མངའ་རིས་ས་ཁུལ་གྱིས་བྱ་ཐབས་ནུས་ལྡན་བཟུང་ནས་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་འགན་སྲུང་བྱས་པ།


 

སྤྱི་ལོ་2016ལོའི་ཚུན་དུ།  མངའ་རིས་ས་ཁུལ་གྱིས་གཅིག་གྱུར་འཆར་འགོད་བྱེད་པ་དང་གཙོ་གནད་མངོན་ཆེར་འཛིན་པ།  ཐོན་ཁུངས་བཀོད་སྒྲིག་ཡག་པོ་བྱེད་པ།  འགན་སྲུང་སྲ་བརྟན་གཏོང་བ།  མཉམ་སྒུལ་ངང་སྐུལ་སྤེལ་གཏོང་བ།  མཉམ་ཤུགས་ཆགས་པ་བཅས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་འགན་སྲུང་བྱས་པ་རེད།  ད་ལོ་རང་སྐྱོང་ལྗོངས་ཀྱིས་གཤམ་སྤྲོད་བྱས་པའི་དུད་ཚང་299དང་མི་གྲངས་800ཡི་གནས་སྤོའི་དམིགས་ཚད་ཀྱི་རྨང་གཞིའི་ཐོག  མངའ་རིས་ས་ཁུལ་གྱིས་རང་ཉིད་ལ་གནོན་ཤུགས་སྤྲད་དེ་དུད་ཚང་811དང་མི་གྲངས་3484ཡི་གནས་སྤོའི་ལས་འགན་ཁ་སྣོན་བྱས་པས་དུད་ཚང་1110དང་མི་གྲངས་4284ཟིན་གྱི་ཡོད།

གནས་སྤོ་བྱེད་ཡུལ་འདེམས་པའི་ཐད་མངའ་རིས་ཀྱིས་ལྟེ་བའི་གྲོང་ཚོ་དང་གྲོང་ཁྱེར་གྲོང་རྡལ་ཆུང་གྲས།  རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ།  ཡུལ་སྐོར་ལམ་རྒྱུད།  ཐོན་ལས་གླིང་།  རྫོང་གྲོང་བཅས་རིགས་དྲུག་གི་ས་ཁོངས་ལེགས་ཆར་བརྟེན་ནས་གནས་སྤོ་བྱེད་གནས་དེ་ཐོན་ལས་གོང་འཕེལ་དང་།  སྐྱེ་ཁམས་འཛུགས་སྐྱོང་།  གནོད་འཚེ་སྔོན་འགོག་བཅས་ཀྱི་བླང་བྱ་དང་འཚམས་གང་ཐུབ་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་བ་དང་།  ས་ཁུལ་དེ་ཡོངས་ཀྱིས་གནས་སྤོས་དབུལ་སྐྱོར་ས་ཚིགས་16གཏན་འཁེལ་བཀོད་སྒྲིག་བྱས་ཡོད།

གནས་སྤོའི་གྲོང་གསར་འཆར་འགོད་ཁྱབ་ཚུལ་ཐད་སྡོད་ཁང་ཇུས་འགོད་དང་།  རྟ་སྒ་ཆ་སྒྲིག་གི་འཛུགས་སྐྲུན།  གྲོང་ཚོའི་བཀོད་པ།  ཐོན་ལས་གོང་འཕེལ་བཅས་གཅིག་གྱུར་འཆར་འགོད་བྱས་པ་རེད།  གནས་སྤོའི་མ་དངུལ་འགན་སྲུང་ཐད།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་གནས་སྤོས་དབུལ་སྐྱོར་ཐད་དངུལ་བུན་སྒོར་དུང་ཕྱུར་4.7ཚང་མ་དོན་འཁྱོལ་བྱུང་བ་དང་།

ནོར་སྲིད་ཁ་གསབ་སྒོར་ཁྲི་ཚོ་2000གནས་ལ་འབྱོར་ནས་རྫོང་ཁག་ལ་སྒོར་དུང་ཕྱུར་2.28རེ་གཤམ་སྤྲོད་བྱས་ཟིན་པ་རེད།  མངའ་རིས་ས་ཁུལ་ཨུ་ཡོན་ལྷན་ཁང་དང་སྲིད་འཛིན་ཀུང་ཧྲུའུ་ཡིས།  རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་མ་དངུལ་བེད་སྤྱོད་འདེང་ངེས་དང་བེད་སྤྱོད་ཡག་པོ་གཏོང་བའི་རྨང་གཞིའི་ཐོག་རང་མོས་ཀྱི་རྩ་དོན་གཞིར་བཟུང་།  རྒྱ་ཁྱབ་ཐོག་སྤྱི་ཚོགས་ལས་རིགས་ཁག་གི་མ་དངུལ་ཞལ་འདེབས་རྒྱག་རྒྱུར་སྐུལ་སློང་བྱས་ནས་དབུལ་གྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པས།  སྤྱི་ཟླ་6པའི་ཟླ་དཀྱིལ་བར།  སྤྱི་ཚོགས་ལས་རིགས་ཁག་གིས་ཁྱོན་མ་དངུལ་སྒོར་ཁྲི་ཚོ་496ཞལ་འདེབས་བརྒྱབ་ཡོད།

ལོ་འདི་ཤར་བའི་ཚུན་དུ།  མངའ་རིས་ས་ཁུལ་གྱིས་གནས་སྤོ་བྱེད་གནས་ཁག་གི་ལས་དོན་ཏན་ཏིག་དང་ནུས་ལྡན་ངང་སྤེལ་བ་རེད།  སེང་གེ་ཁ་འབབ་གྲོང་རྡལ་གྱིས་སྤྲོ་སྐྱིད་སྡེ་ཁུལ་གསར་པ་ཞེས་པའི་བཀོད་སྒྲིག་ས་ཚིགས་སུ་དུད་ཚང་500དང་མི་གྲངས་2061གནས་སྤོ་བྱེད་རྩིས་ཡོད་པ་དང་།  རྣམ་གྲངས་དེ་དེང་སྐབས་ལུགས་རྒྱག་པའི་ལས་གཞི་ལག་བསྟར་བྱེད་པའི་གནས་སྐབས་སུ་སླེབས་ཡོད་ཅིང་སྤྱི་ཟླ་9པའི་ཚེས་20ཉིན་གོང་ལས་མཇུག་སྒྲིལ་རྒྱུ་དང་ལོ་མཇུག་གོང་གནས་སྤོ་ཐུབ་བཟོ་ཡོད།

གཞན་ཡང་།  ད་ལོ།  མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་ཞབས་ཞུའི་ལས་རིགས་དང་སྒྲིག་བཀོད་ཞིང་འབྲོག་ལས།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་རིགས།  ཨར་སྐྲུན་རྒྱུ་ཆ་ལས་རིགས།  རིག་གནས་ཐོན་ལས།  མི་རིགས་ལག་ཤེས་བཟོ་ལས་སོགས་རྣམ་གྲངས་11ལག་བསྟར་བྱེད་རྩིས་ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.5གཏོང་རྩིས་ཡོད།  ད་བར།  རྣམ་གྲངས་བཅུ་གཅིག་གི་དུས་འགོའི་ལས་ཀ་བརྒྱ་ཆ་70ལེགས་སྒྲུབ་ཟིན་པ་དང་རྣམ་གྲངས་ལག་བསྟར་བྱས་རྗེས་ཕན་པ་ཐོབ་མཁན་མི་གྲངས་དེ་ད་ལོའི་དབུལ་སྒྲོལ་ལས་འགན་གྱི་བརྒྱ་ཆ་90ཡན་ཟིན་རྒྱུ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།