དོན་གྲུབ་ཚེ་རིང་དང་མ་ལོའི་ཕྱག་ཟས་།

  

44.jpg

འདི་ནི་མ་ལོའི་ཕྱག་ཟས་ཁང་ཡིན་པ།འདི་ནི་མ་ལོའི་ཕྱག་ཟས་ཁང་ཡིན་པ། 

45.jpg

 འདི་ནི་མ་ལོའི་ཕྱག་ཟས་ཁང་དུ་ཕྱི་རྒྱལ་གྱི་སྐུ་མགྲོན་གསོལ་ཚིགས་ལ་རོལ་བཞིན་ཡོད་པ།

ལེ་ཚན་གཏོད་པའི་གཏམ།

དེང་གི་ཆར།  རང་ལྗོངས་ཀྱི་ས་ཁུལ་ཁག་གི་ཞིང་འབྲོག་མང་ཚོགས་མི་ཉུང་བ་ཞིག་གིས་རང་གི་ཕ་ཡུལ་གུ་དོག་པོའི་ནང་མགོ་འཁོར་ནས་མི་སྡོད་པར་གནམ་ས་དེ་བས་ཡངས་པའི་གྲོང་ཁྱེར་དུ་རང་གི་བློ་གྲོས་དང་ལག་གཉིས་ལ་བརྟེན་ནས་མི་སོ་སོའི་རེ་སྨོན་བཟང་པོ་འགྲུབ་ཕྱིར་བརྩོན་བཞིན་མཆིས།  བྱ་གཞག་ལ་གྲུབ་འབྲས་ཐོབ་པ་དང་མ་ཐོབ་པ་སུ་ཡིན་ཡང་།  རང་གི་སེམས་དབུས་ཀྱི་ཐོག་མའི་ཕུགས་རེ་དེ་མ་དོར་བར་གང་ཅིར་འབད་པ་ལྷུར་ལེན་བགྱིས་པའི་བབ་ཆགས་པའི་གཏམ་རྒྱུད་འདྲ་མིན་མངའ་བ་ལས་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་ཡར་རྒྱས་དང་འབྱོར་འབྲིང་ལ་སྙེག་པའི་སྙིང་སྟོབས་མངོན་ཡོང་བས།  ངེད་ཚགས་པར་གྱིས་གསར་འགྱུར་གྱི“ཉེ་བཅར་གསུམ”ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་སྦྲགས།  

ཁོང་ཚོའི་ཆེས་བབ་ཆགས་པའི་བསམ་དོན་དེ་མཚོན་ཕྱིར། དེ་རིང་ནས་བཟུང《མི་སེར་གྱི་རེ་སྨོན། གྲོང་ཁྱེར་ནང་གི་ཨ་ཁུ་ཞིང་པ》ཞེས་པའི་ཆེད་སྒྲིག་ལེ་ཚན་ཞིག་བཏོད་ནས།  དེ་དོན་རིམ་སྤེལ་གསར་འགྱུར་འགོད་རྒྱུ་ཡིན་པས།  རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགོངས་འཇགས་དང་བཅས་དགྱེས་གཟིགས་ཡོད་པ་ཞུ།ཀུན་ལ་སེམས་རྩ་འཁོལ་བའི་སྦྱིན་བདག  རིག་གནས་ཉམས་འགྱུར་ལྡན་པའི་ཟ་ཁང་།ཆུ་སྟོད་ཧོར་ཟླ་དྲུག་པའི་ཟླ་སྟོད་དུ་ལྷ་སར་མཚན་མོ་རྟག་ཏུ་ཆར་པ་བབས་ཏེ་གསེར་ལྡན་དགའ་མའི་བཞིན་རས་བརླན་ཡང་ཉིན་མོར་ཁྲི་གདུགས་ཀྱི་འོད་སྟོང་འབར་ཏེ་ངོ་གདོང་ལ་མེ་ཤེལ་བཙུགས་པ་དང་གཉིས་སུ་མེད་པའི་ཕྱི་དྲོ་ཞིག་གསར་འགོད་པས་དར་རྒྱས་ཕུན་སུམ་ཚོགས་པའི་གནའ་གྲོང་ལྷ་སའི་ཁྲོམ་གཞུང་ཨ་མ་ཞིག་ནས་ཚོང་གཉེར་གྱི་འདུ་འཛི་ཤིན་ཏུ་ཆེ་བའི་ཁྲོམ་གཟིགས་སྒང་བརྒྱུད།  སྲང་ལམ་མང་པོ་ཞིག་རྐང་བགྲོད་ཀྱིས་འགྲིམས་ཏེ་ཞིང་པས་གྲོང་ཁྱེར་དུ་ལས་གཉེར་བྱེད་པའི་གྲུབ་འབྲས་ཤེས་རྟོགས་བྱེད་པར་བསྐྱོད།ཀུན་ལ་སེམས་རྩ་འཁོལ་བའི་སྦྱིན་བདགརིག་གནས་ཉམས་འགྱུར་ལྡན་པའི་ཟ་ཁང་།

གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྐྱིད་རས་སྡེ་ཁུལ་གྱི་ཁོངས་སུ་སླེབས་སྐབས་སྲང་ལམ་ཞིག་ན“མ་ལོའི་ཕྱག་ཟས”ཞེས་པའི་བོད་ཟས་ཟ་ཁང་ཞིག་མིག་ལམ་དུ་འཆར།  ཞབས་ཞུ་བས་འོས་སྦྱོར་བྱས་པ་ལྟར་ལག་ཐོགས་ཁ་པར་ནས་ཟ་ཁང་གི་སྦྱིན་བདག་དང་འབྲེལ་བ་བྱེད་སྐབས་དུས་ཚོད་སྐར་མ་ལྔ་ཡང་མ་འགོར་བར་ཟ་ཁང་གི་སྦྱིན་བདག་ཕོ་གཞོན་དོན་གྲུབ་ཚེ་རིང་དང་འཕྲད།  ཁོང་ནི་དང་ཐོག་ཁོ་བོས་བསམ་ཚོད་བྱས་པའི་སྦྱིན་བདག་ཉམས་དོད་པོ་ལྟ་བུ་མིན་པར་སྔོན་ནས་འདྲིས་གཤིབ་བྱུང་བའི་ཕོ་གཞོན་ཞིག་དང་འདྲ་ཞིང་།  ང་ཚོའི་ཡོང་དོན་དང་དུ་བླངས་ཏེ་ཟ་ཁང་དུ་གདན་དྲངས།བོད་ཟས་ཟ་ཁང་ནང་སླེབས་སྐབས་ཁང་པའི་མཛེས་རྒྱན་དེར་གནའ་དེང་ཟུང་འབྲེལ་གྱི་མཛེས་ཆོས་ལྡན་པས་ལྟ་སྣང་ལྷག་པར་དོད།  སྒོ་འཛུལ་མ་ཐག་དཔེ་ཁྲི་ཞིག་བསྒྲིགས་པའི་ཐོག་གྲགས་ཅན་རྩོམ་པ་པོའི་བརྩམས་ཆོས་དང་།  ཁྱད་པར་དུ་ཁང་པའི་ཀ་བ་དང་བཅས་པའི་ཕྱོགས་གང་སར་རྫ་དཔལ་སྤྲུལ་དང་།  རྗེ་བློ་བཟང་གྲགས་པ་སོགས་མཁྱེན་རླབས་འགྲན་ཟླ་བྲལ་བའི་བོད་མཁས་པའི་ལེགས་བཤད་ཐང་གའི་མེ་ལོང་དུ་བྲིས་པ་བཀལ་འདུག་པས་ང་ཚོར་རིག་གནས་དང་མཉམ་འདྲེས་ཀྱི་བོད་ཟས་ཁང་ཞིག་ཡིན་པའི་ཚོར་སྣང་སྟེར།  སྦྱིན་བདག་ཕོ་གཞོན་དོན་གྲུབ་ཚེ་རིང་ནི་ཕ་ཡུལ་རྫ་ཆུ་ཁ་ནས་མལ་གྲོ་གུང་དཀར་རྫོང་མལ་གྲོ་གུང་དཀར་གྲོང་རྡལ་གྱི་ཞིང་པའི་བུ་མོ་ཞིག་དང་ལས་ཀྱིས་སྦྲེལ་ཏེ་དེ་གའི་ཞིང་པ་ཞིག་ཏུ་གྱུར།  སྤྱི་ལོ་2013ལོར་ཁོང་གཉིས་ན་གཞོན་བཟའ་ཚོས་མ་དངུལ་སྒོར་ཁྲི་34ལྷག་ཙམ་བཏང་སྟེ་ལྷ་སར་བོད་ཟས་ཟ་ཁང་ལེགས་པོ་ཞིག་གཉེར་དོན་ནི་ཞིང་པའི་དཀའ་སྤྱད་རྟུལ་ཕོད་ཀྱི་སྙིང་སྟོབས་ངོམས་པ་ཞིག་དང་།  ཟ་ཁང་ལས་རིགས་ཀྱི་འགྲན་རྩོད་ཁྲོད་ཞིང་པའི་ཟ་ཁང་གིས་བོད་ཀྱི་སྲོལ་རྒྱུན་ཞལ་ལག་གི་བྲོ་བ་ཉམས་མེད་ཅིག་བཤམས་ཏེ་རང་གཞན་དོན་གཉིས་བསྒྲུབ་ཕྱིར་རོ།   །   

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།