བསྟོད་པ་རབ་ཏུ་བྱེད་པ་་དད་པའི་རོལ་མཚོ།

3.jpg 
༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག བཀའ་དྲིན་མཉམ་མེད་དེ་ཉིད་ཀྱི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །
 
ཕུན་ཚོགས་དགའ་ལྡན་ལྷ་བརྒྱའི་ཅོད་པན་གྱིས། །
གང་གི་ཞབས་མཐིལ་པདྨོ་ལ་རེག་པ། །
མི་ཕམ་ཆོས་ཀྱི་མདུན་ས་མཛེས་པའི་རྒྱན། །
འཇམ་དཔལ་སྙིང་པོས་བདག་ལ་དགེ་ལེགས་མཛོད། །
 
བློ་བཟང་མཁྱེན་པའི་གཏིང་མཐའ་མི་མངོན་ཞིང༌། །
གྲགས་པའི་རླབས་ཕྲེང་རོལ་པའི་འཇུག་ངོགས་ལས། །
དཔལ་ལྡན་ཡོན་ཏན་ཆུ་ཡི་ཐིགས་པ་ཞིག །
བཟུང་ཕྱིར་འདི་ནི་དད་པའི་འབབ་སྟེགས་ལགས། །
 
ཐུབ་བསྟན་ནུབ་ཀྱི་རི་རྩེར་ནི། །
ཐུན་མཚམས་གོས་དམར་འཛིན་གྱུར་པ། །
དེ་ཚེ་ཁྱོད་ཀྱིས་ཤར་རིའི་རྩེར། །
ལེགས་བཤད་འོད་བརྒྱའི་ཕྲེང་བ་འཛིན། །
 
དེ་ཕྱིར་རྨོངས་པའི་ཚ་གདུང་གིས། །
དུས་མཐར་ཉེན་པའི་འགྲོ་འདི་ལ། །
རྒྱལ་བའི་ལེགས་བཤད་འཇུག་ངོགས་ལས། །
ཁྱོད་ཀྱི་ཐུགས་རྗེའི་འོད་དཀར་བསིལ། །
 
རྒྱུ་མེད་པར་ཡང་མཉེན་གཤིན་ཅིང༌། །
ཀུན་ལ་སྙོམས་པར་ཆེས་བསིལ་བ། །
ཁྱོད་ཀྱི་ཐུགས་རྗེའི་ཟླ་བ་ནི། །
ཨེ་མ་སྙིང་ལ་ཤིན་ཏུ་སྨན། །
 
ཉིད་ཀྱི་དོན་དུ་སྐབས་གསུམ་པའི། །
བདེ་བའང་མེ་འོབས་ལྟར་གཟིགས་ཀྱང༌། །
རང་གི་གནས་བཞིན་འཁོར་བ་ནི། །
གཞན་ཕྱིར་ཉིད་ཀྱིས་བཏང་མ་ལགས། །
 
བློ་གྲོས་མིག་ལྡོངས་འགྲོ་འདི་ལ། །
ཁྱོད་ཐུགས་ལེགས་བཤད་རིན་ཆེན་གཏེར། །
ད་ལྟ་སྤོ་བའི་ཐབས་གང་ཞེས། །
ཨེ་མ་འདི་ཉིད་འབའ་ཞིག་དགོངས། །
 
ཐུབ་པའི་ལེགས་བཤད་བདུད་རྩིའི་རྒྱུན། །
འཇམ་དབྱངས་ཞལ་གྱི་བུམ་པ་ལས། །
ལེགས་འོངས་ཐོས་པའི་སྙིམ་པ་ཡིས། །
ལུས་པ་མེད་པར་ཁྱོད་ཀྱིས་གསོལ། །
 
དེ་ལྟའི་བདེ་བས་ཁྱོད་ཀྱི་ཐུགས། །
རངས་པ་ལས་ཀྱང་བདེ་བ་དེ། །
ཀུན་གྱི་ལོངས་སྤྱོད་མ་གྱུར་པ། །
དེ་ཡིས་ཁྱོད་ཐུགས་ལྷག་པར་གདུངས། །
 
ཁྱོད་ཀྱི་ཐུགས་རྗེའི་ངང་ཚུལ་འདི། །
མཐོང་བས་ཡིད་གམ་གྱུར་པ་དག །
རྒྱལ་བ་ཀུན་གྱི་ཐུགས་རྗེ་ཡང༌། །
ཇི་འདྲ་སྙམ་དུ་ཁྱོགས་ལ་འཕྱང༌། །
 
རང་དོན་རྩ་ལྟར་དགོངས་ཁྱོད་ཀྱིས། །
རྒྱལ་བ་ཀུན་གྱི་དམ་པའི་ཆོས། །
འཛིན་པའི་སྨོན་ལམ་ལུས་ཅན་གྱི། །
དཔུང་གཉེན་གྱུར་པ་རིང་ནས་མཛད། །
 
དེ་ཕྱིར་འགྲོ་འདི་དབུགས་བྱིན་ཅིང༌། །
བདུད་སྡེའི་སྙིང་ལ་འཇིགས་སྐྱེད་པ། །
ཁྱོད་ཀྱི་རླབས་ཆེན་སྤྱོད་པ་ཡིས། །
མ་བསླབས་རྒྱལ་སྲས་སྤྱོད་དེ་གང༌། །
 
མི་བཟད་དུས་མཐའ་འདི་འོངས་ཚེ། །
ཁྱོད་ཀྱིས་མ་བཟུངས་དམ་ཆོས་ཀུན། །
ཆུ་དང་བྲལ་བའི་པདྨོ་ནི། །
བ་མོས་རེག་པ་ལྟ་བུར་གྱུར། །
 
དམ་ཆོས་གཟུང་སླད་ཉིད་ཀྱི་ནི། །
སྐུ་སྲོག་ལ་ཡང་ལྟོད་མེད་པར། །
དཀའ་བ་བརྒྱ་ཕྲག་དག་གིས་ཀྱང༌། །
ཞི་བའི་བདེ་བ་ལྟ་བུར་དགྱེས། །
 
སྙིགས་མ་ལས་ཀྱང་ཆེས་སྙིགས་པའི། །
འཇིགས་པ་མི་བཟད་འཇིག་རྟེན་འདིར། །
རྒྱལ་དང་རྒྱལ་བའི་སྲས་པོ་གཞན། །
མཐའ་དག་མཐོང་བའི་ལམ་ལས་འདས། །
 
དེ་ཚེ་ཐུགས་རྗེ་ལྡན་པ་ཁྱོད། །
སོ་གའི་ཉི་མས་འགྲམ་པའི་ཆང༌། །
ཟགས་ལྡན་གཉིས་འཐུང་པདྨོའི་མཚོས། །
རིང་ནས་འབོད་ལྟར་འཇིག་རྟེན་གཟིགས། །
 
 
གདུག་པའི་སེམས་ཅན་ཉེས་པ་ཡི། །
མེ་ལྕེ་ཤིན་ཏུ་བཟོད་དཀའ་བ། །
དམ་པའི་སྙིང་ལ་བརྣག་དཀའ་བའི། །
ཟུག་རྔུ་རྣོན་པོ་སྦྱིན་པ་ཡང༌། །
 
ཁྱོད་ཐུགས་སྙིང་རྗེའི་ཆུ་འཛིན་ནི། །
ལེགས་བཤད་དབྱར་སྐྱེས་སྤྲིན་གྱི་སྒྲ། །
སྒྲོགས་ལྡན་ཆུ་ཆར་གཟེགས་མ་དག །
ཕོག་པ་ཙམ་གྱིས་ཞི་བར་བགྱིད། །
 
རྒྱལ་བ་རྣམས་ཀྱང་རང་ཉིད་ཀྱི། །
བསྟན་ལ་བཏང་སྙོམས་མཛད་གྱུར་པ། །
གནས་སྐབས་འདིར་ཡང་ཁྱོད་ཀྱིས་ནི། །
རྒྱལ་བ་བཞིན་དུ་བསྟན་པ་སྤེལ། །
 
རྒྱལ་སྲས་དག་པའི་ཞིང་གཞན་ན། །
དགྱེས་དགུར་སྤྱོད་པ་མཐའ་དག་ལས། །
སྙིང་སྟོབས་རྨད་བྱུང་མགོན་པོ་ཁྱོད། །
མཆོག་ཏུ་དཀའ་བ་བགྱིད་པ་ལགས། །
 
 
འཇིག་རྟེན་ཀུན་ན་མགོན་ཁྱོད་དང༌། །
ཕྱོགས་གཅིག་མཚུངས་པའང་རྙེད་དཀའ་ནས། །
དེ་ཕྱིར་བདག་གིས་ཁྱོད་ཀྱི་དཔེར། །
རྒྱལ་བ་ཁོ་ན་ཡང་ཡང་སྒྲིན། །
 
 
དེ་ཚེ་དེ་ཉིད་འབྱེད་པ་ལ། །
རྒྱལ་དང་ཁྱོད་དབྱེར་མ་མཆིས་ཀྱང༌། །
ཐུགས་རྗེས་རྒྱལ་བའང་སྐྱེངས་མཛད་པ། །
དེ་ནས་བདག་ཅག་དཔེ་ཡིས་དབུལ། །
 
 
རྒྱལ་སྲས་རྒྱུ་སྐར་ཚོགས་རྣམས་ཀྱིས། །
ཡོངས་བསྐོར་རྒྱལ་བའི་ཟླ་བ་ནི། །
མཐའ་ཡས་མངོན་སུམ་མཛད་པ་ཡིས། །
རབ་དགྱེས་ཀུ་མུད་རྒོད་པར་མཛད། །
 
 
འོན་ཀྱང་རྒྱལ་བས་རང་གི་སྲས། །
ལུང་བསྟན་དབུགས་དབྱུང་མཛད་པ་གང༌། །
དེ་ཡི་ཆོས་ཉིད་དེ་ཡིན་གྱིས། །
སུ་ཞིག་ལྷག་པར་མཚར་དུ་བརྩི། །
 
སྡུག་པའི་བུ་ལ་བརྩེ་བའི་མས། །
འཛུམ་པའི་བཞིན་རས་བསྟན་པ་ནི། །
ཀྭ་ཡེ་རབ་ཏུ་ཡ་མཚན་པར། །
འཛིན་པ་བློ་གྲོས་ཤིན་ཏུ་གཞོན། །
 
ཁྱོད་ཀྱི་ཐུགས་ལ་ཉོན་མོངས་ཀྱིས། །
གླགས་སྐབས་ནམ་ཡང་རྙེད་མིན་པ། །
འདི་ལའང་བདག་ནི་དེ་ཙམ་དུ། །
ཡ་མཚན་གྱུར་པ་ཅང་མ་མཆིས། །
 
མཐའ་དག་ནོར་འཛིན་མུན་པའི་གོས། །
འཕྲོག་བྱེད་ཉི་མའི་འོད་སྟོང་གིས། །
སྐྱེད་ཚལ་མུན་པ་བསལ་བ་ལའང༌། །
སྐྱེ་བོ་སུ་ཞིག་མཚར་དུ་བརྩི། །
 
ཕྱོགས་འདིར་ཐུབ་པའི་གཞུང་ལུགས་ལ། །
ལེགས་སྦྱངས་བློ་གྲོས་ལྡན་རྣམས་དང༌། །
རྒྱུད་ལྡན་རྣལ་འབྱོར་བརྩོན་པ་གང༌། །
སུས་ཀྱང་སྤྱོད་ཡུལ་མ་གྱུར་པ། །
 
རྒྱལ་བའི་ཐུགས་ཀྱི་གཅེས་པའི་མཛོད། །
མ་ལུས་རྒྱལ་བའི་དགོངས་པ་བཞིན། །
དྲི་མེད་རིགས་པའི་ལམ་ནས་དྲངས། །
ལོག་པའི་གཡང་ས་ཀུན་ལས་བསྒྲལ། །
 
དེ་ལྟ་མོད་ཀྱི་ཁྱོད་ཀྱིས་ནི། །
དུས་གསུམ་རྒྱལ་བའི་དགོངས་པ་བཞིན། །
གཅིག་ཏུ་སྒྲུབ་པ་སྙིང་པོར་མཛད། །
བྱང་ཆུབ་དམ་པའི་ཚུལ་ཡང་བསྟན། །
 
ཚུལ་འདི་གཞན་དུ་མ་མཐོང་བས། །
བདག་ཡིད་གཉིས་འཐུང་དད་པ་ཡི། །
ལྕགས་ཀྱུས་ལན་ཅིག་མིན་པར་དྲངས། །
ངོ་མཚར་གྱུར་ནས་སྤོབས་པ་སྐྱེས། །
 
གང་གི་ཡོན་ཏན་མེ་ཏོག་གི །
དོག་པ་ཕྱོགས་ཀྱི་མཛེས་མའི་རྒྱན། །
རབ་དཀར་གྲགས་པའི་དྲི་བཞོན་ནི། །
ནོར་འཛིན་བུ་མོའི་ཡིད་སྲུབས་རྒྱལ། །
 
མི་མཉམ་མཁྱེན་བརྩེའི་རྐང་སྟེགས་ཀྱིས། །
མཁས་མཆོག་ཀུན་གྱི་མགོ་བོ་ལ། །
ཞབས་སྐྱེས་རྡུལ་ཚོགས་འཛེགས་པ་གང༌། །
ཟླ་མེད་ཁྱོད་ལ་ཕྱག་བགྱིད་དོ། །
 
དཔལ་ལྡན་ས་ཡི་མགོན་པོ་བཤེས་གཉེན་གྱི། །
ཡོན་ཏན་དྲི་བཞོན་མ་ལ་ཡ་ཡི་རླུང༌། །
སྙིང་ལ་རེག་པས་དྭང་བའི་ཡིད་གཡོས་ཏེ། །
མདོར་བསྡུས་བསྟོད་པའི་ཚིག་འདི་གཏམ་དུ་བྱས། །
 
དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །
ཁྱོད་ཀྱི་ལེགས་བཤད་བདུད་རྩི་འཐུང་བ་ལ། །
ངོམས་པ་མེད་པར་རླབས་ཆེན་སྤྱོད་པ་ཡིས། །
རྒྱལ་བའི་དམ་ཆོས་མཐའ་དག་འཛིན་གྱུར་ཅིག །
 
 
རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་ངོ་བོ་རྗེ་བཙུན་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཡོན་ཏན་རྨད་དུ་བྱུང་བ་ལ་མདོར་བསྡུས་པར་བསྟོད་པའི་རབ་ཏུ་བྱེད་པ་དད་པའི་རོལ་མཚོ་ཞེས་བྱ་བ་འདི་ནི། ཡོན་ཏན་རིན་པོ་ཆེ་དུ་མའི་རྒྱན་གྱིས་ཉེ་བར་འཛེས་ཤིང༌། འགྲོ་བ་དུ་མའི་འདྲེན་པར་གྱུར་པའི་ཤར་རྒྱལ་མོ་རོང་པ་བླ་མ་ཚ་གོ་པ་དཔལ་ལྡན་ཆོས་ཀྱི་གྲགས་པའི་གསུང་གིས་བསྐུལ་ནས། མང་དུ་ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་པོས་ལྷན་བྱེ་གླིང་གི་གཙུག་ལག་ཁང་དུ་སྦྱར་བའོ།། །།


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།