་རྣམ་གཞག་ལས་བསྟན་པའི་རིགས་དབྱེ་དང་། མཚན་ཉིད་སོགས་ལས་རྒྱུས་ལོན་བྱེད་དགོས་པ་དང་། དེ་དག་གི་གནད་རྣམས་ལེགས་པར་བྱང་ཆུབ་པར་བྱས་ཐོག་རང་རྒྱུད་འདུལ་བའི་ཐབས་སུ་འཁྱེར་ཤེས་པ་ཞིག་བྱེད་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེ་སྟེ། ཇི་སྲིད་སྐྱོན་ལ་སྐྱོན་དུ་མ་མཐོང་བར་དེ་སྲིད་མི་དགེ་བའི་ལས་ལ་ངང་གིས་འཇུག་སྲིད་ན། ཐོག་མར་རང་རྒྱུད་ཀྱི་རྩ་ཉོན་དང་ཉེ་ཉོན་རྣམས་ངོས་འཛིན་ནས། ད་གཟོད་གཉེན་པོ་གང་ལ་གང་བསྟུན་བསྟེན་ཏེ་རིམ་བཞིན་བཟློག་པར་བྱ་དགོས། དེ་བཞིན་དད་པ་ལ་སོགས་པའི་དགེ་བའི་སེམས་རྣམས་ཀྱང་ཡུལ་དུས་གནས་སྐབས་གང་དང་གང་དུའང་ཚུལ་བཞིན་ཡིད་ལ་བྱེད་ནས་མ་སྐྱེས་པ་རྣམས་སྐྱེས་པར་བྱེད་པ་དང་། སྐྱེས་པ་མ་ཉམས་གོང་དུ་སྤེལ་མཐར་དགེ་ལེགས་དུ་མའི་འབྱུང་གནས་སུ་གྱུར་པའི་རྣམ་དཀར་ལས་ལ་དགའ་ཞིང་སྤྲོ་བཞིན་དུ་གཞོལ་རྒྱུ་ནི་ནང་བསྟན་ཤེས་རིག་གི་མཐར་ཐུག་པའི་ཉམས་ལེན་འབའ་ཞིག་ཡིན་ནོ། །
  མཇུག་བསྡུ་བ།
  མདོར་ན་འཛམ་གླིང་འདིའི་སྟེང་གི་དོན་དམ་པའི་ཞི་བདེ་ནི་སེམས་ཀྱི་ཞི་བདེ་ཉག་ཅིག་ཡིན་ལ། སེམས་ཀྱི་ཞི་བདེ་དང་བྲལ་ན། འཇིག་རྟེན་སྣང་ངོར་གྲགས་པའི་ཕྱི་དངོས་པོའི་འཚོ་བ་ཅི་ཙམ་ཕུན་སུམ་ཚོགས་ཀྱང་དོན་གྱི་སྙིང་པོ་དེ་ཙམ་དུ་ཟད་དེ། སྔོན་བྱོན་མཁས་པའི་ཞལ་ལས་ཡོད་ཚད་སྒྱུ་མའི་གར་ལ་ལྟ་བ་དང་གཉིས་སུ་མ་མཆིས་ཞེས་གསུངས་པ་ཡང་ཚད་མའི་ངག་ཏུ་འཁུམས། འོ་ན་སེམས་ཀྱི་ཞི་བདེ་འཚོལ་དགོས་ཚེ། ཐོག་མར་སེམས་ཀྱི་སྤུ་རིས་ལེགས་ཉེས་མཐའ་དག་ཇི་ལྟར་ངང་པས་ཆུ་ལས་འོ་མ་འབྱེད་པ་ལྟར་རྣམ་པར་ཕྱེ་སྟེ་རྟོག་དཔྱོད་གཏོང་ཐུབ་ན་གཞི་ནས་དམིགས་པ་ཡོད་པའི་གཏོར་རྒྱག་གཏོང་ཐུབ་ལ། དེ་ལས་ལྡོག་སྟེ་སེམས་དང་སེམས་བྱུང་གི་གསང་གནས་དཔྱོད་པར་བློ་མིག་ལྡོངས་ན་ཉོན་མོངས་འཇོམས་འདོད་བློ་ཡོད་ཀྱང་མུ་མཐུད་ཉོན་མོངས་གསོག་པའི་རྒྱུ་ཁོ་ནར་འཇུག་སྲིད། 《སྤྱོད་འཇུག་ཆེན་མོ》ལས་ཀྱང་། "སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་འཇུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །"11ཞེས་གསུངས་པ་ལྟར་མོན་ཡུལ་རྡོར་གཅོད་ཀྱི་གཏམ་རྒྱུད་བཞིན་སྤང་བླང་གོ་འཛོལ་དུ་གྱུར་བར་གདོན་མི་ཟ་བའོ། །
  དེ་ཕྱིར་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་གསུང་མགུར་ཤར་གངས་རི་མ་ལས། "དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར། །ཤགས་འགྱེད་པ་ཙམ་གྱི་འཆད་ཉན་ཡང་། །འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ན། །གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་། །"12ཞེས་གསུངས་པ་ལྟར་ནང་སེམས་རྒྱུད་ཀྱི་ཉོན་མོངས་པའི་དགྲ་བོ་འདུལ་བའི་དགོས་གལ་རང་བཞིན་ལ་བློ་སྐྱེད་ཟབ་མོ་བཅངས་ཏེ་ཚུལ་བཞིན་ཉམས་སུ་ལེན་རྒྱུ་ནི་དེང་འདིར་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་ཉི་མ་མེ་གྲོགས་དང་ཆར་བ་ཆུ་གྲོགས་ཀྱི་ཚུལ་དུ་གྱུར་ལ། མི་གཤིས་བཟང་པོ་སྐྱེད་སྲིང་བྱེད་དགོས་པའི་ནང་ཆོས་གཞུང་ལུགས་དང་ཡོངས་སུ་མཐུན། ལྷག་དོན་དུ་སེམས་དང་སེམས་བྱུང་གི་རྣམ་གཞག་ལས་སེམས་ཀྱི་གསང་བ་རྗེན་ཆེར་དུ་གསལ་སྟོན་མཛད་པ་འདི་ལྟ་བུའི་གཞུང་ནི་མི་རིགས་གཞན་གྱི་རིག་གཞུང་དུའང་ཡོད་སྲིད་སྙམ་དུ་བློ་ཆུང་ཁྱོགས་ལ་འཆང་དོན་མེད་དེ། ཅིའི་ཕྱིར་ཞེ་ན། སེམས་དང་སེམས་བྱུང་སྐོར་གྱི་ཐ་སྙད་ཙམ་ཡང་རྒྱ་ཡིག་སོགས་ཡིག་རིགས་གཞན་ལ་ཕབ་བསྒྱུར་བའི་ཚེ་ན་ཡིག་རིགས་དེ་དང་དེའི་ཐོག་ནས་དེ་དག་གི་གོ་དོན་གཤའ་མ་ཇི་བཞིན་མཚོན་མི་ནུས་ལ། བརྒྱ་ལ་བཙན་ཐབས་ཀྱིས་བསྒྱུར་བའི་དབང་དུ་བཏང་ཡང་སྐད་ཡིག་དེ་དག་ལས་མཚོན་དོན་རྣལ་མ་ཇི་བཞིན་ངོས་འཛིན་རྒྱུ་ཤིན་ཏུ་དཀའ་ཁག་ཏུ་གྱུར་བ་ནི་མིག་མཐོང་ལག་ཟིན་གྱི་མཚོན་དཔེར་གྱུར་ན། དེ་བས་ཀྱང་སེམས་དང་སེམས་བྱུང་སྟོན་པའི་ནང་ཆོས་གཞུང་ལུགས་ཀྱི་གཏན་ཚིགས་རང་བཞིན་དང་། གཞུང་ལུགས་ཀྱི་གཏིང་ཟབ་ཚད་མངོན་ཐུབ་པས། ནོར་བུ་རང་ལ་ཡོད་དུས་ངེས་པར་ནོར་བུའི་ནོར་ཉམས་ཆོད་དགོས་པའི་དཔེ་བཞིན་དེ་ལྟའི་གཞུང་ལ་ཅིས་ཀྱང་ཐོས་བསམ་རྒྱ་ཆེར་བྱས་ཏེ། རང་གི་སྒོ་གསུམ་གྱི་ཀུན་སྤྱོད་ལ་ཚད་གཞལ་རྒྱུ་ནི་དོན་པོ་ཆེ་ཞིག་ཡིན་པའི་ངེས་པ་ཟབ་མོ་རྙེད། རྒྱུ་མཚན་དེའི་ཕྱིར་ཁོ་བོས་ཀྱང་འདི་ལྟའི་ཀུན་སློང་ལ་བརྟེན་ནས་རྩོམ་ཡིག་འདི་སྤེལ་བ་ལགས་ཀྱང་། གུང་ཐང་བསྟན་པའི་སྒྲོན་མེས། "དཔྱད་པས་ངེས་པ་ལམ་ཙམ་རྙེད་ན་ཡང་། །ཆོས་ཚུལ་ཟབ་པས་ཐག་གཅོད་མི་སྔ་ཞིང་། །"ཞེས་གསུངས་པ་ལྟར་འདིའི་ནང་དུ་ད་དུང་ཡང་མ་རྟོགས་ལོག་རྟོགས་ཐེ་ཚོམ་གསུམ་གྱིས་ཡོངས་སུ་ཁེངས་སྲིད་ན། ངེས་དོན་མཁས་དབང་རྣམ་པས་སྐྱོན་སེལ་དགེ་སྒྲུབ་ལ་སྨན་པའི་བཀའ་སློབ་ཅིས་ཀྱང་སྩོལ་བར་དད་འདུན་དྲག་པོ་བཅངས་བཞིན་དུ་རེ་ཞིག་རྩོམ་མཇུག་བསྡུ་བ་ལགས་སོ། །
  མཆན་འགྲེལ།
  ①རྗེ་ཙོང་ཁ་པ་ཆེན་མོ། རྗེ་ཙོང་ཁ་པ་ཆེན་མོའི་བཀའ་འབུམ་ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987.8.117.118.
  ②མཁས་གྲུབ་དགེ་ལེགས་དཔལ་བཟང་། ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། 19.
  ③ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ། ཀུན་མཁྱེན་བློ་རྟགས། བླ་བྲང་བཀྲ་ཤིས་ཀྱི་དཔར་མ། (ནང་ཁུལ་གྱི་ཡིག་ཆ)49.
  ④དངུལ་ཆུ་དྷརྨ་བྷ་དྲ། དངུལ་ཆུ་དྷརྨ་བྷ་དྲའི་གསུང་འབུམ། པོད་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010.6.229.
  ⑤རྗེ་དགེ་འདུན་གྲུབ། ཚད་མ་རིགས་རྒྱན། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། 420.421.
  ⑥ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག དེབ་དགུ་པ། མི་རིགས་དཔེ་སྐྲུན་ཁང་། 1998.5.20.
  ⑦⑧⑨11རྒྱལ་སྲས་ཞི་བ་ལྷ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2011.7.28.29.31.
  ⑩བློ་བཟང་ཐར་བ། ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་གླེང་མོལ་གསལ་རིག་སེམས་ཀྱི་ཞི་བདེ། མི་རིགས་དཔེ་སྐྲུན་ཁང་། 2011.10.146.

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།