སྒྲ་མདོ་ཆེན་པོ་བཞི་བོད་ལ་འགྱུར་ཚུལ་སྐོར་མདོ་ཙམ་གླེང་བ།

海螺 2.jpg

   དེ་ཡང་གནའ་བོའི་རྒྱ་གར་ཡུལ་དུ་སྒྲ་གཞུང་ཆེན་པོ་བཅུ་བྱུང་ཞིང་། དེ་དག་ནི་ཨིནྡྲ་བྱཱ་ཀ་ར་ཎ་དང་། བེ་ཤ་ལི་བྱཱ་ཀ་ར་ཎ། ཤ་ཀོོ་ཊ་ཡ་ན་བྱཱ་ཀ་ར་ཎ། པཱ་ཎི་ནི་བྱཱ་ཀ་ར་ཎ། སུ་མནྟ་བྷ་དྲ་བྱཱ་ཀ་ར་ཎ། པ་ཏཉྫ་ལི་བྱཱ་ཀ་ར་ཎ། མ་ནུ་ཛནྡྲ་བྱཱ་ཀ་ར་ཎ། ཙནྡྲ་པ་བྱཱ་ཀ་ར་ཎ་བཅས་སྒྲ་མདོ་ཆེན་པོ་བརྒྱད་དང་། དེའི་ཐོག་ཀ་ལཱ་པ་བྱཱ་ཀ་ར་ཎ་དང་། དབྱངས་ཅན་བྱཱ་ཀ་ར་ཎ་བཅས་བསྣན་པས་སྒྲ་གཞུང་ཆེན་པོ་བཅུ་ཞེས་ཤིན་ཏུ་གྲགས་ཆེ། རྒྱ་གར་ཡུལ་གྱི་ངག་སྒྲོས་ལྟར་ན། ལེགས་པར་སྦྱར་བ་སཾསྐྲིཏ་ལྷའི་སྐད་དང་། པྲ་ཀྲྀ་ཊ་ཡུལ་མི་རང་བཞིན་གྱི་སྐད་དང་། ཨ་པ་བང་ཤ་ཟུར་ཆག་གི་སྐད་དང་། པི་ཤ་ཙི་ཤ་ཟའི་སྐད་བཅས་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས་ལེགས་སྦྱར་སཾསྐྲིཏའི་སྐད་ནི་སྐད་རིགས་བཞི་ལས་མཆོག་ཏུ་གྱུར་པའི་སྐད་རིགས་ཤིག་ཡིན་པར་བཤད་ལ། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་ལེགས་པར་སྦྱར་བ་སཾསྐྲིཏའི་སྐད་རིགས་འདི་ལ་བརྟེན་ནས་གསུངས་པར་གྲགས། དེ་བཞིན་དུ་གངས་ཅན་བོད་ཡུལ་འདི་ཡང་འཛམ་གླིང་གི་མི་རིགས་གཞན་དག་དང་འདྲ་བར་ཤེས་རིག་དར་སྔ་ཤོས་ཀྱི་ལོ་རྒྱུས་ལྡན་པའི་གནའ་བོའི་མི་རིགས་ཤིག་ཡིན་ཏེ། "སྤྱིར་བོད་ཀྱི་སྐད་ཡིག་ནི་ཆེས་གནའ་བོའི་སྐད་རིགས་ཤིག་ཡིན་སྟབས། སྤྱི་ལོ་སྔོན་གྱི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གོང་དུ་བོད་དུ་སྐད་ཡིག་རིག་པ་དང་། མིང་ཚིག་དང་ཐ་སྙད་ཀྱི་རིག་པ་ཆ་ཚང་བར་བྱུང་འདུག"①ཅེས་གསུངས་པ་ནི་དོན་ལ་གནས་པའི་ལེགས་བཤད་ཅིག་ཡིན་པར་སེམས་ལ། བོད་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ། བོད་ཀྱི་ལོ་ཙཱ་བ་ཐོག་མར་གྲགས་པའི་སློབ་དཔོན་ཐོན་མི་སམ་བྷོ་ཊས་ཆོས་སྲིད་གཉིས་ལ་བཀོལ་ཆོག་པའི་བོད་ཡིག་བསྒྱུར་བཅོས་མཛད་པར་མ་ཟད། "བརྡ་སྤྲོད་པའི་གཞུང་ཆ་ཚང་བ་ནི་སྤྱི་ལོའི་དུས་རབས་བདུན་པར་ཐུ་མི་སཾ་བྷོ་ཊས་རྒྱ་གར་གྱི་གནའ་བོའི་བརྡ་སྤྲོད་རིག་པའི་གཞུང་པཱ་ཎི་པ་ལ་དཔེར་བྱས་ནས་བོད་ཀྱི་བརྡ་སྤྲོད་རིག་གཞུང་སྐབས་བརྒྱད་པ་ཅན་ཞིག་བརྩམས་ཀྱང་ཕྱིས་དུས་འགྱུར་གྱི་དབང་གི་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་གཉིས་མ་གཏོགས་གཞན་རྣམས་བརླག་ཟིན"②ཞེས་གསུངས་པ་ལ་གཞིགས་ན། བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ནི་གནའ་བོའི་རྒྱ་གར་གྱི་སྒྲ་གཞུང་ལ་དཔེར་བྱས་ནས་བརྩམས་པ་རྟོགས་ཐུབ་ལ། ཐོན་མིས་སུམ་རྟགས་སོགས་མཛད་པ་ནས་བཟུང་བོད་དུ་བརྡ་སྤྲོད་རིག་པའི་གཞུང་དངོས་སུ་བྱུང་ཞིང་། ཕྱིས་སུ་བོད་ཀྱི་ལོ་པཎ་མང་པོས་སུམ་རྟགས་དག་གསུམ་གྱི་རྩ་འགྲེལ་དང་ཡང་འགྲེལ་སོགས་བརྩམས་ནས་བརྡ་སྤྲོད་རིག་པའི་བསྟན་བཅོས་མང་དུ་བྱུང་ངོ་། །དང་པོ། བོད་ཡུལ་དུ་དར་བའི་སྒྲ་རིག་གི་བྱུང་འཕེལ།རྒྱ་གར་གྱི་སྒྲ་གཞུང་ཆེན་པོ་བཅུ་ལས་གངས་ཅན་བོད་ཡུལ་དུ་སྒྲ་མདོ་པཱ་ཎི་པ་དང་། ཙནྡྲ་པ། ཀ་ལཱ་པ། དབྱངས་ཅན་སྒྲ་མདོ་བཅས་དར་ཁྱབ་བྱུང་ཞིང་། དེ་དག་གི་བྱུང་འཕེལ་སྐོར་ནས་རགས་ཙམ་གླེང་ན་འདི་ལྟར། (༡)སྒྲ་མདོ་པཱ་ཎི་པ། སྒྲ་མདོ་པཱ་ཎི་པ་ནི(ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བ་ཡས་མས་སུ་དར་བར་མངོན)བྲམ་ཟེ་ཁྱེའུ་པཱ་ཎི་ནཱི་ཞེས་པས་མཛད་ཅིང་། ཁོང་ནི་འཕགས་ཡུལ་ནུབ་ཕྱོགས་བྷི་རུ་ཀའི་ཚུལ་དུ་སྐྱེས། སྒྲ་རིག་པར་སྦྱངས་ནས་མཁས་པར་གྱུར་མོད། དེ་ཙམ་གྱིས་ཡིད་མ་ཚིམས་པར་འཇིག་རྟེན་དབང་ཕྱུག་སྟེ་འཕགས་པ་སྤྱན་རས་གཟིགས་ཀྱི་རིག་སྔགས་བསྒྲུབས་ནས་འཕགས་པའི་བྱིན་རླབས་ཀྱིས་འཇིག་རྟེན་གསུམ་གྱི་སྒྲའི་གནས་ཐམས་ཅད་མཁྱེན་པར་མ་ཟད། པཱ་ཎི་བྱཱ་ཀ་ར་ཎ་ཤོ་ལོ་ཀ་སྟོང་དང་། བྱེ་བྲག་འབྱེད་པའི་མདོ་ཤོ་ལོ་ཀ་སྟོང་བཅས་ཤོ་ལོ་ཀ་ཉིས་སྟོང་གི་བདག་ཉིད་ཅན་ཞིག་མཛད་པས། བསྟན་བཅོས་ཀྱི་མིང་ལའང་པཱ་ཎི་བྱཱ་ཀ་ར་ཎ་ཞེས་རྩོམ་མཁན་གྱི་མིང་བསྟན་བཅོས་ལ་བཏགས་ཤིང་། སྒྲ་གཞུང་དེ་ལ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུས《མཧཱ་བྷཱ་ཥ》ཞེས་པའི་འགྲེལ་བ་བརྩམས། སློབ་དཔོན་ར་མ་ཙནྡྲས《རྩ་འགྲེལ་གཉིས་ཀ་བསྡུས་པའི་སྙིང་པོའི་རྩ་བ》དང་། 《འགྲེལ་བ་རབ་ཏུ་བྱེད་པ》ཞེས་པ་ཞིག་བརྩམས་པར་གྲགས། སྒྲ་མདོ་པཱ་ཎི་པའི་གཞུང་འདི་ནི་རྒྱ་གར་གྱི་སྒྲ་རིག་ལོ་རྒྱུས་ལས་དར་སྔ་བའི་སྒྲ་གཞུང་གྲགས་ཅན་ཞིག་ཡིན་ཏེ། 《ལངྐར་གཤེགས་པའི་མདོ》ལས་ཀྱང་སྒྲ་བྱེད་པ་ནི་པཱ་ཎི་པའོ། །ཞེས་གསུངས་ཡོད། འདི་ནི་རྒྱ་གར་གྱི་སྒྲ་གཞུང་ཐམས་ཅད་ཀྱི་རྩ་བའམ་ཕྱི་མོ་ལྟ་བུ་ཡིན་པར་གྲགས་ལ། སྔ་རྗེས་སུ་རྒྱ་བོད་མཁས་པ་མང་པོས་སྒྲ་གཞུང་དེར་འགྲེལ་བ་མང་དུ་མཛད། དེ་ཡང་སྐྱེས་བུ་མཆོག་གིས་བྱས་པའི《བྷཱ་ཥ》ཞེས་པ་རྩ་བ་ཤོ་ལོ་ཀ་དགུ་བརྒྱའི་ཚད་ཙམ་རང་འགྲེལ་དང་བཅས་པ་རྭ་མ་ཙནྡྲས་བྱས་པའི་《རབ་བྱེད་ཟླ་ཟེར》། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་《པཱ་ཎི་པའི་དོན་འགྲེལ་གཟུགས་ཀྱི་འཇུག་པ》། པཱ་ཎི་པའི་ཡ་གྱལ་ཏེ《གཞུང་ཤཱ་ཀ་ཏཱ་ཡ་ན》དང་ཀ་ཏིའི་བུས་བྱས་པ་སོགས་བརྩམས་པ་དང་། "ལྷག་པར་དུ་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་མ་བྱོན་གོང་དུ་སྒྲ་གཞུང་དེའི་མིང་ཐོས་པ་ཙམ་ལས་བོད་དུ་དར་མེད་ཀྱང་རྒྱལ་དབང་ལྔ་བ་ཆེན་པོའི་སྐུ་དུས་སུ་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་པཱ་ལ་བྷ་དྲ་དང་། དེའི་གཅུང་པོ་པཎྜི་ཏ་གོ་ཀུ་ལ་ན་ཐཱ་མི་ཤྲ་སྐུ་མཆེད་གཉིས་བོད་དུ་ཕེབས་པར་བསྙེན་བཀུར་ཞབས་ཏོག་གང་ལེགས་མཛད། འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ལགས་པཎྜི་ཏ་རྣམ་གཉིས་ཀྱི་ཞབས་ལ་གཏུགས་ཏེ་སྒྲ་རིག་པའི་གཞུང་ལུགས་པཱ་ཎི་ནི་བྱཱ་ཀ་ར་ན་ཆ་ཚང་སློབ་དགོས་པའི་བཀའ་ཕབ་པ་ལྟར་འདར་པ་ལོ་ཙཱ་བས་སྒྲ་གཞུང་དེ་ལ་སྦྱང་པ་མཐར་ཕྱིན་གནང་བ་མ་ཟད། རབ་བྱུང་བཅུ་གཅིག་པའི་ས་ཁྱི(སྤྱི་ལོ1658)ལོར་སྒྲ་མདོ་པཱ་ཎི་པ་ཆ་ཚང་བོད་སྐད་ཡིག་ཏུ་སྒྱུར་གནང་མཛད་པ་དེས་བོད་དུ་སྒྲ་རིག་པའི་གཞུང་ལུགས་གོང་དུ་འཕེལ་བར་ལོ་རྒྱུས་རང་བཞིན་ལྡན་པའི་ནུས་པ་ཐོན"③ཞེས་འཁོད་པ་ལྟར། འདར་པ་ལོ་ཙཱ་བས《སྒྲ་མདོ་པཱ་ཎི་པའི་འགྲེལ་བ་ནོར་གྱི་ཤིང་རྟ》ཞེས་པ་འདི་བརྩམས་པར་མཛད་ནས་སྒྲ་གཞུང་འདི་འཕེལ་རྒྱས་སུ་འགྲོ་བར་རྨང་བཏིང་བ་དང་། 《ཤེས་བྱ་ཀུན་ཁྱབ》ལས་སྒྲ་མདོ་འདིའི་བསྒྱུར་དཔེ་ཡང་དངོས་སུ་བཞུགས་ཡོད་པར་བཤད། ཕྱིས་སུ་གངས་ཅན་བོད་ཡུལ་དུ་དར་རྒྱས་ཆེན་པོ་བྱུང་མ་ཐུབ་པར་མངོན།(༢)སྒྲ་མདོ་ཙནྡྲ་པ།སྒྲ་མདོ་ཙནྡྲ་པ་ནི་རྒྱ་གར་གྱི་མཁས་པ་ཆེན་པོ་སློབ་དཔོན་ཙནྡྲ་གོ་མིས(བཙུན་པ་ཟླ་བ)མཛད་ཅིང་། ཁོང་ནི་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་སེང་གེའི་དུས་སུ་རིནྡྲ་ཞེས་པའི་ཡུལ་དུ་རྒྱལ་རིགས་ཀྱི་པཎྜི་ཏ་བི་ཤེས་ཞེས་བྱ་བའི་སྲས་སུ་སྐུ་འཁྲུངས་པ་དང་། ཁོང་གིས་བརྩམས་པའི་སྒྲ་གཞུང་ལའང་ཙནྡྲ་ཞེས་མིང་བཏགས་པ་ཡིན། ཁོང་གིས་ལོ་བདུན་གྱི་སྟེང་ནས་སྒྲ་རིག་པ་མཁྱེན་པར་མ་ཟད། སློབ་དཔོན་མྱ་ངན་མེད་ལས་ལུང་མནོས་ཏེ། སྤྱན་རས་གཟིགས་དང་སྒྲོལ་མའི་རིག་སྔགས་བསྒྲུབས་པས་གྲུབ་ཅིང་མཁས་པ་ཆེན་པོར་གྱུར་ཏེ་ནང་རིག་པའི་བསྟན་བཅོས་དང་། ཕྱི་རོལ་པའི་བསྟན་བཅོས། བཟོ་གནས་ཀྱི་བསྟན་བཅོས་རྣམས་བརྒྱ་རྩ་བརྒྱད་རེ། བསྟན་བཅོས་ཐོར་བུ་བ་སྣ་ཚོགས་བཞི་བརྒྱ་དང་སུམ་ཅུ་མཛད། གཞན་ཡང་པཱ་ཎི་པའི་དོན་འགྲེལ་ལེགས་བསྡུས་ཀྱིས་ཉུང་ངུ་རྣམ་གསལ་ཡང་དག་པར་ཀུན་རྫོགས་མཚན་ཉིད་ཅན་ཙནྡྲ་བྱཱ་ཀ་ར་ཎ་ཞེས་པ་ཤོ་ལོ་ཀ་བདུན་བརྒྱ། ལེའུ་ཉི་ཤུ་རྩ་བཞིའི་བདག་ཉིད་ཅན་དང་དེའི་ཡན་ལག་ཏུ་ཡི་གེའི་མདོ་དང་བྱིངས་ཀྱི་མདོ་སོགས་མཛད་པ་ལས་སློབ་དཔོན་ཉིད་ཀྱི་རང་གཞུང་དང་གཞན་གྱིས་སྦྱར་བ་མང་དུ་ཡོད།ཙནྡྲ་པ་ནི་རྟོགས་དཀའ་བ་པཎྜི་ཏའི་ལུགས་ཀྱི་བསྟན་བཅོས་སུ་གྲགས་ཤིང་། རྒྱ་གར་ལྷོ་ནུབ་གུ་ཛིར་ཏ་ན་ས་ཆར་དར་ཁྱབ་ཆེ། གཞུང་འདིའི་རྩ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་བ་ཚུན་ཆད་བོད་ཡུལ་དུའང་ཞྭ་ལུ་ཆོས་སྐྱོང་བཟང་པོས་མཛད་པ་སོགས་འགའ་ཞིག་མཆིས་པ་ལས། ཕྱིས་སུ་ཀུན་མཁྱེན་ངྷརྨཱ་ཀ་རས་མཛད་པའི་འགྲེལ་ཆེན་ཉིད་རྒྱ་གཞུང་དང་ཁྱད་པར་མེད་པ་ཞིག་ཡོད་པས་བོད་དུ་སྒྲ་རིག་པ་སྦྱང་བར་ཕན་འབྲས་ཤིན་ཏུ་ཆེན་པོ་ཐོབ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ལེགས་བསྡུས་ཉུང་གསལ་ཀུན་རྫོགས་ཙནྡྲའི་མདོ། །འགྲེལ་དང་ཡན་ལག་རང་གཞན་གཞུང་མང་ལས། ། རྩ་བ་ཐོག་མར་ཤོང་ལོས་བསྒྱུར་ཏེ་འཆད། །ཞེས་གསུངས་པ་ལྟར་བོད་ཡུལ་དུ་འགྲོ་མགོན་གྱིས་བསྐུལ་བ་ལྟར་ལོ་ཙཱ་བ་ཆེན་མོ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ཐོག་མར་སྒྱུར་སྤེལ་བྱས་ཤིང་། དེའི་རྗེས་ཐར་ལོ་ཉི་མ་རྒྱལ་མཚན་གྱིས《ཉི་ཤུ་བའི་འགྲེལ་བ》དང་། 《ཡི་གེའི་མདོའི་འགྲེལ་བ》སོགས་བོད་ཡིག་ཏུ་བསྒྱུར་ནས་གངས་ཅན་བོད་ཡུལ་དུ་སྒྲ་རིག་པའི་གཞུང་ལུགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བ་ཡིན།
   སྒྲ་གཞུང་འདི་ལ་སྔོན་བྱོན་མཁས་པ་རྣམས་ཀྱི་འགྱུར་ཡིག་དང་གཞུང་འགྲེལ་བརྩམས་ཆོས་ཀྱི་སྐོར་ལ་ཤིན་ཏུ་མང་པོ་ཞིག་ཡོད་པ་གཤམ་ལྟར། པཎྜི་ཏ་ནོར་བཟང་གྲགས་པའི་《ཙནྡྲ་བྱཱ་ཀ་ར་ཎའི་ཡན་ལག་རབ་ཏུ་བྱེད་པ་སྨྲ་བའི་སྒོ》དང་། པཎྜི་ཏ་སྨྲི་ཏི་ཛྙ་ན་ཀི་རྟིའི(དྲན་པ་ཡེ་ཤེས་གྲགས་པ)《སྨྲ་སྒོ་མཚོན་ཆ》། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི(1618-?)《ཙནྡྲ་པའི་གཞུང་གི་འགྲེལ་བ》། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི(1441-1527)《ཙནྡྲ་པའི་འགྲེལ་བ་བརྡ་སྤྲོད་རྒྱ་མཚོའི་གྲུ་གཟིངས》། ལོ་ཆེན་ཐུགས་རྗེ་དཔལ་གྱི་《ཙནྡྲ་པའི་འགྲེལ་བ་མཚན་ཉིད་གསལ་བར་བྱེད་པ་ཡིད་བཞིན་ནོར་བུ》། སི་ཏུ་རིན་པོ་ཆེ་ཀུན་མཁྱེན་ངྷརྨཱ་ཀ་རའི《ལེགས་སྦྱར་རྒྱ་མཚོར་འཇུག་པའི་གྲུ་གཟིངས》སོགས་མང་ངོ་། ། (༣)སྒྲ་མདོ་ཀ་ལཱ་པ།སྒྲ་མདོ་ཀ་ལཱ་པ་ནི་རྒྱལ་པོ་ཙན་དན་སྐྱོང་གི་དུས་སུ་ལྷའི་དབང་བོ་བརྒྱ་བྱིན་གྱིས་བྲམ་ཟེ་ཨིནྡྲ་བྷྲུ་བ་ལ་སྒྲའི་ངེས་གནས་བཤད་པའི་ཨིནྡྲ་བྱཱ་ཀ་ར་ན་སྟེ་དབང་བོའི་བརྡ་སྤྲོད་པ་ཞེས་ཤོ་ལོ་ཀ་ཉིས་ཁྲི་ལྔ་སྟོང་ཡོད་པ་ཞིག་མཛད་པ་དེ་ཉིད་ཤེས་པའི་ཕྱིར་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་སྦྱིན་བདག་རྒྱལ་པོ་བདེ་སྤྱོད་བཟང་པོས་གཞོན་ནུ་གདོང་དྲུག(སྨིན་དྲུག)བསྒྲུབས་ཏེ་སྒྲ་བསླབས་ཤིང་། མཚམས་སྦྱོར་རྐང་པ་ལྔ་དང་། མིང་ལེ་དྲུག ཀུན་བཤད་རྐང་པ་བཞི་སྟེ་སྒྲའི་དོན་མཐའ་དག་ཤེས་པར་གྱུར་ནས་དེ་ཉིད་ཀྱིས《ཀ་ལཱ་པ་བྱཱ་ཀ་ར་ཎ》བརྩམས་པ་དང་། དེ་ནི་ཨིནྡྲ་བྱཱ་ཀ་ར་ཎའི་ལུགས་ཡིན་ཞིང་། གྲུབ་མཐའ་ཕྱི་ནང་གི་མཁས་པས་འགྲེལ་བའང་མང་དུ་བྱུང་། ཀ་ལཱ་པ་ནི་རྟོགས་སླ་བ་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་སུ་གྲགས་པ་དང་། རྒྱ་གར་ཤར་ཕྱོགས་གཽ་ར་བྷཾ་ག་ལ་ན་དར་ཞིང་། བོད་དུ་དར་བའི་སྒྲ་གཞུང་ཆེན་པོ་བཞི་ལས་ཆེས་གལ་ཆེན་ཞིག་ཡིན་པར་གསུངས། "ཕྱི་རོལ་མུ་སྟེགས་པའི་པཎྜི་ཏ་ཨུ་ཀ་བྱ་རི་སོགས་རྒྱ་བོད་ལོ་པཎ་མང་པོས་འགྲེལ་བ་དུ་མ་བརྩམས། དེ་དག་ལས་བཏུས་པ་འགྲེལ་བ་ཉུང་ངུ་ཞིག་པཎྜི་ཏ་སྒྲོལ་བའི་དབང་ཕྱུག་གིས་མཛད་པ་མངའ་རིས་རྒྱལ་པོ་ལྷ་བླ་མ་འོད་ཀྱིས་མཐོ་ལྡིང་གཙུག་ལག་ཁང་དུ་བོད་ཀྱི་སྐད་ཡིག་ཏུ་བསྒྱུར། དེ་ནས་འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་དང་དཔོན་ཆེན་ཤཱཀྱ་བཟང་པོས་བཀའ་བསྐུལ་གནང་བ་ལྟར་ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ཀ་ལཱ་པའི་སྒྲ་མདོ་ཆ་ཚང་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་ཏེ་སྒྲ་རིག་པའི་འཆད་ཉན་གྱི་བསྟན་པ་རྒྱ་ཆེར་སྤེལ"④བར་གསུངས། སྒྲ་མདོ་ཀ་ལཱ་པའི་གཞུང་འདི་ལ་ཡང་སྔོན་བྱོན་མཁས་པ་རྣམས་ཀྱི་འགྱུར་ཡིག་དང་གཞུང་འགྲེལ་བརྩམས་ཆོས་ཀྱི་སྐོར་ལ་ཤིན་ཏུ་མང་པོ་ཞིག་ཡོད་དེ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས(1276-1342)མཛད་པའི《འགྲེལ་བ་དུར་སིང》གི་ལེའུ་བཅུ་གཉིས་ཙམ། འཇམ་དཔལ་གྲགས་པའི《སི་ཏུ་སོགས་ཀྱི་མཐའ་དཔྱད་པ》། བུ་སྟོན་རིན་ཆེན་གྲུབ་ཀྱི(1290-1364)《ཀ་ལ་པའི་འགྲེལ་བ་དུར་ཟིང》། ལོ་ཆེན་བྱང་ཆུབ་རྩེ་མོའི(1303-1380)《ཀ་ལཱ་པའི་འགྲེལ་པ་སློབ་ལ་ཕན་པ》། ལོ་ཙཱ་བ་ཐུགས་རྗེ་དཔལ་གྱི《ཀ་ལཱ་པའི་འགྲེལ་ཊིཀྐ་ཆེན་མོ》། ལོ་ཙཱ་བ་ནམ་མཁའ་བཟང་པོའི《ཀ་ལཱ་པའི་ཊིཀྐ་ལེགས་སྦྱར་འབྱུང་གནས》། སྙེ་ཐང་བློ་བརྟན་བཞི་པའི《ཀ་ལཱ་པའི་འགྲེལ་ཊིཀྐ་ཆེན་མོ》། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི(1441-1527)《ཀ་ལཱ་པའི་བཤད་སྦྱར་གཞུང་དོན་གསལ་བ》དང་《སྐད་དོད་ཉེར་མཁོ》། ཞ་ལུ་ལོ་ཙཱ་བ་དཔལ་ལྡན་བཟང་པོའི་《ཀ་ལཱ་པའི་མཚམས་སྦྱོར་གྱི་ཊིཀྐ་འཆད་ཉན་རྣམ་གསལ》། བྱང་བདག་རྣམ་རྒྱལ་གྲགས་བཟང་གི(1395-1475)《ཀ་ལཱ་པའི་མདོ་རྒྱན》། ཆུ་མིག་ལོ་ཙཱ་བའི《ཀ་ལཱ་པའི་ཊིཀྐ》། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱི《ཀ་ལཱ་པའི་སྤྱི་དོན》། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི(1405-?)《ཀ་ལཱ་པའི་སྤྱི་དོན》། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི(1375-1451)《ཀ་ལཱ་པའི་ཊིཀྐ》། ཀརྨ་མི་བསྐྱོད་རྡོ་རྗེའི(1507-1554)《ཀ་ལཱ་པའི་ཊིཀྐ》སོགས་ཤིན་ཏུ་མང་ངོ་། །(༤)དབྱངས་ཅན་སྒྲ་མདོ། དབྱངས་ཅན་སྒྲ་མདོ་ནི་རྒྱ་གར་ལྷོ་ཕྱོགས་མ་ཧཱ་ཐཥྚ་སྟེ་ཡུལ་གྲུ་ཆེན་པོ་ཞེས་བྱ་བར་བྱུང་བའི་བྲམ་ཟེའི་རིགས་ཀྱི་སློབ་དཔོན་ཨ་ནུ་ཤུ་ཏི་ཞེས་བྱ་བས་ལྷ་མོ་དབྱངས་ཅན་མ་ཞལ་གཟིགས་བྱུང་སྟེ་བརྩམས་པས་བསྟན་བཅོས་ཀྱི་མིང་ལའང་དབྱངས་ཅན་སྒྲ་མདོ་ཞེས་བཏགས་པ་ཡིན། དེ་ཡང་སློབ་དཔོན་ཨ་ནུ་ཤུ་ཏི་ནི་རིག་བྱེད་ཐམས་ཅད་དང་བྱེ་བྲག་ཏུ་བརྡ་སྤྲོད་པའི་གཞུང་ལ་མཁས་པ་ཞིག་ཡིན་ལ། ཉིན་ཞིག་པཎྜི་ཏ་དང་མཁས་པ་མང་པོ་ཚོགས་པའི་ཁྲོད་དུ་རྩོད་གླེང་བགྱིད་སྐབས་སྐྱེས་བུ་རྣམས་ཞེས་པའི་སྐད་དོད་ལ་སུམ་སུ་ཞེས་པ་ཞལ་ནོར་ནས་སུམ་ཀྟུ་ཞེས་གསུངས་པ་དེ་ལ་འདོན་མ་དག་པས་ཀུན་གྱིས་འཕྱ་དམོད་བྱས་པས། དེ་ལ་ཁུངས་ལུང་བསྟན་པའི་ཆེད་དུ། ཁོང་གིས་ལྷ་མོ་དབྱངས་ཅན་མའི་ཞལ་བསྟན་ནས་དེ་དང་མཐུན་པའི་མདོ་བསྟན་པ་ནི་བརྡ་སྤྲོད་པའི་གཞུང་ཁྱད་དུ་འཕགས་པ་མདོ་མཚམས་སྦྱོར་ལེའུ་ལྔ་དང་། མིང་ལེའུ་བཅུ་གཉིས། ཀུན་བཤད་པ་ལེའུ་བཅུ་གསུམ་དང་། ཀྲིཏྲ་ལེའུ་གཅིག་སྟེ་སུམ་ཅུ་རྩ་གཅིག་པ་སྐད་ཅིག་ཡུན་དུ་རྫོགས་པར་གསུངས་པ་ཡུལ་དབུས་ཝ་ར་ཎཱ་སིར་དར་ཁྱབ་ཆེ་བ་བྱུང་། 《དབྱངས་ཅན་སྒྲ་མདོ》འདི་ལ་རྒྱ་གར་དུ་འགྲེལ་བ་གྲགས་ཆེ་བ་དྲུག་ཡོད། 《འགྲེལ་པ་བི་མ་ལ་དྭ་ས》ཞེས་པ་རྩོམ་པ་པོའི་སློབ་དཔོན་ལ་བརྟེན་ནས་མིང་དུ་བཏགས་པ་ཞིག་དང་། 《ཀ་མ་རྟེན་ནུ》ཞེས་པ་དེང་སང་བར་སྦེད་པ་གཅིག སློབ་དཔོན་གོང་གསལ་གྱིས་མཛད་པའི《གསལ་ལྡན་ཆུ་རྒྱུན》། གཞན་ཡང་ཕྱི་རོལ་པའི་པཎྜི་ཏས་བརྩམས་པའི་འགྲེལ་པ《པ་རི་དི་བེ་ཀ》སྟེ་ཡོངས་སུ་སྣང་བྱེད་ཅེས་པ་དང་《མཎྚ་ནི》ཞེས་རྒྱན་དུ་གྱུར་པ་སོགས་རྒྱ་གར་ཡུལ་དབུས་ཀྱི་ཕྱི་ནང་གི་པཎྜི་ཏ་མང་པོས་བརྩམས་པའི་འགྲེལ་པ་ཧ་ཅང་མང་པོ་ཡོད"⑤པར་གསུངས། སྒྲ་མདོ་འདི་ནི་ལྷ་མཐོང་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་གྱིས་གཞུང་ཕྱེད་ཙམ་བོད་སྐད་དུ་བསྒྱུར་ཅིང་། ཇོ་ནང་ཏཱ་ར་ནཱ་ཐས་གཞུང་འདི་ཉིད་ཀྱི་རྩ་བ་བསྒྱུར་བར་མ་ཚད། 《མཆོག་ཏུ་གསལ་བ》ཞེས་པའི་འགྲེལ་བ་ཞིག་ཀྱང་མཛད་པར་གྲགས། བོད་དུ་ཇོ་ནང་རྗེ་བཙུན་སྒྲོལ་མའི་མགོན་པོས་པཎྜི་ཏ་ཀྲིཥྞ་དང་བ་ལ་བྷ་དྲ་ལ་བརྟེན་ནས་གཞུང་འགྲེལ་ཐོག་མར་བསྒྱུར་ཅིང་འགྲེལ་བའང་མཛད། ཕྱིས་སུ་རྒྱལ་དབང་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་བསྐུལ་གནང་མཛད་པ་ལྟར། རབ་བྱུང་བཅུ་གཅིག་པའི་ཤིང་སྤྲུལ(སྤྱི་ལོ1665)ལོར་ལོ་ཆེན་འདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་ཚིག་ཉུང་ལ། དོན་རྒྱ་ཆེར་སྟོན་ནུས་པའི་དགེ་མཚན་གཙོ་བོར་བཟུང་སྟེ་སློབ་དཔོན་ཨ་ནུ་བྷཱུ་ཏིས་མཛད་པའི《དབྱངས་ཅན་སྒྲ་མདོའི་འགྲེལ་བ་རབ་ཏུ་བྱ་བ་གསལ་ལྡན》ཞེས་པ་འདི་བོད་ཡིག་ཏུ་བསྒྱུར་ཏེ་བོད་རང་ལ་དབྱངས་ཅན་སྒྲ་མདོ་དར་བ་ཡིན། བོད་ཀྱི་མཁས་དབང་རྣམས་ཀྱིས་ཀྱང་འགྲེལ་པ་མང་དུ་མཛད་པ་ནི། བོད་ཀྱི་སྒྲ་མདོ་མཁས་ཅན་བྱ་བྲལ་བློ་བཟང་རིན་ཆེན་གྱིས་མཛད་པའི《དབྱངས་ཅན་སྒྲ་ཊཱིཀྐ་མཆན》། ཞྭ་ལུ་ལོ་ཆེན་གྱིས་མཛད་པའི《བྱེད་པ་ཅན》གྱི་འགྲེལ་བ། སྡེ་སྲིད་ཀྱིས་མཛད་པའི《འགྲེལ་བ་གསལ་ལྡན་འགྱུར་ལྷག་པ་མཐོང་བ་ཀུན་གྲོལ》དང《མཚམས་སྦྱོར་ལྔ་བའི་རྒྱ་ཆེར་འགྲེལ་བ》། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་མཛད་པའི《མཚམས་སྦྱོར་ལྔ་བའི་འགྲེལ་བ་བློ་གསལ་འཇུག་ངོགས》། ཨ་ཁྱུང་ཚང་གིས་མཛད་པའི《མཚམས་སྦྱོར་ལྔ་བའི་འགྲེལ་བ་དབྱངས་ཅན་ཞལ་ལུང》། མཛོ་དགེ་སྒར་གསར་བ་རྗེ་ཤེས་རབ་རྒྱ་མཚོས་མཛད་པའི《ཀྲིཏྲ་སོགས་ཀྱི་བརྗེད་བྱང་དབྱངས་ཅན་རོལ་མཚོ》། ཨ་ཀྱཱ་ཡོངས་འཛིན་གྱིས་མཛད་པའི《ཡུཥྨཏྲ་ཨསྨཏྲ་ཀྱི་འགྲེལ་བ》དང་《མཚམས་སྦྱོར་ལྔ་བའི་ཚིགས་བཅད་སོ་སོར་བཀྲལ་བ》། མཚོ་བྱུང་སྙེམས་པའི་བློ་ལྡན་གྱིས་མཛད་པའི་《ཚིག་སྡུད་རི་མོའི་བརྗེད་བྱང》སོགས་འགྲེལ་བ་ཤིན་ཏུ་མང་པོ་ཞིག་མཛད་ཡོད། མདོར་ན། རྒྱ་གར་འཕགས་པའི་ཡུལ་དུ་སྒྲ་གཞུང་ཆེན་པོ་བཅུ་ཡོད་པ་ལས། སྒྲ་མདོ་པཱ་ཎི་པ་དང་། ཀཱ་ལ་པ། ཙནྡྲ་པ། དབྱངས་ཅན་སྒྲ་མདོ་བཞི་མ་གཏོགས་བོད་ཡུལ་དུ་དར་མ་ཐུབ་ལ། དེའི་ནང་ནས་ཀྱང་ཀ་ཙན་དབྱངས་གསུམ་ཞེས་ཤིན་ཏུ་གྲགས་ཆེ་ཞིང་། དེ་ལས་ཀྱང་དབྱངས་ཅན་སྒྲ་མདོ་ནི་བོད་ལ་དར་ཆེ་བར་གསུངས། འཆད་ཉན་བྱེད་ཚུལ་གྱི་ཐད་ལའང་ཁ་དཔེར། ཚེས་བརྒྱད་ལ་ནི་སློབ་དཔོན་འཇོམས། བཅུ་བཞི་ལ་ནི་སློབ་མ་འཇོམས། གནམ་སྟོང་ལ་ནི་རིག་པ་འཇོམས། ཚེས་གཅིག་ལ་ནི་ཐམས་ཅད་འཇོམས་ཟེར་བ་ལྟར། རྒྱ་གར་ཡུལ་དབུས་ནས་དུས་གཉན་བཞི་ལ་སྒྲའི་འཆད་ཉན་མི་བྱེད་པར་དགེ་སྦྱོང་གཞན་བྱེད་པའི་སྲོལ་མ་ཉམས་པར་ཡོད་དོ། ། གཉིས་པ། སྒྲ་རིག་པ་སློབ་པའི་དགེ་མཚན།དེ་ཡང་སྒྲ་རིག་པ་སློབ་དགོས་པའི་དགེ་མཚན་གྱི་སྐོར་ནས་གླེང་ན། བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་དེ་རྒྱ་གར་གྱི་སྒྲ་རིག་པའི་གཞུང་ལུགས་དང་བོད་ཀྱི་སྐད་བརྡའི་ཁྱད་ཆོས་གཉིས་ཟུང་འབྲེལ་བྱས་ཏེ་བརྩམས་པ་ཞིག་ཡིན་པས། དེ་གཉིས་བར་དུ་མ་བུ་ལྟ་བུའི་འབྲེལ་བ་ངེས་ཅན་ཞིག་གྲུབ་ཡོད་པ་དང་གཅིག བོད་ཀྱི་རིག་གནས་ཆེ་ཆུང་བཅུ་ལས་རིག་གནས་ཆུང་བ་ལྔ་ནི་སྒྲ་རིག་པའི་ཁོངས་གཏོགས་ཡིན་ཏེ། "རིག་པ་གནས་ལྔ་ཞེས་པའི་ནང་ཚན་གྱི་སྒྲ་རིག་པའི་ཡན་ལག་གམ། རིག་གནས་ཆུང་བ་ལྔར་གྲགས་པ"⑥ཞེས་གསུངས་ཡོད་ལ། རྗེ་ཤེས་རབ་རྒྱ་མཚོའི་ཞལ་ནས་ཀྱང་། སྒྲ་ཡི་རང་བཞིན་རྐྱེན་དང་རྣམ་འགྱུར་ལ། ། སོར་མོ་ངལ་བའི་ས་རིས་ཙམ་མིན་པར། ། བརྟག་ཐུབ་གོ་བའི་རི་བོ་མཐོར་བརྩེགས་ན། ། ལེགས་པར་སྦྱར་བའི་རྒྱ་མཚོ་ཆེན་པོ་སྡུད། ། ཅེས་སྒྲ་རིག་པ་ནི་རིག་པའི་གནས་ཐམས་ཅད་ལ་འཇུག་པའི་སྒོ་མོ་ཡིན་པར་བསྟན་པ་དང་གཉིས། "ལོག་པར་རྟོག་པ་གཞན་དག་ཚར་གཅོད་པར་བྱེད་པའི་གནས་གཉིས་ལས་ཚིག་གི་འགལ་འབྲེལ་གཅོད་པ་སྒྲ་རིག་པ"⑦ཞེས་གསུངས་པས། སྒྲ་རིག་གིས་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་འཁྲུལ་བ་ཚར་གཅོད་པར་བྱེད་ཅིང་། སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་གྲགས་པ་དང་གསུམ། རྒྱ་བོད་ཡི་གེ་ལོ་ཙཱ་བྱེད་པ་ལའང་སྒྲ་རིག་འདི་ཆེས་མེད་དུ་མི་རུང་བ་ཞིག་ཡིན་ལ། སྔོན་བྱོན་ལོ་པཎ་རྣམས་ཀྱིས་ཀྱང་སྒྲ་རིག་པར་སློབ་གཉེར་དཔྱིས་ཕྱིན་པ་གནང་སྟེ། བཀའ་དང་བསྟན་བཅོས་མང་པོ་བོད་ཡིག་ཏུ་ལོ་ཙཱ་མཛད་དེ་བོད་ཀྱི་རིག་གནས་སྔར་ལས་ལྷག་པའི་གོང་འཕེལ་དུ་བཏང་བ་དང་བཞི་བཅས་ཕྱོགས་འདི་དག་གི་སྟེང་ནས་ཀྱང་སྒྲ་རིག་པར་སློབ་གཉེར་བྱེད་དགོས་པའི་ཡོན་ཏན་དང་དགེ་མཚན་མང་པོ་ཞིག་མཐོང་ཐུབ།གཞན་ཡང་སྔོན་བྱོན་མཁས་དབང་རྣམས་ཀྱིས་སྒྲ་རིག་པར་སློབ་གཉེར་བྱེད་དགོས་པའི་གསུང་སྒྲོས་ཇི་སྙེད་ཅིག་གནང་ཡོད་པ་འདི་ལྟར། རྗེ་ས་པཎ་གྱིས། ལུང་སྟོན་པར་བྱེད་པ་སྒྲའི་གནས་མ་རྟོགས་པས་ནི། ཚིག་གི་སྡེབ་སྦྱོར་ཙམ་ཡང་ཤེས་པར་མི་འགྱུར་ན། ཡང་དག་པའི་དོན་རྟོགས་ག་ལ་འགྱུར། ཞེས་དང་། ཇི་སྐད་དུ། གང་ཞིག་ཤེས་ན་མཁས་པའི་གནས་ཐོབ་ཅིང་། ། མཐར་ཐུག་ཀུན་མཁྱེན་གོ་འཕང་བདེ་བླག་བགྲོད། ། གཞུང་ལུགས་ཀུན་ལ་ཐོགས་མེད་འཇུག་པའི་སྒོ། ། བརྡ་སྤྲོད་རིག་གནས་བསྟན་བཅོས་རྣམ་དབྱེ་བགྱི། ། ཞེས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། ། དམ་པའི་དོན་ནི་རྟོགས་མི་ནུས། ། དམ་པའི་དོན་ནི་མ་རྟོགས་ན། ། མྱ་ངན་འདས་པ་ཐོབ་མི་འགྱུར། ། ཞེས་གསུངས་པ་རྣམས་ནི་སྒྲ་རིག་སློབ་པའི་དགེ་མཚན་དང་ཕན་ཡོན་ལ་སྡོམ་ཚིག་ཡང་དག་བཀོད་པའི་གཏམ་དུ་ཟད་ཅིང་། ལྷག་པར་དུ་སྒྲ་རིག་པ་མཁས་ཅན་ཁྲོ་རུ་ཚེ་རྣམ་ལགས་ཀྱིས་སྒྲ་རིག་སློབ་གཉེར་ཐད་ལ་གལ་བོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་གསུངས་པ་ནི་འདི་ལྟར། "བདེ་བར་གཤེགས་པའི་གསུང་རབ་ཕལ་མོ་ཆེ་ལེགས་པར་སྦྱར་བའི་སྐད་ལས་གསུངས་པས། རྒྱལ་བའི་གསུང་རབ་རྣམས་ཀྱི་ཚིག་དོན་དཔྱིས་ཕྱིན་པ་གོ་བར་བྱེད་པ་ལ་ལེགས་སྦྱར་གྱི་སྒྲ་རིག་པའི་གནས་འདིར་བརྟེན་དགོས་ཤིང་། སྔར་འཕགས་ཡུལ་དུ་དེ་ལྟར་ཡིན་ལ། རང་ཅག་ཁ་བའི་ལྗོངས་འདིར་ཡང་དེ་བཞིན་ཏེ། བོད་ཡུལ་འདིར་དར་བའི་རྒྱལ་བའི་གསུང་རབ་རྣམས་ཀྱང་སྔར་བོད་ཀྱི་ལོ་པཎ་ཐུགས་རྗེའི་བདག་ཉིད་ཅན་རྣམ་པས་ལེགས་པར་སྦྱར་བའི་སྐད་ལས་བསྒྱུར་བ་ཡིན་ཤས་ཆེ་གཤིས། དེ་རྣམས་ཀྱི་དོན་མཐར་ཐུག་པ་ཞིག་གོ་བར་ལེགས་སྦྱར་གྱི་སྒྲ་རིག་པ་འདི་ཉིད་ཤེས་པར་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཞིག་ཡིན"⑧ཞེས་གསུངས་ཡོད། མདོར་ན། ང་ཚོ་གཞོན་རབས་པ་དག་གིས་སྒྲ་རིག་པ་སློབ་གཉེར་བྱ་རྒྱུ་ནི་བོད་ཀྱི་རིག་གནས་ཀུན་ལ་འཇུག་པའི་བློ་གྲོས་ཀྱི་ལྡེ་མིག་ལྟ་བུ་ཡིན་ལ། བོད་ཀྱི་ཤེས་རིག་སྤྱི་ལ་སློབ་གཉེར་དང་ཞིབ་འཇུག་གནང་མཁན་ཞིག་ཡིན་ཚེ། ངེས་པར་དུ་ལེགས་སྦྱར་སྒྲ་རིག་པ་ལ་སློབ་གཉེར་དཔྱིས་ཕྱིན་པ་ཞིག་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་མཐོང་ངོ་། །
   མཆན་འགྲེལ།①②ཐུབ་བསྟན་ཕུན་ཚོགས་ཀྱིས་མཛད་པའི《བོད་རིག་པ་སྤྱི་བཤད》ཞེས་པ2007ལོའི་ཟླ7པར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པའི་པར་གཞི་དང་པོའི་ཤོག་ངོས153ན་གསལ། 〖LL〗③④ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་མཛད་པའི《བོད་ཀྱི་རིག་གནས་རྣམ་བཤད》ཞེས་པ2007ལོའི་ཟླ3པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པའི་པར་གཞི་དང་པོའི་ཤོག་ངོས105ན་གསལ།⑤དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི《ཚིག་རྒྱན་རིག་པའི་སྒོ་འབྱེད》ཞེས་པ2005ལོའི་ཟླ9པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པའི་པར་ཐེངས་བཞི་པའི་ཤོག་ངོས3ན་གསལ།⑥དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི《དུང་དཀར་ཚིག་མཛོད་ཆེན་མོ》ཞེས་པ2002ལོའི་ཟླ4པར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པའི་པར་གཞི་དང་པོའི་ཤོག་ངོས732ན་གསལ། ⑦བཙུན་པ་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི《བོད་ཀྱི་རིག་གནས་ལྔའི་རྣམ་གཞག》ཞེས་པ2006ལོའི་ཟླ4པར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པའི་པར་ཐེངས་གཉིས་པའི་ཤོག་ངོས34ན་གསལ།⑧མཁས་དབང་ཁྲོ་རུ་ཚེ་རྣམ་གྱིས་མཛད་པའི《བརྡ་སྤྲོད་པ་ཙནྡྲ་པའི་མདོའི་འགྲེལ་པ་ཟླ་བའི་འོད་ཟེར་ཞེས་བྱ་བ་བཞུགས་སོ》(སྟོད་ཆ)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་ཤོག་ངོས59ན་གསལ། །(རྩོམ་སྒྲིག་འགན་འཁུར་པ་བྱམས་མཚོ།)བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི08ལོའི་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ།

རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།