འབྲོག་པ་གཏན་སྡོད་བྱས་རྗེས་ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་དགོས།

ཉེ་ལམ། གསར་འགོད་པས་མཚོ་སྔོན་གྱི་བོད་རིགས་འདུས་སྡོད་ས་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། བོད་ཁུལ་གྱི་འབྲོག་པ་རྣམས་གཏན་སྡོད་བཟོ་སྐྲུན་བརྒྱུད་ནས་མཁར་གྲོང་དུ་གནས་སྤོར་བྱེད་པ་དང་། འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་བཅས་ནི་སྐྱེ་ཁམས་ཕྱུགས་ལས་ལ་ཡར་སྐུལ་བྱེད་པར་བྱེད་ནུས་དང་དོན་སྙིང་གལ་ཆེན་ལྡན་པ་དང་། བོད་རིགས་འདུས་སྡོད་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས་བྱེད་པར་ཡར་སྐུལ་བྱེད་པའི་བྱེད་ཐབས་གལ་ཆེན་ཏུ་གྱུར་ཡོད། འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱེད་པའི་ཁྲོད་མ་དངུལ་གཅིག་བསྡུས་བྱེད་པར་དཀའ་ཁག་ཡོད་པ་དང་། ཆ་ཚང་སྒྲིག་ཆས་ཀྱི་འགན་སྲུང་མི་འདང་བ། རྗེས་མཐུད་ཐོན་ལས་འཕེལ་རྒྱས་འཐུས་མི་ཚང་བ་སོགས་ཀྱི་གནད་དོན་སྔར་བཞིན་ནུས་ཤུགས་ཡོད་དགུས་ཐག་གཅོད་བྱེད་དགོས་པས། འབྲེལ་ཡོད་མི་སྣས་ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་བཙལ་དགོས་པའི་བསམ་འཆར་བཏོན།

གཏན་སྡོད་བཟོ་སྐྲུན་གྱིས་འབྲོག་པའི་འཚོ་བ་གསར་བའི་མགོ་བརྩམས།

མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་གྲས་ཀྱི་གཅིག་ཡིན་པ་དང་། ད་ལྟ་འབྲོག་པ་ཁྱིམ་ཚང་འབུམ་གཅིག་དང་ཁྲི་བདུན་སྟོང་གཅིག་ལྷག་ཡོད་པ་དང་། མི་གྲངས་འབུམ་བདུན་དང་ཁྲི་བཞི་སྟོང་དགུ་ལྷག་ཡོད། 2009ལོའི་ཚུན་ལ། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་དུ་འབྲོག་པའི་གཏན་སྡོད་བཟོ་སྐྲུན་མགོ་བརྩམས་པ་དང་། ལོ་གསུམ་གྱི་རིང་འབད་བརྩོན་བྱས་པ་བརྒྱུད། བསྡོམས་པས་གཏན་སྡོད་ཁང་བ་ཁྲི་དྲུག་དང་སྟོང་དགུ་དགུ་བརྒྱ་ལས་མགོ་བརྩམས་པ་དང་། བོད་རིགས་འདུས་སྡོད་ས་ཁུལ་དུ་སྔ་གཞུག་ཏུ་འབྲོག་པ་འབུམ་གཉིས་དང་ཁྲི་བདུན་སྡོད་གནས་གསར་བར་གནས་སྤར་བ་དང་། སློབ་གྲྭར་འགྲོ་དཀའ་བ་དང་སྨན་པ་སྟོན་དཀའ་བའི་གནད་དོན་རིམ་བཞིན་ཐག་གཅོད་བྱས་པ་དང་། འབྲོག་པའི་སྡོད་གནས་ཀྱི་ཆ་རྐྱེན་དང་འཚོ་བའི་ཁོར་ཡུག་ལ་ཡང་ལེགས་བཅོས་ཆེན་པོ་ཐོབ། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་གཙོ་བོར་ཁུལ་ལྔའི་འབྲོག་ཁུལ་དང་། རྫོང་ཉེར་གསུམ་གྱི་གཏན་སྡོད་ཁང་བ་ཁྲི་གཅིག་དང་སྟོང་བཞི་ལྷག་འཛུགས་སྐྲུན་བྱེད་རྒྱུ་རེད།

རྩྭ་ཐང་ནས་མཁར་གྲོང་དང་། སྦྲ་གུར་ནང་ནས་ཐོག་ཁང་དུ་གནས་སྤར་བ། འབྲོག་པ་ནས་མཁར་གྲོང་གི་སྡོད་མིར་གྱུར་བ། གཏན་སྡོད་བཟོ་སྐྲུན་གྱིས་འབྲོག་པ་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱས་བ་མ་ཟད། ཁོ་ཚོའི་ཐོན་སྐྱེད་འཚོ་བ་དང་བསམ་བློའི་འདུ་ཤེས་ཀྱང་བསྒྱུར་ཡོད། སློབ་གྲྭར་འགྲོ་བ་དང་ནད་སྟོན་པར་སྔར་ལས་སྟབས་བདེ་བཟོས་ཡོད་ལ། ཟ་ཁང་དང་གནས་སྐོར་ལས་རིགས་གཉེར་བ། ཐོན་ལས་གཉིས་པ་དང་གསུམ་པ་བཅས་ཀྱིས་འབྲོག་པའི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་འབྱུང་བཞིན་ཡོད་ལ། ཁོ་ཚོའི་མཐོང་རྒྱ་ཡང་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད།

འབྲོག་པ་གཏན་སྡོད་བྱས་རྗེས་འཚོ་བའི་རྣམ་པར་འགྱུར་ལྡོག་བྱུང་ཡོད་པ་དང་། དེ་དག་གོན་པ་དང་ཟས་རིགས། སྡོད་ཁང་སོགས་ཐད་ཀྱི་ཡིན་ལ། དེང་རབས་ཅན་གྱི་འགྲིམ་འགྲུལ་དང་། འཕྲིན་གཏོང་བཅས་ཀྱི་ལག་ཆ་གཏན་སྡོད་འབྲོག་པའི་ཁྱིམ་དུ་ཐོན་ཡོད་ལ། དེང་རབས་ཅན་གྱི་རོལ་རྩེད་སྤྲོ་གསེང་བྱེད་ཐབས་ཡང་འབྲོག་པ་རྣམས་ཀྱིས་རིམ་བཞིན་དང་ལེན་བྱེད་ཀྱིན་ཡོད། འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། འབྲོག་པའི་ལས་ཞུགས་ཀྱི་འདུ་ཤེས་ཀྱང་མུ་མཐུད་དུ་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། ཞབས་ཞུའི་ལས་རིགས་དང་ཕྱི་རུ་ཞོར་ལས་སུ་འགྲོ་བ་དེ་དག་རིམ་བཞིན་འབྲོག་པའི་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ནས་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་བ་རྣམས་གྲལ་དག་གེར་ཡོད་པ་མཐོང་། རིག་སྨོན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་འབྲུག་བྱམས་ཀྱིས་གསར་འགོད་པར་བཤད་རྒྱུར། དེ་དག་ནི་གཡོན་རུ་དང་མང་གོལ། ལྡོང་ངེ་བཅས་སྡེ་བ་གསུམ་མཉམ་དུ་འདུས་སྡོད་བྱས་པའི་གནས་ཡིན་ལ། ཁྱིམ་ཚང་གྱ་གསུམ་ཡོད་པ་དང་ཚང་མ་དབུལ་ཕོངས་ཁྱིམ་ཚང་རེད་ཟེར།

གུང་ཧོ་རྫོང་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སྟག་ལྷ་ཡིས་བཤད་རྒྱུར། འབྲོག་པ་མཁར་གྲོང་དུ་གནས་སྤར་ནས་གཏན་སྡོད་བྱས་རྗེས། སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་ཐོབ་པ་མ་ཟད། བསམ་བློའི་འདུ་ཤེས་ལ་ཡང་འགྱུར་ལྡོག་བྱུང་ཡོད། མང་གོལ་སྡེ་བའི་དར་རྒྱས་ཀྱིས་དེ་སྔོན་ཕྱུགས་ར་ན་ཕྱུགས་འཚོ་བཞིན་ཡོད་པ་དང་། ཕྱུགས་མང་བ་དང་རྩྭ་ཉུང་བས་ཕན་འབྲས་མི་བཟང་ལ། བཟའ་མི་གང་བོར་ཡོང་སྒོ་སྒོར་ཁྲི་གཅིག་མ་གཏོགས་མེད། གནས་སྤར་རྗེས་ཁོ་དང་ཁོའི་ཆུང་མ་ཟི་ལིང་སོགས་སུ་ཞོར་ལས་སུ་སོང་བ་དང་། བུ་མོ་ཚེ་རིང་མཚོ་རྫོང་མཁར་དུ་ནད་གཡོག་པ་བྱས་པའི་ཞོར་དུ་རང་ཉིད་དགའ་ཞེན་ཆེ་བའི་དེང་རབས་དར་ཁྱབ་ཆེ་བའི་གཙགས་དྲུབ་ལས་བཞིན་ཡོད་པས། བཟའ་མི་གང་བོའི་ལོ་རེའི་ཡོང་སྒོ་སྒོར་ཁྲི་གསུམ་ལྷག་ཡོད་པ་དང་། གནས་མ་སྤར་སྔོན་དང་བསྡུར་ན་ཡོང་སྒོ་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད། དར་རྒྱས་བཟའ་མི་གང་བོས་ད་དུང་ནམ་ཟླ་ཇེ་དྲོར་སོང་ན་གཏན་སྡོད་བྱེད་སའི་མཐའ་འཁོར་དུ་སྔོ་ཚོད་འདེབས་སའི་དྲོད་ཁང་ཞིག་ལས་འདོད་ཡོད། དར་རྒྱས་ཀྱིས་བཤད་རྒྱུར། “དེ་ལྟར་བྱས་ན་རང་ཉིད་ཀྱི་སྔོ་ཚོད་ཟ་བར་སྟབས་བདེ་བ་མ་ཟད། ལྷག་མ་རྫོང་མཁར་དུ་སོང་ནས་བཙོང་ཆོག”ཟེར།

གུང་ཧོ་རྫོང་གི་རྫོང་དཔོན་གཞོན་པ་ཚེ་ལོ་རྒྱལ་གྱིས་བཤད་རྒྱུར། འབྲོག་པའི་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད། འབྲོག་པའི་སྡོད་ཁང་གི་ཆ་རྐྱེན་ལ་ལེགས་བཅོས་ཐོབ་པ་དང་། སློབ་གྲྭར་འགྲོ་བ་དང་ནད་སྟོན་པའི་གནད་དོན་ཐག་གཅོད་བྱས་ཡོད་པ་དང་། ཆ་རྐྱེན་ཅུང་བཟང་བའི་འབྲོག་པ་སྐོར་ཞིག་གིས་ཐོན་ལས་གཉིས་པ་དང་གསུམ་པའི་སྟེགས་བུ་བཙུགས་པས། རྩྭ་ཐང་ནས་མཁར་གྲོང་དང་། སྦྲ་གུར་ནང་ནས་ཐོག་ཁང་དུ་གནས་སྤར་བ། འབྲོག་པ་ནས་མཁར་གྲོང་གི་སྡོད་མིར་གྱུར་བ། གཏན་སྡོད་བཟོ་སྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་དངོས་གནས་མངོན་འགྱུར་བྱུང་བ་དང་། སྐྱེ་ཁམས་ཕྱུགས་ལས་ཀྱི་འཛུགས་སྐྲུན་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་ནང་རྐྱེན་ལམ་ལུགས་ལ་ཡང་རྨང་གཞི་བརྟན་པོ་ཞིག་བཏིང་།

སྔར་ལས་ལྷག་པའི་སྒོ་ནས་གཏན་སྡོད་བཟོ་སྐྲུན་གྱིས་ཕྱོགས་གསུམ་གྱི་གནད་དོན་ཐག་གཅོད་པར་ཡར་སྐུལ་བྱེད་དགོས།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གཏན་སྡོད་འབྲོག་པའི་བཟོ་སྐྲུན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཡོད་མོད། འོན་ཀྱང་། སྔར་ལས་ལྷག་པའི་སྒོ་ནས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་བསམས་གཞིགས་གཏོང་དགོས་པ་མ་ཟད་ཕྱོགས་གསུམ་གྱི་གནད་དོན་ཐག་གཅོད་བྱེད་དགོས།

གཅིག་ནི་རང་གིས་མ་དངུལ་གཅིག་བསྡུས་བྱེད་པའི་གནད་དོན་དངོས་འབེབ་བྱེད་དཀའ་བ་སྟེ། གསར་འགོད་པས་བཅར་འདྲི་བྱེད་པའི་ཁྲོད་རྒྱལ་ཁབ་ཀྱིས་བོད་རིགས་འདུས་སྡོད་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་ཧ་ཅང་བཟང་ལ། འབྲོག་པའི་ཡོང་སྒོ་ཡང་ཧ་ཅང་བཟང་མོད། འོན་ཀྱང་། འབྲོག་པའི་བསམ་བློའི་སྟེང་གི་གཞན་བརྟེན་གྱི་འདུ་ཤེས་ཅུང་ཚབས་ཆེ་བ་མཐོང་། གཞི་རིམ་གྱི་ལས་བྱེད་པས་བཤད་པ་ལྟར་ན། གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱེད་པའི་ཁྲོད། འབྲོག་པ་མང་ཚོགས་ཀྱིས་རང་འགུལ་སྒོས་མ་དངུལ་གཅིག་བསྡུས་བྱས་པའི་ཚད་མི་མཐོ་བ་དང་། འབྲོག་པ་ལ་ལས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ཁག་ཡོད་པས། རང་འགུལ་སྒོས་མ་དངུལ་གཅིག་བསྡུས་བྱེད་པར་དཀའ་ཁག་ཆེན་པོ་ཡོད།

གཉིས་ནི་བཟོ་སྐྲུན་གྱི་ཆ་ཚང་སྒྲིག་ཆས་ཀྱི་རྨང་གཞིའི་འཛུགས་སྐྲུན་ལ་འགན་སྲུང་མེད་པ་སྟེ། འབྲོག་པ་མང་ཚོགས་ལ་དོན་དངོས་སྟེང་གི་གཏན་སྡོད་མངོན་འགྱུར་བྱེད་དུ་འཇུག་དགོས་པ་དང་། ཁང་བ་ལས་དགོས་པ་མ་ཟད་གཏན་སྡོད་བྱེད་སའི་ཆ་ཚང་སྒྲིག་ཆས་དང་། བགྲོད་ལམ། ཆུ། གློག་སོགས་ཀྱི་སྒྲིག་ཆས་ངེས་པར་དུ་སྒྲིག་དགོས་ལ། དེ་དག་ཚང་མར་མ་དངུལ་འབོར་ཆེན་གཏོང་དགོས། གཏན་སྡོད་བྱེད་སའི་ཆུ་དང་གློག ལམ། ཆ་ཚང་སྒྲིག་ཆས་ཡོད་པ་དེ་དག་ནི་ཁང་བའི་ནང་སྡོད་ཚད་ཇེ་ཆེར་འགྲོ་བའི་རྒྱུ་རྐྱེན་ཡིན་ལ། དེ་ནི་འབྲོག་པ་མཁར་གྲོང་དུ་གནས་སྤར་རྗེས་སེམས་བདེ་མོས་ཁང་བའི་ནང་སྡོད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཀྱང་རེད།

གསུམ་ནི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ད་དུང་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་དགོས། འབྲོག་པ་གཏན་སྡོད་བྱས་རྗེས་བྱ་བ་ཅི་ཞིག་ལས་དགོས་པ་དང་། ཅི་ཞིག་ལ་བརྟེན་ནས་འཚོ་བ་རོལ་བའི་གནད་དོན་ཐག་གཅོད་བྱེད་མ་ཐུབ་ན། འབྲོག་པ་སེམས་བདེ་མོས་གཏན་སྡོད་བྱེད་མི་ཐུབ་ལ། ཡང་བསྐྱར་རྩྭ་ཐང་དུ་ལོག་སྲིད་པས། རྒྱལ་ཁབ་ཀྱི་ཐོན་ཁུངས་ཆུད་ཟོས་སུ་གཏོང་བའི་རྣམ་པ་ཆགས་སྲིད། འབྲོག་པ་གཏན་སྡོད་བྱས་རྗེས། འདུ་ཤེས་གསར་སྐྲུན་དང་འདུ་ཤེས་གསར་གཏོད། འདུ་ཤེས་འཕེལ་རྒྱས་སུ་བཏང་བ་མི་འདང་བས། བསམ་བློ་བསྒྱུར་བ་དེ་འཚོ་བ་རོལ་སྟངས་བསྒྱུར་བ་དང་བསྡུར་ན་དཀའ་ཁག་ཆེན་པོ་ཡོད། བརྟག་དཔྱད་ཞིབ་འཇུག་བྱེད་སྐབས། འབྲོག་པ་ལ་ལ་ཁྱིམ་དུ་བསྡད་ནས་ཕྱི་རུ་ཞོར་ལས་ལ་མི་འགྲོ་ཞིང་། རྒྱུ་མཚན་གཙོ་བོ་ནི་སྐད་ཆའི་བཀག་རྒྱ་ཐེབས་པ་མ་ཟད། རང་སྟེང་གི་གསར་སྐྲུན་གྱི་འདུ་ཤེས་དཀོན་པ་རེད། གཞན་འབྲོག་པ་སྐོར་ཞིག་གིས་རང་ཉིད་ལ་བརྟེན་ནས་དབུལ་ཐར་བྱེད་པ་དང་། ཡོང་སྒོ་འཕར་སྣོན་གཏོང་བ་དེ་སྲིད་གཞུང་གི་དོན་དག་ཡིན་པའི་བསམ་ཚུལ་ངེས་ཅན་ཞིག་གི་སྟེང་ནས“སྒུག་པའི་ཐབས་ལ”བརྟེན་ནས་བསྡད་ཡོད།

ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བཏང་ནས། ཐོན་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་བཙལ་དགོས།

གོང་གི་གནད་དོན་དག་ལ་ཁ་གཏད་ནས། འབྲེལ་ཡོད་མི་སྣས་བཏོན་པའི་བསམ་འཆར་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་གཏན་སྡོད་འབྲོག་པའི་བཟོ་སྐྲུན་གྱི་མ་དངུལ་གཏོང་ཚད་ཇེ་ཆེར་བཏང་སྟེ། འོས་མཚམས་སྒོས་བསམ་བློ་བཏང་སྟེ་འབྲེལ་ཡོད་ཀྱི་ཆ་ཚང་སྒྲིག་ཆས་འཛུགས་སྐྲུན་དེ་བཟོ་སྐྲུན་སྤྱིའི་ཁྲོད་འཇོག་དགོས། དེ་དང་ཆབས་ཅིག ལས་ཚར་བའི་གཏན་སྡོད་བྱེད་སའི་ཆུ་དང་གློག ལམ་གྱི་གནད་དོན་ཐད། ས་གནས་སོ་སོའི་སྲིད་གཞུང་གིས་འབྲེལ་ཡོད་ཆུ་བེད་དང་འགྲིམ་འགྲུལ། གློག་ཤུགས་སྡེ་ཁག་ལ་མཐུན་སྦྱོར་བྱས་ནས། འབྲེལ་ཡོད་ལས་གཞིའི་མ་དངུལ་གཅིག་བསྡུས་བྱས་པ་བརྒྱུད་ནས་ཐག་གཅོད་བྱེད་དགོས། དཔེར་ན་གུང་ཧོ་རྫོང་ལྟ་བུར་མཚོན་ན། རྫོང་དེས་མི་ཕྱུགས་ཀྱི་འཐུང་ཆུའི་བཟོ་སྐྲུན་ལ་བརྟེན་ནས་གཏན་སྡོད་བྱེད་སའི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་ལོར་གཏན་སྡོད་བྱེད་སའི་བརྒྱ་ཆའི་གོ་ལྔའི་ཡན་ལ་ཆུ་འཐེན་ཐུབ་པ་བརྩོན་ལེན་བྱེད་རྒྱུ་རེད།

འབྲེལ་ཡོད་མི་སྣས་བསམ་འཆར་བཏོན་པ་ལྟར་ན། སྲིད་གཞུང་གིས་འབྲོག་པའི་སྣེ་ཁྲིད་དེ་སྲོལ་རྒྱུན་གྱི་རྩྭ་སའི་ཕྱུགས་ལས་དེ་སྐྱེ་ཁམས་ཕྱུགས་ལས་ཕྱོགས་སུ་བསྒྱུར་དགོས་པ་དང་། མཉམ་ལས་ཁང་འཛུགས་པ་དང་། རྩྭ་ས་དང་ནོར་ལུག་མ་རྐང་དུ་འཇོག་པ། ནོར་ལུག་ཚོ་གསོ་བྱེད་པ། ངལ་རྩོལ་པ་ལྷག་མ་རྣམས་གནས་གཞན་ལ་ཞོར་ལས་སུ་འགྲོ་ཆོག་པ་དེ་རེད། དེ་དང་ཆབས་ཅིག སྲིད་གཞུང་གིས་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་གཞོགས་འདེགས་ཆེན་པོ་བྱས་ཏེ། གཏན་སྡོད་འབྲོག་པ་རྣམས་ལ་སྔར་ལས་མང་པོའི་ལས་ཞུགས་གི་གོ་སྐབས་བསྐྲུན་དགོས། གཅིག ཕྱུགས་ཐོན་དངོས་རྫས་ལས་སྣོན་བཟང་བོ་བྱེད་པ་དང་། ཤུགས་ཆེན་པོས་ཁྱད་ལྡན་འོ་མའི་ཐོན་རྫས་དང་མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་ཤ་རིགས་ལས་སྣོན་བྱེད་པ། ལྷད་མེད་སྐྱེ་ལྡན་ཟས་རིགས་སོགས་ཟས་རིགས་ཐོན་སྐྱེད་ལས་སྣོན་བྱེད་པའི་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས། གཉིས། གནས་སྐོར་ལས་རིགས་གཙོར་བྱས་ནས། ཐོན་ལས་གསུམ་པ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་དེ། འབྲོག་ཁུལ་གྱི་རང་བྱུང་དང་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དེ་བཀོལ་སྤྱོད་བྱས་ནས། ནུས་ཤུགས་ཡོད་དགུས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས། གསུམ། འབྲོག་པའི་རང་བདག་གི་ལས་ཞུགས་འབྲེལ་ལམ་རྒྱ་བསྐྱེད་ནས། མི་རིགས་བཟོ་རྩལ་ཐོན་ལས་དང་གནས་སྐོར། དེ་མིན་ཞབས་ཞུའི་ལས་རིགས་གཞན་དག་འཕེལ་རྒྱས་སུ་གཏོང་བ་དང་ཆབས་ཅིག རིམ་པ་སོ་སོའི་སྲིད་གཞུང་གིས་ཧུར་ཐག་གིས་མཁར་གྲོང་གི་ལས་ཞུགས་རྒྱ་བསྐྱེད་ནས། འབྲོག་པ་རྣམས་གཏན་སྡོད་གནས་ནས་མཁར་གྲོང་དཔལ་འབྱོར་གྱི་ཐོན་སྐྱེད་བདག་གཉེར་མཁན་ལ་བསྒྱུར་དགོས་པ་དང་། སྲོལ་རྒྱུན་གྱི་ཕྱུགས་ལས་ཐོན་སྐྱེད་བྱེད་སྟངས་དེ་དེང་རབས་མཁར་གྲོང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཐོན་སྐྱེད་བྱེད་སྟངས་སུ་བསྒྱུར་དགོས་ལ། མཁར་གྲོང་ཅན་གྱི་རྣམ་པ་དེ་གཏན་འཁེལ་དང་འཐུས་ཚང་གི་ཕྱོགས་སུ་བསྒྱུར་དགོས།

གུང་ཧོ་རྫོང་གི་རྫོང་དཔོན་གཞོན་པ་ཚེ་ལོ་རྒྱལ་གྱིས་བཤད་རྒྱུར། འབྲོག་པ་གནས་གཅིག་ཏུ་འདུས་སྡོད་བྱས་རྗེས་ཀྱི་འཕེལ་རྒྱས་གནད་དོན་གྱི་ཐད། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་ཀྱི་བགྲོད་ལམ་བཙལ་དགོས། དཔེར་ན་མཚོ་སྔོན་པོ་ས་ཁུལ་ལ་མཚོན་ན། གཙོ་བོར“ལྗོངས་རྒྱུའི་ས་ཁུལ་གྲགས་ཅན”མཚོ་སྔོན་པོའི་ཁྱད་སྟོབས་ལ་བརྟེན་ནས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་དགོས་པ་རེད། གུང་ཧོ་རྫོང་རྒྱ་ཡེ་སྡེ་བའི་རུ་ཁག་བདུན་པའི་མགོ་བཟང་བོ་བརྩམས་ཏེ། རུ་ཁག་གིས་ཁྱིམ་ཚང་བཅུ་རྩ་འཛུགས་བྱས་ཏེ་མཚོ་སྔོན་པོའི་ལྷོ་རྒྱུད་དུ་གནས་སྐོར་བ་སྣེ་ལེན་བྱེད་པའི་ས་ཚིགས་བཙུགས་པས། ན་ནིང་གི་དབྱར་ཁར་སྣེ་ལེན་ས་ཚིགས་དེའི་ཡོང་སྒོ་སྒོར་འབུམ་བཞི་རེད། ལོ་གཉིས་ཙམ་གྱི་དུས་ཚོད་ནང་། སྣེ་ཁྲིད་མཁན་གྱི་འབྲོག་པ་ཁོན་ཐར་བྱམས་དབུལ་ཐར་བྱས་པ་མ་ཟད། སྡེ་བ་ཡོངས་ཀྱི་ཕྱུག་བསྒྱུར་སྣེ་ཁྲིད་མཁན་དུ་གྱུར་ཡོད། ཅང་ཤེས་ཁུག་ཞང་གི་ཁྱིམ་ཚང་བདུན་བཅུ་མཁར་གྲོང་དུ་གཏན་སྡོད་བྱས་རྗེས། འགྲིམ་འགྲུལ་གྱི་ས་བབས་ཁྱད་སྟོབས་ལ་བརྟེན་ནས། ཐོན་ལས་གཉིས་པ་དང་གསུམ་པའི་ཐོན་ལས་འཕེལ་རྒྱས་སུ་བཏང་བས། འཚོ་བ་བདེ་སྐྱིད་ལྡན་པར་གྱུར་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།