རྗེ་བླ་མའི་ཕར་ཕྱིན་འགྲེལ་བཤད་ལེགས་བཤད་གསེར་ཕྲེང་དང་དེའི་འགྲེལ་བའི་སྐོར་གླེང་བ།

       1.jpg 

      ནང་དོན་གནད་བསྡུས།   སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ནི་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ཡིན་ལ།    དེའི་སྦས་དོན་མངོན་རྟོགས་ཀྱི་རིམ་གཙོ་བོར་སྟོན་པའི་བསྟན་བཅོས་མངོན་རྟོགས་རྒྱན་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་འཕགས་བོད་དུ་དར་ཚུལ་དང་།     ཁྱད་པར་དུ་རྗེ་བླ་མས་ཕར་ཕྱིན་ལ་ཐོས་པ་མཛད་ཚུལ།  ལེགས་བཤད་གསེར་ཕྲེང་གསུང་རྩོམ་གནང་ཚུལ།    འདིའི་ཁྱད་ཆོས །   རྗེས་འཇུག་མཁས་པས་ལེགས་བཤད་གསེར་ཕྲེང་ལ་མཆན་འགྲེལ་མཛད་ཚུལ་སོགས་མདོར་བསྡུས་སུ་བསྟན་ཡོད།
         གནད་འགག་མིང་བརྡ།   ཤེར་ཕྱིན།     རྗེ་བླ་མ།    ལེགས་བཤད་གསེར་ཕྲེང་།   མཆན་འགྲེལ།

       ངེས་དོན་མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས་ཀྱང་ལེགས་བཤད་གསེར་ཕྲེང་འདི་གཟིགས་ནས་རྗེ་བླ་མ་ལ།ཁྱོད་བློ་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།།མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།བདག་བློ་ཁེངས་པའི་ཀུ་མུད་ལྷག་པར་ཟུམ།།ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།ཞེས་གཟུ་བོའི་བློས་བསྔགས་བརྗོད་མཛད་པའི་གཞུང་འདི་ཇི་ལྟར་མཛད་ཚུལ་དང་དེའི་མཆན་འགྲེལ་གྱི་སྐོར་རགས་ཙམ་ངོ་སྤྲོད་བྱ་བ་ལ།

དང་པོ།  ཤེར་ཕྱིན་གྱི་གཞུང་འཕགས་བོད་དུ་དར་ཚུལ།

        སྟོན་པས་གསུངས་པའི་འཁོར་ལོ་བར་བ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདིའི་དགོངས་འགྲེལ་ལ་ཤིང་རྟའི་སྲོལ་གཉིས་བྱུང་བ་ལས།དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་མགོན་པོ་ཀླུ་སྒྲུབ་ཀྱིས་བཀྲལ་ལ།སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་རྗེ་བཙུན་བྱམས་པ་མགོན་པོས་ཇི་ལྟར་བཀྲལ་བའི་ཚུལ་ནི།ཐོགས་མེད་སྐུ་མཆེད་འཇིག་རྟེན་དུ་བྱོན་ནས་འཕགས་པ་ཐོགས་མེད་ཀྱིས་རྒྱལ་ཚབ་ཆེན་པོ་བྱམས་པ་མགོན་པོ་ལོ་བཅུ་གཉིས་ཀྱི་རིང་ལ་བསྒྲུབས་པས་ཞལ་བསྟན་རྗེས་སུ་བཟུང་ནས་ཐེག་པ་ཆེན་པོའི་སྡེ་སྣོད་མཐའ་དག་གསན་པ་དང་།བྱམས་ཆོས་སྡེ་ལྔ་སྟེ་མངོན་རྟོགས་རྒྱན།མདོ་སྡེ་རྒྱན།ཆོས་ཉིད་རྣམ་འབྱེད།དབུས་མཐའ་རྣམ་འབྱེད།རྒྱུད་བླ་མ་ལྔ་པོ་སྐྱེས་སུ་གནང་བ་བཟུང་ནས་མི་ཡུལ་དུ་ཡི་གེར་བཀོད་པ་དང་།མངོན་རྟོགས་རྒྱན་གྱི་འགྲེལ་བ་དེ་ཉིད་རྣམ་ངེས་དང་།རྒྱུད་བླའི་འགྲེལ་བ།མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་བ།ས་སྡེ་ལྔ།སྡོམ་རྣམ་གཉིས་སོགས་མཛད་དེ་རྒྱ་ཆེན་སྤྱོད་པའི་ཤིང་རྟའི་སྲོལ་ཕྱེ།དེའི་གཅུང་དབྱིག་གཉེན་གྱིས་བརྩམས་པའི་(དོགས་པ་ཡོད།)ཡུམ་གསུམ་གནོད་འཇོམས་ནི་མདོའི་དགོངས་པ་རྣམ་རིག་ཙམ་དུ་བཀྲལ་བའི་བསྟན་བཅོས་ཡིན་ནོ།།
          འཕགས་པ་རྣམ་གྲོལ་སྡེས་རྒྱན་དང་ཉི་ཁྲི་སྦྱར་བའི་འགྲེལ་བ་ཉི་ཁྲི་སྣང་བ་མཛད་པ་དེ་ནི་མདོ་རྒྱན་སྦྱར་བའི་འགྲེལ་བའི་ཐོག་མ་ཡིན།དེའི་སློབ་མ་བཙུན་པ་གྲོལ་སྡེས་ཉི་ཁྲི་རྣམ་འགྲེལ་མཛད།སློབ་དཔོན་སེང་གེ་བཟང་པོས་མཁས་པ་སྔ་མ་དག་གིས་ཤེར་ཕྱིན་གྱི་མདོའི་དགོངས་པ་འགྲེལ་ཚུལ་མཐའ་དག་ཐུགས་སུ་ཆུད་ཅིང་།ཡུམ་བར་མ་རྒྱན་དང་སྦྱར་བ་ཉི་ཁྲི་ལེ་བརྒྱད་མ་དང་།བརྒྱད་སྟོང་པ་དང་སྦྱར་པ་བརྒྱད་སྟོང་འགྲེལ་ཆེན་རྒྱན་སྣང་།མདོ་སྡུད་པ་དང་སྦྱར་བ་སྡུད་འགྲེལ་རྟོགས་སླ།འགྲེལ་བ་དོན་གསལ་སོགས་མཛད།སློབ་དཔོན་གྱི་དངོས་སློབ་ཆོས་ཀྱི་བཤེས་གཉེན་གྱིས་འགྲེལ་བ་དོན་གསལ་གྱི་འགྲེལ་བཤད་ཚིག་གསལ་དང་།ཤེར་འབྱུང་བློ་གྲོས་ཀྱི་མངོན་རྟོགས་རྒྱན་གྱི་འགྲེལ་བའི་བསྡུས་དོན།གསེར་གླིང་བའི་འགྲེལ་བ་རྟོགས་དཀའི་སྣང་བ།སངས་རྒྱས་ཡེ་ཤེས་ཀྱིས་ཀྱང་སྡུད་འགྲེལ་དང་མངོན་རྟོགས་རྒྱན་གྱི་འགྲེལ་བ་ཤེས་རབ་སྒྲོན་མེའི་ཕྲེང་བ།སློབ་དཔོན་རིན་འབྱུང་ཞི་བའི་འགྲེལ་བ་དག་ལྡན།བརྒྱད་སྟོང་དཀའ་འགྲེལ་སྙིང་པོ་མཆོགཇོ་བོ་རྗེའི་ཤེར་ཕྱིན་དོན་བསྡུས་སྒྲོན་མ།འཇིགས་མེད་འབྱུང་གནས་སྦས་པའི་བརྒྱད་སྟོང་པའི་འགྲེལ་བ་གནད་ཀྱི་ཟླ་འོད་སོགས་སྤྱིར་བསྟན་བཅོས་མངོན་རྟོགས་རྒྱན་གྱི་འགྲེལ་བར་རྒྱ་འགྲེལ་ཉེར་གཅིག་ཡོད་ཅིང་།དེ་ལའང་མདོ་རྒྱན་སྦྱར་པའི་འགྲེལ་བ་བཅུ་གཉིས་དང་།མ་སྦྱར་པའི་འགྲེལ་བ་དགུ་ཡོད་པར་གྲགས་སོ།།
         གངས་ཅན་གྱི་ལྗོངས་འདིར་ཤེར་ཕྱིན་གྱི་སྐོར་འཕགས་ཡུལ་ན་གང་བཞུགས་ཐམས་ཅད་བྱོན་པར་གྲགས།བསྟན་པ་སྔ་དར་གྱི་དུས་སུ་རླངས་ཁམས་པ་གོ་ཆ་འཕགས་ཡུལ་དུ་བྱོན་ཏེ་ཤེར་ཕྱིན་འབུམ་པ་ཐུགས་ལ་བཟུང་ནས་བོད་དུ་ལེགས་པར་བསྒྱུར།རྒྱལ་པོ་ཁྲི་སྲོང་གིས་ཐེག་ཆེན་གྱི་ཆོས་ལ་གུས་པ་ཆེན་པོས་རང་གི་མཚལ་ཁྲག་དང་ར་དཀར་མོའི་འོ་མ་སྦྱར་ནས་བྲིས་པ་རེག་ཟིག་དམར་པོར་གྲགས་པ་བླ་འགྱུར་ཆུང་ངུ་།ཡང་དབས་མཉྫི་ཤྲི།ཉང་ཨིནྡྲ་ཝ་རོ་གཉིས་ཀྱིས་རྒྱ་གར་དཔེ་བླངས་ཏེ་བསྒྱུར་པ་།བཙན་པོའི་དབུ་སྐྲའི་གཞོབ་རམ་དང་ར་དཀར་མོའི་འོ་མ་སྦྱར་ནས་བྲིས་པ་རེག་ཟིག་སྔོན་པོར་གྲགས་པ་ཞིག་ཀྱང་ཡོད་པར་གྲགས།རེག་ཟིག་དམར་སྔོ་གཉིས་ན་འགྲེས་རྐང་ཐམས་ཅད་མི་རྒྱས་པས་བཻ་རོ་ཙ་ནས་སླར་ཡང་ཞུ་ཆེན་མཛད་ནས་ཆད་པ་རྣམས་བསབས།ཚིག་སྣ་བསྲིངས་ཏེ་བརྗོད་བདེ་བར་བསྒྱུར།ཁྲི་རལ་གྱི་དུས་སུ་ལོ་ཆེན་སྐ་བ་དཔལ་བརྩེགས་ཀྱིས་སློབ་དཔོན་སེང་གེ་བཟང་པོའི་རྒྱན་འགྲེལ་དང་།བུད་དྷ་ཤྲཱིཛྙ་ནས་མཛད་པའི་སྡུད་པ་ཚིགས་སུ་བཅད་པའི་དཀའ་འགྲེལ།ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་འབུམ་དང་ཉི་ཁྲི་ལྔ་སྟོང་།ཁྲི་བརྒྱད་སྟོང་པའི་རྒྱ་ཆེར་བཤད་པ་བམ་པོ་ཉེར་བདུན་པ།རྡོར་གཅོད་དབུ་མར་བཀྲལ་བ།ལོ་ཙཱ་བ་ཡེ་ཤེས་སྙིང་པོས་ཤེར་སྙིང་རྒྱ་ཆེར་བཤད་པ་དོན་བརྒྱད་མ་སོགས་གླེགས་བམ་འགའ་རེ་བསྒྱུར་ཏེ་འཆད་ཉན་གནང་ན་ཡང་རྐང་ཚུགས་པ་ཞིག་མ་བྱུང་སྟབས་འདིའི་རྒྱུད་འཛིན་བོད་དབུས་གཙང་མདོ་སྨད་བཅས་སུ་མ་བྱུང་བར་མངོན་ནོ།།
བསྟན་པ་ཕྱི་དར་གྱི་སྐབས་སུ་ལོ་ཆེན་རིན་ཆེན་བཟང་པོས་བཤད་སྲོལ་གྱི་སྒོ་ཐོག་མར་བཏོད།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ཀྱང་ཁུ་ཆེན་པོ་ལྷ་སྡིངས་པ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ལ་ཕར་ཕྱིན་བཤད་པ་ལེགས་པར་བསྩལ།ཇོ་བོ་དང་ལོ་ཆེན་གཉིས་ཀྱིས་འགྲེལ་བཤད་རྟོགས་དཀའི་སྣང་བ་བསྒྱུར་པ་དང་།བརྒྱད་སྟོང་པ་དང་།ཉི་སྣང་།བརྒྱད་སྟོང་འགྲེལ་ཆེན་སོགས་སྔར་བསྒྱུར་པ་མང་པོ་ལ་ཞུ་དག་མཛད།འབྲོམ་སྟོན་གྱིས་འབྲོམ་སྟོང་བཙན་ནམ་མགོ་བླ་མ་ལ་བཤད་པ་སོགས་ཀྱིས་བཤད་སྲོལ་ཆེ་བ་ཞིག་བྱུང་།ཡང་ཇོ་བོས་ཕྱག་དར་སྟོན་པ་ལ་བཤད་པའི་ཕར་ཕྱིན་ཁམས་ལུགས་སུ་གྲགས་པ་ཡང་དར་རོ།།
         རྔོག་ཆེན་པོ་བློ་ལྡན་ཤེས་རབ་ཀྱིས་རྒྱ་གར་དུ་པཎ་ཊི་ཏ་འབུམ་ཕྲག་གསུམ་པ་ལས་ཤེར་ཕྱོགས་ཀྱི་གཞུང་ལུགས་མཐའ་དག་གསན།མངོན་རྟོགས་རྒྱན་རྩ་འགྲེལ་འགའ་ཞིག་འགྱུར་བཅོས་དང་གསར་འགྱུར་ཅི་རིགས་པར་མཛད།དེ་དག་གི་བཤད་པའང་དཔྱིས་ཕྱིན་པར་གཏན་ལ་ཕབ་པ་དང་།ཕར་ཕྱིན་འགྲེལ་བ་ཆེ་ཆུང་སོགས་མཛད་དེ་དར་རྒྱས་མཛད།ལོ་ཙཱ་བའི་སློབ་མ་འབྲེ་ཤེས་རབ་འབར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས་གཉིས་ཀ་ལ་བཤད་པ་རྒྱ་ཆེར་མཛད་དེ་ལོ་ཆེན་གྱི་བཤད་རྒྱུན་བསྐྱངས།དེའི་སློབ་མ་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་བསྟན་བཅོས་ཀྱི་རྣམ་པར་བཤད་པ་མང་དུ་མཛད་དེ་འཆད་ཉན་རྒྱ་ཆེར་སྤེལ།དེའི་སློབ་མ་ཁུ་ཤེར་བརྩོན་གྱིས་མངོན་རྟོགས་རྒྱན་འགྲེལ་བ་དང་བཅས་པའི་ཊཱིཀྐ་ཆེ་འབྲིང་ཆུང་གསུམ་བཅས་བརྩམས།སྐར་ཆུང་རིང་མོར་གྲགས་པ་གཞོན་ནུ་ཚུལ་ཁྲིམས་ཀྱིས་མངོན་རྟོགས་རྒྱན་འགྲེལ་ཆུང་དང་བཅས་པ་དང་སྡུད་པ་ལ་སོགས་པའི་ཊཱིཀྐ་མང་དུ་མཛད།ཁུ་དང་སྐར་ཆུང་གཉིས་ཀྱི་སློབ་མ་ཞང་ཡེ་བ་སྨོན་ལམ་ཚུལ་ཁྲིམས་ཀྱིས་འགྲེལ་བ་དོན་གསལ་དང་རྣམ་ངེས་ཊཱིཀ་ཆེན་བརྩམས།དེའི་སློབ་མ་དབང་ཕྱུག་རྒྱལ་པོས་ཕར་ཕྱིན་གྱི་ཊཱིཀྐ་ཤིན་ཏུ་རྒྱས་པ་ཞིག་མཛད།ཡང་ལོ་ཙཱ་བའི་ཐུགས་སྲས་གྲོ་ལུང་བ་བློ་གྲོས་འབྱུང་གནས་ཀྱིས་ལོ་ཙཱ་བ་ཆེན་པོའི་གསུང་མཐའ་དག་ལ་གཅེས་སྤྲས་སུ་བཟུང་ནས་སྔགས་མཚན་ཉིད་ཀྱི་བཤད་པའི་འགྲེལ་བ་མང་དུ་མཛད་པ་དང་།ཁྱད་པར་དུ་ལོ་ཙཱ་བའི་འགྲེལ་ཆུང་གི་ཊཱིཀྐ་ལ་བརྟེན་ནས་རྣམ་པར་བཤད་པའང་བརྩམས།དེའི་སློབ་མ་ཆ་བ་ཆོས་ཀྱི་སེང་གེས་ལོ་ཆེན་གྱི་འགྲེལ་ཆུང་ལ་ཊཱིཀྐ་ཆེན་མོ་དང་།བྱམས་ཆོས་ཕྱི་མ་བཞི་སོགས་ལ་འགྲེལ་བ་མང་དུ་མཛད།ཞང་ཚེ་སྤོང་ཆོས་ཀྱི་བླ་མས་ཀྱང་ཕར་ཕྱིན་གྱི་ཊཱིཀྐ་འགའ་བརྩམས་པ་སོགས་མང་ལ།གཞན་གཙང་ནག་པ་བརྩོན་འགྲུས་སེང་གེགཉལ་ཞིག་པ།ས་པན།འུ་ཡུག་པ་སོགས་ཀྱིས་ཀྱང་ཕར་ཕྱིན་གྱི་འཆད་ཉན་དང་འགྲེལ་བ་མང་དུ་མཛད་པ་དང་།ཀུན་མཁྱེན་བུ་སྟོན་ཐམས་ཅད་མཁྱེན་པའི་མངོན་རྟོགས་རྒྱན་གྱི་འགྲེལ་བའི་རྒྱ་ཆེར་བཤད་པ་ལུང་གི་སྙེ་མ།བོ་དོང་བ་ཕྱོགས་ལས་རྣམ་རྒྱལ་གྱི་ཕར་ཕྱིན་ཊཱིཀྐའཇམ་དབྱངས་གསར་མའི་ཕར་ཕྱིན་ཊཱིཀྐབཅོམ་ལྡན་རིགས་པའི་རལ་གྲིའི་ཕར་ཕྱིན་ཊཱིཀྐ་སོགས་དང་།བུ་སྟོན་ཐུགས་སྲས་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལས་ས་སྐྱའི་མཁས་པ་གཡག་ཕྲུག་སངས་རྒྱས་དཔལ་བས་གསན་ཅིང་།ཕར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ་བསམ་འཕེལ་དབང་གི་རྒྱལ་པོ་སོགས་ཆེ་འབྲིང་ཆུང་གསུམ་དང་།དེའི་ཐུགས་སྲས་རོང་སྟོན་སྨྲ་བའི་སེང་གེས་འགྲེལ་བ་དོན་གསལ་གྱི་ཊཱིཀྐ་དང་འབུམ་ཊཱིཀ་ཆེན་མོ་སོགས་མཛད་ཅིང་འཆད་ཉན་དར་རྒྱས་མཛད།ཡབ་སྲས་དེ་གཉིས་ཀྱི་བཤད་པའི་ཆུ་རྒྱུན་མ་ཉམས་པར་རྒྱུན་རིང་གནས་སོ།།རྗེ་ཉ་དབོན་ཀུན་དགའ་དཔལ་བས་མངོན་རྟོགས་རྒྱན་གྱི་བཤད་སྦྱར་ཡིད་ཀྱི་མུན་སེལ་དང་།རྗེ་བཙུན་རེད་མདའ་བས་མངོན་རྟོགས་རྒྱན་གྱི་ཊཱིཀྐ་ཉི་མའི་འོད་ཟེར་སོགས་མང་དུ་མཛད་དེ་རྒྱ་ཆེར་སྤེལ་ལོ།།

གཉིས་པ།   རྗེ་བླ་མས་ཤེར་ཕྱིན་ལ་ཐོས་བསམ་གནང་ནས་ལེགས་བཤད་གསེར་ཕྲེང་རྩོམ་པ་མཛད་ཚུལ།

       རྗེ་བླ་མ་རང་ཉིད་ཀྱི་རྟོགས་བརྗོད་ལས།དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་།།འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི།།གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས།།ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས།ཞེས་གསུངས་པ་ལྟར་ཏེ།ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན།སྙེ་ཐང་བ་བཀྲ་ཤིས་སེང་གེ་དང་།གདན་ས་བ་ཡེ་ཤེས་སེང་གེསློབ་དཔོན་ཡོན་ཏན་རྒྱ་མཚོ།བླ་མ་ཨུ་རྒྱན་པ་རྣམས་ལས་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་དང་བཅས་པ་གསན་པས་ཞག་བཅོ་བརྒྱད་ཙམ་གྱིས་ཐུགས་སུ་ཆུད་ཅིང་།བླ་མ་འཇམ་རིན་པ་ལས་བྱམས་ཆོས་གཞན་རྣམས་ཀྱང་གསན།ཁྱད་པར་དུ་ཉ་དབོན་ཀུན་དགའ་དཔལ་བའི་དྲུང་དུ་ཕར་ཕྱིན་གྱི་གཟབ་བཤད་ཚར་གཅིག་གསན་པས་ཐུགས་ཤིན་ཏུ་ཚིམ།དེ་ཡང་དེང་སང་གི་སློབ་གཉེར་བ་བཞིན་དུ་ཐལ་ཕྲེང་ཉོག་པོ་ཞིག་གིས་ཆོག་ཤེས་མཛད་པ་མ་ཡིན་ཏེ།ཤེར་ཕྱོགས་ཀྱི་འགྲེལ་བ་ལ་བོད་སྔ་རབས་པས་ཤིང་རྟའི་སྲོལ་འབྱེད་དུ་འདོད་པའི་འབུམ་ཊིཀ་དང་།བརྒྱད་སྟོང་དོན་བསྡུས་དང་།དབུ་མ་རིགས་ཚོགས་དང་།མངོན་རྟོགས་རྒྱན་བཞི་དང་།དེའི་ནང་ནས་ཀྱང་མངོན་རྟོགས་རྒྱན་ལ་ཐོགས་མེད་ཀྱིས་མཛད་པའི་དེ་ཉིད་རྣམ་ངེས་དང་།དབྱིག་གཉེན་གྱིས་མཛད་པའི་ཉི་ཁྲི་གཞུང་འགྲེལ།འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ་དང་།བཙུན་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་རྣམ་འགྲེལ་དང་།བརྒྱད་སྟོང་འགྲེལ་ཆེན་དང་།ལེའུ་བརྒྱད་མའི་བསྡུས་དོན་དང་།སྡུད་འགྲེལ་གསར་མ་དང་།སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྡུད་པའི་འགྲེལ་བ་པཉྩི་ཀ་དང་།སློབ་དཔོན་ཤཱནྟི་པས་མཛད་པའི་ཉི་ཁྲི་དག་ལྡན་དང་།བརྒྱད་སྟོང་པའི་འགྲེལ་བ་སྙིང་པོ་མཆོག་དང་།དྲི་མེད་བཤེས་གཉེན་གྱིས་མཛད་པའི་ཤེར་སྙིང་གི་རྒྱ་ཆེར་འགྲེལ་བ་དང་།སློབ་དཔོན་དབྱིག་གཉེན་དང་།ཀ་མ་ལ་ཤཱི་ལས་མཛད་པའི་རྡོ་རྗེ་གཅོད་པའི་འགྲེལ་བ་རྣམས་དང་།ཆོས་ཀྱི་བཤེས་གཉེན་ལ་སོགས་པའི་འགྲེལ་བཤད་རྣམས།མདོ་སྡེ་རྒྱན་གྱི་འགྲེལ་བ་དབྱིག་གཉེན་གྱིས་མཛད་པ་དང་།དེའི་འགྲེལ་བཤད་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ་དང་།ཁ་ཆེ་ཛྙཱ་ན་ཤྲཱིའི་བསྡུས་དོན་དང་།བློ་བརྟན་གྱི་འགྲེལ་ཆེན་དང་བཅས་པའི་འགྲེལ་བཤད་རྣམས་དང་།རྒྱུད་བླ་མ་ལ་ཐོགས་མེད་ཀྱི་འགྲེལ་བ་དང་།འབྱེད་གཉིས་ལ་དབྱིག་འགྲེལ་དང་།དབུས་མཐའི་འགྲེལ་བཤད་བློ་བརྟན་གྱིས་མཛད་པ་བཅས་གཞུང་དེ་དག་གི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་པར་མཛད་དེ་ལོ་གཉིས་ཀྱི་ཁོངས་སུ་བྱམས་ཆོས་ལ་མཁས་པའི་ཕ་རོལ་ཏུ་སོན་པར་གྱུར་ཏོ།།
           དགུང་ལོ་བཅུ་དགུ་པའི་དུས་དབུས་ཀྱི་གསང་ཕུ་དང་བདེ་བ་ཅན་དང་།གཙང་རོང་གི་ས་སྐྱ།འདར་བཟང་ལྡན།ངམ་རིང་འགའ་རོང་ཆོས་སྡེ།ཆོས་གྲྭ་ཆེན་པོ་ཨེ་དང་གནས་རྙིང་རྣམས་སུ་ཕར་ཕྱིན་གྱི་གྲྭ་སྐོར་དང་།ཕྱིས་སུ་ས་སྐྱ་དང་།གསང་ཕུ་དང་།རྩེ་ཐང་སོགས་སུ་དཀའ་ཆེན་ལྷག་མ་བཞིའི་གྲྭ་སྐོར་མཛད་ཅིང་།དེ་དག་གི་ཚེ་ལུང་རིགས་སྨྲ་བ་བརྒྱ་ཕྲག་དུ་མའི་མདུན་སར་གཞུང་ལུགས་ཆེན་པོ་རྣམས་ཀྱི་དོན་བརྒལ་བརྟགས་ཀྱིས་གཏན་ལ་འབེབས་པར་མཛད་ནས་དངོས་སྟོབས་ཀྱི་རིགས་པས་རྒོལ་བ་མཐལ་དག་གི་སྤོབས་པ་བཅོམ་ཞིང་།དུལ་བའི་དཔལ་གྱིས་གཟུར་གནས་མཁས་པའི་ཚོགས་རྣམས་དད་པའི་སྤུ་ལོང་གཡོས་ཏེ་གུས་འདུད་ལྷུར་ལེན་པར་གྱུར།   དགུང་ལོ་སོ་གཅིག་པ་ལ་སྐྱིད་ཤོད་དུ་ཕེབས་ཏེ་ཚལ་དུ་བཞུགས་ནས་རྒྱལ་པའི་བཀའ་དང་བསྟན་བཅོས་བོད་ཡུལ་དུ་འགྱུར་རོ་ཅོག་ལ་གཟིགས་རྟོག་མཛད་པས།    གསུང་རབ་མཐའ་དག་ལ་དཔྱོད་པའི་སྒོ་དུ་མ་ཞིག་ཐུགས་ལ་འཁྲུངས།    བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྣམ་པར་བཤད་པ་ཆེན་མོ་ལེགས་བཤད་གསེར་གྱི་ཕྲེང་བའི་བཀའ་རྩོམ་མཛད་པའི་དབུ་བཙུགས་ནས་ཕལ་ཆེར་གྲུབ་པར་བྱས་ཤིང་།   ཆོས་གྲ་ཆེན་པོ་བདེ་བ་ཅན་དུ་རབ་བྱུང་༼ སྤྱི་ལོ ༡༣༨༧ ༽ལོའི་སྣྲོན་གྱི་ཟླ་བར་མཇུག་རྫོགས་པར་སྦྱར་པའོ།  །
          དེ་ལྟ་བུའི་ལེགས་བཤད་ཆེན་པོ་འདི་ནི།  མངོན་རྟོགས་རྒྱན་རྩ་འགྲེལ་གྱི་དངོས་ཟིན་གྱི་དོན་རྣམས་གོ་བདེ་འཆར་སྐྱེན་པར་བཀྲལ་ཞིང་ཚིག་གི་ཟུར་དང་ཤུགས་ཀྱིས་ཐོན་པའི་དོན་རྣམས་ཀྱང་ལུས་པ་མེད་པར་ཐང་མར་བརྡལ་བར་མཛད་པ་དང་།    ལྷག་ཏུ་གང་དཀའ་ས་རྣམས་སུ་དམིགས་ཕུག་པའི་སྒོ་ནས་ཕྲ་ཞིང་ཞིབ་པའི་རིགས་པས་བརྟག་གཞིག་བྱས་ཏེ་བཀའ་དང་དགོངས་འགྲེལ་འགྱུར་རོ་ཅོག་གི་དགོངས་དོན་དང་གཏུགས་ནས་གཞུང་བཙུགས་པས་རྗེས་འཇུག་བློ་གྲོས་ཀྱི་ནོར་དང་ལྡན་པ་ཡོངས་ཀྱི་དོགས་པ་ལྷག་མ་མེད་པར་ཆོད་ངེས་སུ་མཛད་པ་དང་།   ཞར་བྱུང་དུ་རྒྱ་བོད་ཀྱི་མཁས་པ་སོ་སོས་མཛད་པའི་འགྲེལ་བ་དང་འགྲེལ་བཤད་ཡོད་དོ་ཅོག་གི་བཤད་སྲོལ་སོ་སོ་ལ་དཔག་པར་དཀའ་བའི་བློ་གྲོས་ཀྱིས་གཞིག་སྟེ་མི་འཐད་པའི་ཆ་རྣམས་ལ་གལ་འཛུགས་པའི་སྒོ་ནས་མཐའ་དཔྱད་དེ་སུན་ཕྱུང་ཞིང་།    འཐད་པའི་ཆ་རྣམས་ལ་དྲི་མ་མེད་པའི་རིགས་ལམ་གྱི་ཤིས་བརྗོད་དང་ཆབས་ཅིག་པར་རྒྱབ་བརྟེན་གྱི་ལུང་ཁུངས་གསར་བའི་མེ་ཏོག་ཆར་དུ་བསྙིལ་བས་མཆོད་དེ་རང་གི་ལུགས་སུ་མངའ་གསོལ་བར་མཛད་པ་དང་།    སྒོས་སུ་མདོ་རྒྱན་སྦྱོར་ཚུལ་གྱི་སྐབས་སུ་ཉི་སྣང་གི་ཚིག་བརླིང་པོ་རྣམས་ཉི་ཁྲི་དག་གཏུགས་ཀྱི་ལྡེ་མིག་གིས་ཕྱེ་སྟེ་མཉམ་མེད་རྔོག་ལོ་ཆེན་པོའི་བཤད་སྲོལ་དང་བསྟུན་ནས་ཁ་བ་རི་བའི་ལྗོངས་སུ་སྔོན་ཆད་ཡོངས་སུ་མ་གྲགས་པའི་ལམ་སྲོལ་བཟང་པོ་གསལ་བར་ཕྱེ་བ་སོགས་ཁྱད་ཆོས་དུ་མའི་སྒོ་ནས་གངས་ཅན་གྱི་མཁས་མཆོག་མཐའ་ཀླས་པས་མཛད་པའི་རྣམ་བཤད་ཀུན་གྱི་ནང་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་ཡིན་ཞེས་མཆན་འགྲེལ་ནོར་བུའི་དོ་ཤལ་ལས་གསུངས་ལ།   གཞུང་རང་ལས་ཀྱང་།   ངེས་དོན་སྦྲང་རྩིའི་བཅུད་ཀྱིས་སྟོབས་རྒྱས་ཤིང་།།གསུང་རབ་པད་མོའི་མཚོ་ཆེན་ནང་ཞུགས་ནས།།གཞུང་དོན་དར་དིར་སྒྲོགས་པའི་བུང་བ་སུ།།ཡོངས་འདུའི་ཤིང་བཞིན་འདི་ན་ཟླ་ཡིས་དབེན།།དེ་སླད་རྗོད་བྱེད་སྒྲིག་དང་བརྗོད་བྱ་ལ།།རང་ལ་ཡིད་བརྟན་ཅུང་ཟད་མེད་གྱུར་ཀྱང་།།གཞན་གྱི་ཟེར་ཟློས་འབའ་ཞིག་རྗེས་འབྲངས་པའི།།གཞུང་རྩོམ་སྒྲ་བརྙན་དེ་དག་ངལ་སོས་དང་།།ཟབ་བརླིང་དོན་བཟང་བདུན་ཅུའི་རིན་ཆེན་ཕྲེང་།།སྡེབ་ལེགས་ཚིག་གི་སྲད་བུ་ལ་བརྒྱུས་ཤིང་།།ལུང་རིགས་གཟི་འོད་བརྒྱ་ཡིས་བསྟར་བ་ཡི།།བློ་གསལ་མགྲིན་པའི་རྒྱན་ཅིག་བདག་གིས་སྤེལ།།ངོ་མཚར་ལེགས་བཤད་གསེར་གྱི་ཕྲེང་བ་འདིས།།ཕྲག་དོག་ཚེར་མས་བློ་མིག་དཀྲུགས་པ་ཡི།།བླུན་པོ་རྣམས་ལ་དགའ་བ་མི་སྐྱེད་མོད།།རྣམ་དཔྱོད་ལུས་མཛེས་བརྩོན་པའི་གོས་ཀྱིས་སྤུད།།རྒྱལ་ཡུམ་རྒྱན་གྱིས་མཛེས་པ་སྐྱེད་འདོད་པའི།།བློ་གསལ་གཟུར་གནས་གང་གིས་འདི་མཐོང་ན།།དེ་ཡི་མོད་ལ་བཞིན་གྱི་དཀྱིལ་འཁོར་ནི།།འཛུམ་པའི་མདངས་ཀྱིས་ལྷམ་མེར་འགྱུར་བར་ངེས།།ཞེས་དང་།
           སྣ་ཚོགས་དགོངས་པའི་སྐད་ཀྱི་རླབས་ཀྱི་ཕྲེང་བ་གྱ་གྱུར་གཡོ།།མི་མཁས་སྙིང་ལ་འཇིགས་སྐྱེད་ཟབ་མོའི་ཚུལ་ནི་ངམ་གནག་ཅིང་།།གཏིང་མཐའ་མཚོན་པའི་དཔེ་དང་བྲལ་བ་རྒྱལ་ཡུམ་ཆུ་གཏེར་ཆེར།།ཡུན་རིང་དུས་ནས་གབ་པར་གྱུར་པ་ཡུམ་དོན་ཡིད་བཞིན་ནོར།།གཞུང་ལུགས་རྒྱ་མཚོའི་འཇིངས་ལ་གནས་བཅས་ཤིང་།།ལེགས་བཤད་རིན་ཆེན་ནོར་ལ་དབང་འབྱོར་བ།།མང་ཐོས་ལག་འགྲོའི་དབང་པོ་བདག་གིས་ནི།།རྣམ་དཔྱོད་བརྩོན་པའི་མཐུ་ཡིས་རིང་ནས་རྙེད།།ཉུང་ངུའི་ཡི་གེས་ཤིན་ཏུ་རྒྱ་ཆེའི་གནས།།གནས་ལུགས་ཇི་བཞིན་གསལ་བྱེད་ཡུམ་གྱི་རྒྱན།།རྒྱན་གྱི་རྣམ་བཤད་མཆོག་གྱུར་བཟང་པོའི་གཞུང་།།གཞུང་བརྒྱའི་དགོངས་པ་ཇི་བཞིན་ཁོ་བོས་བཤད།།ཉིན་མཚན་ཀུན་ཏུ་བརྩོན་འགྲུས་དྲི་ཡི་བཞོན་པས་བསྐྱོད།།རྣམ་དཔྱོད་མི་མཉམ་རྟ་ལྗང་ཤིང་རྟས་དྲངས་པ་ཡིས།།འབུམ་ཕྲག་གཞུང་གི་རི་གླིང་གསལ་བའི་ཉིན་བྱེད་གཅིག།མ་ཕམ་གཞུང་འགྲེལ་ཤར་རིའི་རྩེ་ལ་དེང་ནས་ཤར།།གང་དེ་མཐའ་མེད་གསུང་རབ་དགོངས་འགྲེལ་དང་།།ཁྱད་པར་རྒྱན་འགྲེལ་བཅུ་ཕྲག་གཉིས་དང་གཅིག།གངས་རིའི་ལྗོངས་ཀྱི་སྔ་ཕྱིའི་མཁས་རྣམས་ཀྱི།།ལེགས་བཤད་རྣ་བའི་རྒྱན་དུ་བྱས་པ་དང་།།མཁྱེན་པས་ཤེས་བྱའི་གནས་ལ་དབང་བསྒྱུར་ཅིང་།།བརྩེ་བས་གཞན་ཕན་སྒྲུབ་ལ་མི་སྐྱོ་བ།།ཐོག་མཐའ་བར་གྱི་ཡོངས་འཛིན་རྣམ་པ་བཞི།།སྤྱི་གཙུག་རྒྱན་དུ་བསྟེན་པའི་མཐུ་ལས་སོ།།སྤྱི་དོན་རིགས་པས་ལེགས་པར་མཐའ་བཅད་ཅིང་།།ཚིག་དོན་རྣོ་ཞིང་གསལ་ལ་རབ་ཏུ་འདྲིལ།།དེ་ཡང་ཡིད་ཆེས་གཞུང་དང་མི་འགལ་པར།།གྲུབ་པ་འདི་ནི་འདི་ཡི་ཁྱད་པར་རོ།།བརྗོད་བྱ་ལུང་རིགས་སྟོབས་ལས་འོངས་པའི་ཕྱིར།།རང་བཟོའི་འཁྲུལ་པས་ཅུང་ཟད་གོས་པ་མེད།།རྗོད་བྱེད་ཚིག་རྒྱན་གཞུང་དང་མི་འགལ་ཕྱིར།།རྨོངས་ཚིག་གྲོང་བའི་སྐྱོན་གྱིས་རིང་དུ་དོར།།དེ་ལྟར་རྗོད་བྱེད་སྒྲིག་ལེགས་བརྗོད་བྱའི་དོན།།འཕགས་དང་མཁས་པའི་གཞུང་མང་དུ་མ་དང་།།འབྲེལ་བར་བཤད་པས་བློ་གསལ་ཡིད་འཕྲོག་འདི།།ཁོ་བོའི་བློ་གྲོས་མིན་པ་གཞན་སུ་ཞིག།དེ་ཕྱིར་འདི་ལ་ནོངས་པ་མེད་སེམས་མོད།།གཟིགས་པ་སྒྲིབ་མེད་རྣམས་ཀྱི་མཁྱེན་པ་ལ།།ཉམ་ཆུང་བྱིས་པའི་རྟོག་པས་དཔྱད་པའི་ཕྱིར།།འཁྲུལ་གང་འཕགས་དང་རང་ལས་མཁས་ལ་བཤགས།།བློ་གྲོས་རྩོལ་བའི་གྲོགས་ཀྱིས་དོར་བ་དང་།།རྩོལ་ལྡན་བློ་གྲོས་ནོར་གྱིས་དབུལ་བ་དང་།།རང་གཞན་གྲུབ་མཐའི་རྒྱ་མཚོ་མ་མཐོང་བའི།།མཁས་རློམ་དེ་ཡིས་སྨོད་ན་སྡངས་ཤུགས་ཙམ།།འཇིག་རྟེན་མེས་པོས་འཇིག་རྟེན་མ་ལུས་པ།།རང་གི་འདོད་པས་རང་དགར་བྱེད་པ་བརྫུན།།འདི་ཉིད་བདེན་ན་འདི་ལ་འགྲན་བཟོད་པའི།།རྣམ་བཤད་འདི་འདྲའི་རྣམ་འགྲེལ་མེད་པ་ཅི།།གང་དག་རྣམ་དཔྱོད་ནུས་པ་མི་དམན་ལ།།རྩོལ་པས་ལེ་ལོའི་གོ་སྐབས་བཅོམ་གྱུར་པའི།།སྙིང་ནས་རྒྱལ་ཡུམ་མཁས་པའི་གཞུང་བཞིན་དུ།།ཤེས་འདོད་དེ་ཡིས་རྣམ་བཤད་འདིར་འཇུག་རིགས།།ཚུལ་འདིར་འབད་ལས་བདག་གི་བསོད་ནམས་གང་།།ཟླ་ཟེར་ལྷུང་བའི་གངས་རིའི་ཏོག་འདྲ་དེས།།ལམ་གོལ་འཁྱམས་པའི་ལུས་ཅན་འདི་དག་ཀུན།།རྒྱལ་བའི་ལམ་བཟང་དམ་པ་འདིར་འཇུག་ཤོག།བདག་ཀྱང་ལམ་བཟང་འདི་དང་མི་འབྲལ་ཞིང་།།ཡུན་རིང་འགྲོགས་པའི་གྲོགས་བཟང་ལུས་སེམས་གཉིས།།མ་རུངས་འཆི་བདག་ཕྲ་མས་ཕྱེ་བའི་ཚེ།།དེ་ལ་མི་འདོད་མེད་པར་དགའ་བཞིན་དུ།།དེ་ཡི་མོད་ལ་སེམས་ཀྱི་གཞོན་ནུ་ཡིས།།སྨོན་ལམ་ཚུལ་ཁྲིམས་བཞོན་པ་ལ་རོལ་ཏེ།།མི་ཕམ་རྒྱལ་བའི་དྲུང་དུ་སོན་གྱུར་ནས།།གསུང་གི་བདུད་རྩིས་རྣ་བ་ཚིམ་བྱེད་ཤོག།མདོ་འགྲེལ་རྒྱ་མཚོ་མང་ཐོས་ཁྱབ་འཇུག་མཐུས་བསྲུབས་པས།།ལེགས་བཤད་ཆ་ཤས་ཡོངས་སུ་རྫོགས་པར་འཁྲུངས་གྱུར་ཅིང་།།བརྒྱ་ཕྲག་དཀའ་གནས་ཀུན་དའི་ཟེའུ་འབྲུ་གསལ་བྱེད་འདི།།གྲངས་མེད་གདུལ་བྱ་བདེ་འབྱུང་གཙུག་ན་གསལ་གྱུར་ཅིག།ལྷ་ཡི་ལམ་ནས་ཉི་ཟླ་འཛིན་མར་མ་ལྷུང་ཞིང་།།རི་ཡི་དབང་པོ་ཆུ་གཏེར་སྨད་གཡོགས་མ་གྲོལ་བ།།དེ་སྲིད་འདི་ན་ཡུམ་དོན་དོན་གཉེར་སྐལ་ལྡན་གྱི།།རེ་བ་སྐོང་བའི་དབང་གི་རྒྱལ་པོར་འདིར་གནས་ཤོག།ཅེས་གཞུང་རང་གི་ཁྱད་ཆོས་དང་ཐུགས་སྨོན་གནང་བ་ལྟར་ལེགས་བཤད་འདི་ཉིད་འཇིག་རྟེན་འདིར་བྱོན་པ་ནས་བཟུང་ད་ལྟའི་བར་དུ་བློ་གསལ་གཞོན་ནུ་ཤེར་ཕྱིན་ཟབ་མོའི་ཉམས་བཞེས་ལ་ཐོས་བསམ་སྒོམ་གསུམ་གྱིས་གཞོལ་བའི་སྐལ་ལྡན་ཡོངས་ཀྱི་མིག་ཏུ་གྲུབ་པ་འདི་ལགས་སོ།   །

གསུམ་པ།      ལེགས་བཤད་གསེར་ཕྲེང་གི་འགྲེལ་བའི་སྐོར།

      ཀ   ༼གསེར་ཕྲེང་སྡོམ་ཚིག་དོན་རྒན་བསློང་ཐབས་ཚིག་གི་ཤེལ་འཁར་དྭངས་བྱེད་ནོར་བུ༽ལྷ་རམས་པ་རྗེ་སུ་ཉིད་ཡེ་ཤེས་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས༼༡༨༩༡༽ལོར་སྐུ་འབུམ་བྱམས་པ་གླིང་དུ་བརྩམས་པའོ།   །འདི་བ་སོག་ཡུལ་དུ་སྐུ་འཁྲུངས་ཤིང་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་མཛད་དེ་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག      སྐུ་ཚེ་སྨད་ལ་སྐུ་འབུམ་དུ་བཞུགས་ནས་བསྟན་འགྲོའི་དོན་མཛད་པ་ཞིག་གོ   །  གཞུང་འདི་ལ་དགེ་བཤེས་ཝ་གིནྡྲ་བི་ཛའམ་ངག་དབང་རྣམ་རྒྱལ་གྱིས་༼ལེགས་བཤད་གསེར་ཕྲེང་གི་སྡོམ་ཚིག་ལ་དོགས་པ་གཅོད་པ་དྭངས་བྱེད་ནོར་བུའི་བྱི་དོར༽ཞེས་བྱ་བ་ཞིག་རབ་བྱུང་བཅོ་ལྔ་པའི་ས་ཁྱི༼༡༨༩༨༽ལོར་བརྩམས་ཡོད།དེའི་ལན་དུ་སྡོམ་ཚིག་མཛད་པ་པོའི་དངོས་སློབ་རབ་འབྱམས་པ་བློ་བཟང་ཡོན་ཏན་གྱིས༼གསེར་ཕྲེང་སྡོམ་ཚིག་དྭངས་བྱེད་ནོར་བུ་ལ་ནག་རྙོག་བྱུགས་པའི་བྱི་དོར་སྲེག་པའི་མེ་ལྕེ་འབར་བའི་ལུང་རིགས་རྡོ་རྗེ༽ཞེས་བྱ་བ་ཞིག་མཛད་ཡོད་དོ།   །
          ཁ། ༼ལེགས་བཤད་གསེར་གྱི་ཕྲེང་བའི་རྣམ་བཤད་བློ་གསལ་གཟུར་གནས་རྣམས་ཀྱི་མིག་གཉིས་འབྱེད་པའི་རྒྱན༽རྒྱུད་སྟོད་མཁན་ཟུར་ཇུར་ཆེད་གྲགས་པ་ཚེ་བརྟན་གྱིས་མཛད།     འདི་བ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་ལྷ་ལྡན་སྨོན་ལམ་ཆེན་མོའི་ལྷ་རམས་པའི་མཚན་གྲངས་ཐོག་མར་བཟོ་སྐབས་ཀྱི་ལྷ་རམས་པ་ཨང་དང་པོ་ཡིན་ལ།     འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་སློབ་གཉེར་མཐར་ཕྱིན་པར་མཛད་པ་ཞིག་གོ    །
        ག༼ལེགས་བཤད་གསེར་ཕྲེང་གི་སྨྲས་བཤད་ཀྱི་འགྲེལ་བ་ལེགས་བཤད་ནོར་བུའི་ཆུན་པོ༽སོག་པོའི་དགེ་བཤེས་ཆེན་མོ་བློ་བཟང་རྟ་དབྱངས་ཀྱིསམཛད་པ་དང་།     ༼ལེགས་བཤད་གསེར་ཕྲེང་གི་སྔོན་འགྲོའི་ཚིགས་བཅད་སྐོར་གྱི་འགྲེལ་བ་གསེར་ཕྲེང་མཛེས་པའི་རྒྱན༽ཞེས་བྱ་བ་སྔགས་རམས་པ་བཤད་སྒྲུབ་བསྟན་དར་གྱིས་མཛད།       སྔགས་རམས་པ་ངག་དབང་ཚེ་རིང་གིས་མཛད་པའི ༼ལེགས་བཤད་གསེར་ཕྲེང་གི་སྔོན་འགྲོའི་སྐབས་ཀྱི་བརྗེད་ཐོ༽དང་ ༼ལེགས་བཤད་གསེར་ཕྲེང་གི་སྔོན་འགྲོའི་སྐབས་མན་ཆད་གཞུང་འགའི་བརྗེད་ཐོ༽གཉིས་ཀྱང་ཡོད་དོ།      །
          ང་། ༼   བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྣམ་པར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བའི་མཆན་འགྲེལ་ལུང་རིགས་ནོར་བུའི་དོ་ཤལ   ༽ཨ་བག་དཔལ་ལྡན་བཟང་པོས་རབ་བྱུང་བཅོ་ལྔ་པའི་ཆུ་ཕག་༼   ༡༩༢༣   ༽ལོར་མཛད་པ་ཞིག་ཡིན་ལ།    འདི་ནི་གསེར་ཕྲེང་གི་མཆན་འགྲེལ་དག་ལས་ཆེས་རྒྱས་ཤོས་དེ་ཡིན་ནོ།   །
       ཅ། ༼  ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་མཆན་འགྲེལ་ནོར་བུའི་དོ་ཤལ  ༽ཞེས་བྱ་བ་ཡར་ལུང་དགེ་བཤེས་ཆེན་མོར་འབོད་པ་དཔའ་རིས་བློ་བཟང་རབ་གསལ ༼  ༡༨༤༠         ༡༩༡༢    ༽གྱིས་མཛད་པ་ཞིག་ཡིན་ལ།    རྩོམ་འཕྲོར་ལུས་ཡོད།
        ཆ ། ༼ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་ཟུར་མཆན་བློ་གསལ་ངང་མོ་བྱེ་བའི་རོལ་མཚོ༽ཞེས་བྱ་བ་བིས་པ་འཇམ་དབྱངས་གྲགས་པས་མཛད།     འདི་བའི་རྣམ་ཐར་མ་མཐོང་ལ་བིས་མདོ་དགོན་ཆེན་དུ་ཞུགས་ནས་སློབ་གཉེར་དང་ཞྭ་དམར་པཎ་ཊི་ཏའི་༼  ༡༨༥༢           ༡༩༡༢ ༽སློབ་མ་ཡིན། ༼   བིས་མདོའི་གདན་རབས   ༽བརྩམས་ཡོད།
        ཇ། ༼ལེགས་བཤད་གསེར་ཕྲེང་གི་དྲིས་ལན་རྫོགས་ལྡན་མཚོན་པའི་མེ་ལོང༽སྒིས་སྟེང་ཡོངས་འཛིན་བློ་བཟང་དཔལ་ལྡན་༼༡༨༨༡       ༡༩༤༤ ༽ལ་རྔ་ཡུལ་གྱི་ཆོས་སྡེ་ཆེན་མོ་དགེ་ལྡན་ལེགས་བཤད་གླིང་གི་མཁས་པའི་ཁྱུ་མཆོག་གཞོན་ནུ་འཇམ་དབྱངས་ཀྱིས་དྲི་བ་སོ་གཅིག་ཕུལ་བའི་ལན་དུ་བརྩམས་པའོ།  །
        ཉ།  ༼ལེགས་བཤད་གསེར་གྱི་ཕྲེང་བའི་བསྡུས་དོན་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང༽དགེ་བཤེས་ཆེན་མོ་རྒྱ་རྒྱའི་ཤེས་རབ་རྒྱ་མཚོས་མཛད་།     ཁོང་ནི་༼༡༩༡༣           ༡༩༧༣༽ལྡེ་ཚ་བཀྲ་ཤིས་ཆོས་ལྡིངས་ཀྱི་དགེ་བཤེས་ཡིན་ལ།     སྨྲ་བའི་དབང་ཕྱུག་ཁ་གྱའི་ཕུན་ཚོགས་ཚང་དགེ་རྒན་དུ་བསྟེན་ནས་བཀའ་པོད་ལ་སྦྱངས།    སྙན་བརྒྱུད་གདམས་པའི་བང་མཛོད་རྗེ་བླ་ཁོ་རིན་པོ་ཆེ་དང་།    རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ།   ལྷ་རིས་ཚང་སོགས་ལས་དབང་དང་གདམས་ངག་མང་དུ་གསན་ནས་མཁས་པར་གྱུར།    བརྩམས་ཆོས་ལ་གཞུང་འདི་དང་འཇིགས་བྱེད་བསྙེན་ཡིག་བཅས་པོད་གཅིག་ཡོད་དོ།   །
       ཏ །  ༼བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྣམ་པར་བཤད་པ་ལེགས་བཤད་གསེར་གྱི་ཕྲེང་བའི་སྐབས་བརྒྱད་ཀྱི་ས་བཅད༽འབྲས་སྒོ་མང་མཁན་ཟུར་ངག་དབང་ཉི་མས༼  ༡༩༠༧ ལོར་འཁྲུངས    ༽་མཛད་པའོ།   །
       ཐ ། ༼ལེགས་བཤད་གསེར་གྱི་ཕྲེང་བའི་ས་བཅད༽རྔ་ཡུལ་གྱི་ཆོས་སྡེ་ཆེན་མོ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་དགེ་བཤེས་ཆེན་མོ་མཛོད་ཚང་བློ་བཟང་བརྩོན་འགྲུས་ཀྱིས་མཛད་ཅིང་།   མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའོ།   །
     ད །༼  ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བའི་མཆན་འགྲེལ་འོད་ཀྱི་ཕུང་པོ་ཞེས་བྱ་བ་ལས་སྐབས་དང་པོའི་སྟོད་ཆ ༽ནིའུ་ཛི་ལེན་ཌི་བྱམས་པ་ཤེས་རབ་ཀྱིས་བརྩམས་པའོ།   །
        ན །    ༼  ལེགས་བཤད་གསེར་ཕྲེང་བགྲོ་གླེང་།    ཐེངས་དང་པོ་དང་གཉིས་པ་གཉིས་ཀྱི་རྩོམ་ཤོག་ཕྱོགས་བསྒྲིགས་གསེར་གྱི་ལྡེ་མིག༽སེར་འབྲས་དགེ་གསུམ་གྱི་དགེ་བཤེས་ལྷ་རམས་པ་རྣམས་གཙོ་མཛད་ནས་མཛད་པ་ཡིན་ལ།      གསེར་ཕྲེང་གི་གནད་འགག་མང་པོར་མཐའ་ཆོད་པའི་དོགས་གཅོད་གསལ་འགྲེལ་གནང་ཡོད་པས་གལ་ཆེའོ།   །
         གཞན་ཡང་གསེར་བསམ་སྨོན་རམས་པ་བསྟན་འཛིན་གྲགས་པས་མཛད་པའི་༼བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་དགོངས་པ་ལེགས་བཤད་གསེར་ཕྲེང་ལྟར་གསལ་བྱེད་ཀུན་གསལ་མེ་ལོང  ༽ རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་ལེགས་བཤད་གསེར་ཕྲེང་གི་དོགས་གཅོད་དོར་བའི༼བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྤྱི་དོན༽སོགས་ཀྱང་ཡོད་དོ།     །

       མདོར་ན།   རྗེ་ལྕང་སྐྱ་ཐམས་ཅད་མཁྱེན་པ་རོལ་པའི་རྡོ་རྗེས་མཛད་པའི་གྲུབ་མཐའི་རྣམ་གཞག་ཆེན་མོ་ལས།རྗེ་བདག་ཉིད་ཆེན་པོ་འདི་ཉིད་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་ཀྱང་།དེ་ཐམས་ཅད་ཀྱི་ནང་ནས་གཙོ་བོར་གྱུར་པ་ནི་རྒྱལ་བའི་མདོ་སྔགས་ཀྱི་གསུང་རབ་མཐའ་དག་གི་དགོངས་པའི་དོན་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཚུལ་ཇི་ལྟར་ཕྱེ་བ་རྣམས་སོ་སོར་མ་འདྲེས་པར་ལུང་དང་རིགས་པ་དྲི་མ་མེད་པའི་སྒོ་ནས་འཁྲུལ་བའི་ཆ་ཤས་ཕྲ་མོ་ཙམ་ཡང་མེད་པར་རང་གིས་ངེས་ཤིང་།གཞན་དག་ལ་འདོམས་པར་མཛད་པས་ཐུབ་པའི་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པའི་བཀའ་དྲིན་གྱིས་ནོར་འཛིན་གྱི་ཁྱོན་ཁྱབ་པར་མཛད་པ་འདི་ཁོ་ན་ཡིན་ནོ།།ཞེས་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱའོ།།ཞེས་བཀའ་བསྩལ་བ་ལྟར་རང་ཅག་གིས་ཀྱང་རྗེ་བདག་ཉིད་ཆེན་པོའི་བཀའ་རྩོམ་མཐའ་དག་ལ་རང་ནུས་དང་མཐུན་ཐོས་བསམ་རེ་གནང་རྒྱུ་གལ་ཆེའོ་ཞེས་སྙིང་ནས་ཞུས་སོ།    །

       སྐྱ་རེངས་དཔལ་ལོ ༡༩༦༩       མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཡིག་སྡེ་ཁག་གི་དགེ་རྒན་ཡིན།  སློབ་ཁྲིད་དང་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་སྲོལ་རྒྱུན་རིག་གནས་ཡིན།
≪浅谈宗喀巴大师的善说金鬘论及其注释≫
本文系2014年国家社科基金项目≪藏传佛教格鲁派思想发展及现状研究≫批准号14XZJ004阶段性成果之一。

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།