ཡུང་མ་འདེབས་པའི་ལག་རྩལ།

ཡུང་མ་ལ་འཚོ་བཅུད་ཀྱི་རིན་ཐང་ལྡན་ཏེ། དེའི་ནང་དུ་ཐཱན་ཆུ་འདྲེས་སྦྱོར་དངོས་རྫས་དང་། སྤྲི་མ། འཚོ་བཅུད། ཚིལ་སོགས་ཀྱི་བཅུད་ལྡན། དེ་ཐད་ཀར་ཟས་རིགས་བྱས་ཆོག་པར་མ་ཟད། ད་དུང་ལས་སྣོན་བྱས་ནས་ཡུང་མ་རྒྱུད་རིམ་ལྡན་པའི་ཐོན་རྫས་ལས་ཆོག

གཅིག ཡུང་མ་སྐྱེས་པའི་ཁོར་ཡུག་གི་ཆ་རྐྱེན།

 1.དྲོད་ཚད། ཡུང་མ་བཏབ་རྗེས་ལིས་མུས་བཅུ་གཏིང་ཚད་ཀྱི་ས་འོག་ལ་དྲོད་ཚད་ཏུའུ་བདུན་ནས་བརྒྱད་ལ་ཐོན་དུས་མྱུ་གུ་འབུས། ཏུའུ་བཅུ་ནས་བཅུ་གཉིས་ཡིན་དུས་མྱུ་གུ་འབུས་ནས་ས་ངོས་སུ་ཐོན་ཡོང་། ལོ་མ་སྐྱེས་པ་ལ་འཕྲོད་པའི་ཏུའུ་ནི་གཅིག་ནས་ཉེར་གཅིག་ཡིན། ཏུའུ་ཉེར་ལྔ་ལས་བརྒལ་ན་གཞུང་རྟའི་སྐྱེས་ཚད་ཇེ་དལ་ལ་འགྲོ་བ་དང་། ཏུའུ་ཉེར་དགུ་ལས་བརྒལ་བའམ་ཡང་ན་ཏུའུ་བདུན་མན་ལ་བསླེབས་ཚེ་སྐྱེས་མཚམས་འཇོག་པ་ཡིན། སའི་དྲོད་ཚད་ཏུའུ་བཅོ་བརྒྱད་ནས་ཉི་ཤུ་དང་། དགོང་མོའི་དྲོད་ཚད་ཏུའུ་བཅུ་གཉིས་ཡིན་དུས་འབྲས་བུ་ཆགས་སླ། སྡོང་རྐང་སྐྱེས་ཚད་ཆེས་ལེགས་པའི་སའི་དྲོད་ཚད་ནི་ཏུའུ་བཅོ་ལྔ་ནས་བཅོ་བརྒྱད་བར་ཡིན། མཚན་མོའི་དྲོད་ཚད་ཏུའུ་གཉིས་མན་དང་ཉིན་མོའི་དྲོད་ཚད་ཏུའུ་ཉེར་དགུ་ཡི་ཡན་ཡིན་ན་སྡོང་རྐང་གི་སྐྱེས་མཚམས་འཇོག་པ་ཡིན།

2.ཉི་འོད་འཕྲོ་བ། ཡུང་མ་ནི་ཉི་འོད་ལ་དགའ་བའི་སྐྱེ་དངོས་ཤིག་ཡིན། སྡོང་རྐང་འཚང་ཁ་བརྒྱབ་ན་འོད་སྦྱོར་ནུས་པ་ལ་གནོད་པ་ཡོད་པ་དང་། ཐོན་ཚད་ཇེ་ཉུང་དུ་འགྲོ། ཉི་འོད་འཛོམས་པོར་འཕྲོས་ན་སྡོང་རྐང་སྐྱེས་པ་དང་། མེ་ཏོག་བཞད་པར་ཕན་ཐོགས་ཡོད་ལ། ཉི་འོད་འབྲིང་ཙམ་བརྒྱབ་ན་འཚོ་བཅུད་འཛོམས་པ་དང་སྡོང་རྐང་ཇེ་ཆེར་འགྲོ་བར་ཕན་པ་ཡོད།

3.ས་རྒྱུ། ཡུང་མ་ནི་ས་རྒྱུ་གང་ལའང་ཅུང་འཕྲོད་པ་ཡིན། ཡིན་ཡང་ཆེས་འཕྲོད་པའི་ས་རྒྱུ་ནི་སྙི་མོ་དང་ཉུང་སྐྱུར་རང་བཞིན་གྱི་ས་རྒྱུ་ཡིན། ས་རྒྱུའི་རླུང་རྒྱུ་དང་སིམ་ནུས་རང་བཞིན་བཟང་ན་མྱུ་གུ་རྣམས་གྲལ་ལེགས་པ་དང་དབྱིབས་ལེགས་པ། སྤུས་ཚད་བཟང་བ་བཅས་ཡོང་བར་ཕན་པ་ཡོད། དེ་ཡང་ཡུང་མ་ནི་ཐོན་ཚད་མཐོ་བའི་སྐྱེ་དངོས་ཡིན་ལ། དེར་ལུད་རྫས་ཅུང་མང་པོ་དགོས། སྤྱིར་བཏང་དུ་ས་རྒྱུའི་ཁྲོད་དུ་ཏན་དང་ལིན། ཅཱ་གསུམ་འཛོམས་དགོས་ལ། དེ་གསུམ་གྱི་བསྡུར་ཚད་ནི10:4:22ཡིན།

4.རློན་ཚད། ཡུང་མ་ནི་སྐྱེས་པའི་དུས་རིམ་མི་མཐུན་པ་ནང་བཞིན་ཆུའི་མཁོ་ཚད་ཀྱང་མི་མཐུན། མྱུ་གུ་འབུས་པའི་སྐབས་སུ་སྡོང་རྐང་ཁྲོད་ཀྱི་རློན་ཚད་ལ་བརྟེན་དགོས་པ་དང་། མྱུ་གུ་འབུས་རྗེས་རྩད་པས་ས་རྒྱུའི་ནང་གི་བརླན་གཤེར་བསྡུ་ལེན་བྱས་ཚེ་ད་གཟོད་ནམ་རྒྱུན་ལྟར་མྱུ་གུ་འབུས་ཐུབ་ལ། དེ་ཡང་འབྲས་བུ་ཐོགས་པའི་འོས་འཚམས་ཀྱི་རློན་ཚད་ནི་བརྒྱ་ཆའི་བརྒྱད་ཅུ་ཡས་མས་ཡིན་པ་དང་། འབྲས་བུ་བསྡུ་དུས་ཀྱི་ལྟོས་བཅས་ཀྱི་རློན་ཚད་ནི་མར་བབས་ནས་བརྒྱ་ཆའི་ལྔ་བཅུ་ཡས་མས་ཡིན།

གཉིས། ཡུང་མ་འདེབས་པའི་ལག་རྩལ།

1.ས་བོན་འདེམ་པ། སྨིན་སླ་བ་དང་དུག་དང་བྲལ་བའི་ཡུང་མའི་རིགས་གདམ་དགོས། དེར་མྱུ་གུ་ལེགས་པ་དང་སྡོང་རྐང་སྦོམ་པ། ལོ་མ་ཆེ་བ། རྩ་བ་རྒྱས་པ། ལྡོག་འགོག་ནུས་པ་ཡོད་པ། ཐོན་ཚད་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན། སྤྱིར་བཏང་དུ་དུག་བྲལ་ཡུང་མའི་ཐོན་ཚད་དེ་དུག་བྲལ་མེད་པའི་ཡུང་མ་ལས་བརྒྱ་ཆའི་ལྔ་བཅུ་ཡས་མས་མཐོ་བ་ཡིན།

2.མྱུ་གུ་སྐྱེ་སྐུལ། གནམ་ངོ་ཐང་དུས་ཉིན་གཅིག་ནས་གཉིས་ལ་བསྐམས་རྗེས། ནང་གི་ཡུང་མ་རུལ་བ་དང་ནད་པ་སོགས་བསལ་ནས་ལེབ་མོར་གཏུབ་སྟེ་ཏུའུ་བཅོ་ལྔ་ནས་ཉི་ཤུ་ཡིན་པའི་མུན་ནག་ཡིན་སར་འཇོག་པ་དང་། དེ་ཡང་འཇོག་དུས་སའམ་བྱེ་མ་རིམ་པ་རེའི་སྟེང་དུ་ཡུང་མ་རིམ་པ་རེ་བརྡལ་ཏེ་རིམ་བརྩེགས་ལྟར་བཞག་ནས་མྱུ་གུ་སྐྱེ་སྐུལ་བྱེད་པ་དེ་སྤྱིར་བཏང་དུ་ཡུང་མ་མ་བཏབ་པའི་སྔོན་གྱི་ཉིན་ཉེར་ལྔ་ནས་སུམ་ཅུ་ནང་བྱ་དགོས། མྱུ་གུའི་འབུས་ཚད་ལིས་མུས་གཉིས་ནས་གསུམ་དང་། མྱུ་གུའི་མདོག་ལྗང་ཁུའམ། ཡང་ན་ལྗང་ནག་ཡིན་དུས། ཡུང་མ་དུས་ཐོག་ཏུ་བཏབ་ཆོག་ལ། ལེབ་མོར་གཏུབ་དུས་རྩི་ཤིང་གི་གོ་ཐལ་གྱིས་སྙོམས་པོར་བསྲེས་ཏེ་ཅུང་ཙམ་ལ་གཡེངས་རྗེས་འདེབས་དགོས་པའོ།

3.འདེབས་པའི་དུས་ཚོད། ཟླ་ལྔ་བའི་ཟླ་སྟོད་དུ་འདེབས་མགོ་རྩོམ་ཆོག་པ་དང་། ལོ་གཅིག་ལ་ཐེངས་རེར་འདེབས་དགོས།

4.ས་ཁོད་སྙོམས་པའི་སྔོན་ལ་ཞིང་ཚིགས་ལས་དགོས། དེ་ཡང་ཞིང་ཚིགས་ཀྱི་ཞབས་ནི་ལིས་མུས་དྲུག་ཅུ་དང་། ཞིང་ཚིགས་ཀྱི་ངོས་ནི་ལིས་མུས་བཞི་ཅུ། མཐོ་ཚད་ནི་ལིས་མུས་བཞི་ཅུ། ཞིང་ཚིགས་ཀྱི་ཞེང་ནི་ལིས་མུས་སུམ་ཅུ་བཅས་ཡིན་དགོས།

5.རྨོ་འདེབས། སྤྱིར་བཏང་དུ་སྨིན་སླ་བའི་རིགས་མུས་གྲུ་བཞི་མ་དྲུག་བརྒྱ་དང་རེ་བདུན་རེར་སྡོང་རྐང་སྟོང་བཞི་དང་ལྔ་བརྒྱ་ནས་སྟོང་ལྔ་འདེབས་དགོས། འདེབས་དུས་ཕུར་འདེབས་བྱེད་དགོས། ཞིང་ཚིགས་ཐོག་གཡས་གཡོན་གཉིས་དང་སྟེང་གསུམ་པོར་ཤུར་གཉིས་བྱས་ནས་འདེབས་དགོས། སྡོང་རྐང་གི་བར་ཐག་མུས་སུམ་ཅུ་ཡིན་དགོས། འདེབས་དུས་གཏན་ཁེལ་གྱི་གནས་དེར་ལྕགས་ཁེམ་གྱིས་ལིས་མུས་བཅུ་ནས་བཅུ་གཉིས་ཅན་གྱི་ཁུང་བུ་བྲུས་རྗེས། གཏུབ་ཡོད་པའི་ཡུང་མ་ཁུང་བུའི་ནང་དུ་བཞག་སྟེ་སྟེང་ལ་མཐུག་ཚད་ལིས་མུས་བཅུ་ནས་བཅུ་གཉིས་ཙམ་གྱི་ས་བཀབ་ནས་འདེབས་དགོས།

6.ཞིང་ཁའི་དོ་དམ། སྤྱིར་བཏང་དུ་ཡུང་མ་བཏབ་ནས་ཉིན་ཉི་ཤུ་ནས་སུམ་ཅུ་འགོར་རྗེས་མྱུ་གུ་འབུས་ཡོང་། མྱུ་གུ་འབུས་རྗེས་ཡུར་མ་ཡུར་བ་དང་གནོད་འབུ་དང་ནད་འགོག་བཅོས་བྱེད་རྒྱུ་ནི་གཙོ་བོ་ཡིན། ཐོག་མར་མེ་ཏོག་འབུས་པ་དང་དེ་ནས་འབྲས་བུ་ཐོགས། འབྲས་བུ་ཐོགས་དུས་ས་རྒྱུའི་རློན་ཚད་ནི་བརྒྱ་ཆའི་བརྒྱད་ཅུ་ཡས་མས་ཡིན་དགོས། མེ་ཏོག་འཐོར་ནས་གཟའ་འཁོར་གཅིག་འགོར་རྗེས་ནི་ཡུང་མ་ལ་ཆུ་ཧ་ཅང་མཁོ་བའི་དུས་སྐབས་ཡིན། གལ་ཏེ་དུས་དེར་ཆུ་མེད་ན། སྡོང་རྐང་གི་སྐྱེས་མཚམས་འཇོག་པ་ཡིན། ས་སྐམ་དུས་ཆུ་གཏོང་དགོས་མོད། འོན་ཀྱང་ཤུར་ཆུ་གཏོང་བར་གཏན་འགོག་བྱ་དགོས། ཡུང་མར་དྲོད་ཚད་མཐོ་མི་དགོས་པ་སྟེ། གལ་ཏེ་ས་དྲོད་ཏུའུ་ཉེར་དགུ་ལས་བརྒལ་ན། སྡོང་རྐང་གི་སྐྱེས་མཚམས་འཇོག་པ་ཡིན།

7.ནད་དང་གནོད་འབུའི་འགོག་བཅོས། རིམས་ནད་ལ་མཉམ་འཇོག་དང་འགོག་བཅོས་བྱེད་དགོས།

8.ཡུང་མ་བསྡུ་བ། སྐྱེ་ལུགས་ཡོངས་སུ་སྨིན་ནས་བསྡུས་ན་ཐོན་ཚད་ཆེས་མཐོ་བ་ཡིན། སྐྱེས་ལུགས་ཡོངས་སུ་སྨིན་པའི་མཚོན་རྟགས་ནི། ལོ་མ་ལྗང་ཁུ་ནས་སེར་བོར་གྱུར་བ་དང་ཡུང་མའི་འབྲེལ་རྩ་འཐོར་སླ་བ། ཤུན་ལྤགས་མཐུག་ཅིང་སྲ་བ། ཁ་དོག་རྒྱུན་ལྡན་ཡིན་པ་བཅས་སོ། ཡུང་མ་བསྡུ་སྐབས་ཉི་མར་མི་ལྡེ་བ་དང་། རློན་པ་མི་བྱེད་པ། རྨ་ཁ་མི་བཏོད་པ་བཅས་བྱས་ན་བསྡུ་ཉར་བྱེད་པར་ཕན། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།