རི་སུལ་སྐམ་པོ་ཞིག་ནས་ཐར་བའི་དུད་ཚང་དབུལ་པོ་16།

༡.jpg

གྲོང་ཚོ་གསར་པར་སྤོས། གཡུར་ཟའི་འབྲས་བཟང་སྨིན།

༢.jpg

ཡངས་པའི་ཞིང་ཐང་དབུས་ཆགས་པའི་གྲོང་ཚོ་གསར་པའི་རྣམ་པས་ཀུན་གྱི་ཡིད་དབང་འཕྲོག

དྲིན་ཆེན་ཨ་མ་ཨོ་ཤེས། བུ་མོ་མི་ལ་མ་སྟེར། གལ་སྲིད་སྟེར་དགོས་བྱུང་ན། ལ་མོའི་རྒྱབ་ལ་མ་སྟེར། ཞེས་པའི་གཙང་ཡུལ་ལ་སྟོད་ཁུལ་གྱི་སྙན་འཇེབས་ལྡན་པའི་དམངས་གཞས་དུམ་བུ་དེའི་གཞས་ཚིག་ཁོ་ནས། མི་རྣམས་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དྲག་པོ་ཞིག་རང་བཞིན་ངང་སྦྱིན་ཡོང་བ་རེད། ཡིན་ནའང་མི་རྣམས་ཀྱིས་དམངས་གཞས་དེ་ཡུལ་གང་ཞིག་ཏུ་རང་བཞིན་ངང་གྲུབ་པའམ་ཡང་ན་དམངས་གཞས་དེ་དར་སའི་ཡུལ་ལུང་གང་དེའི་ཆགས་ཚུལ་ཡང་སྙིང་ཇི་ལྟར་ཞིག་ཡིན་པ་ནི་སུ་ལའང་ཁ་མཚོན་གཅོད་ཐུབ་པའི་གདེང་ཚོད་མེད། མ་མཐར་ཡང་འཚོ་བ་དངོས་ནང་ཉམས་ལེན་ཞིག་མེད་ན། དུས་ཚོད་ཀྱིས་ཉམས་སད་ཐེག་ཅིང་སྐྱེས་ཕོ་མོ་ཀུན་གྱིས་ཅི་དགར་ལེན་ཐུབ་པའི་དམངས་གཞས་དེ་གྲུབ་ཐུབ་པའི་མཐུན་རྐྱེན་ཞིག་འཛོམས་མེད།

དེ་ལྟར་ན་ང་ཚོས་དམངས་གཞས་དར་ཁྱབ་ཤིན་ཏུ་ཆེ་ཞིང་སྟོད་གཞས་ཀྱི་ཕ་ཡུལ་དུ་འབོད་པའི་བོད་ལྗོངས་ལྷ་རྩེ་རྫོང་ཁོངས་བཀྲ་ཤིས་སྒང་ཤང་སུལ་གྲོང་ཚོའི་སྔར་སོང་གི་སྐྱིད་སྡུག་ཇི་འདྲ་ཞིག་ཡིན་པ་དང་། ད་ལམ་ལོ་ཤས་རིང་སྤྱི་ཚོགས་ཧྲིལ་པོའི་འབྱོར་འཁོས་ཀྱི་མཐུན་རྐྱེན་འོག་ཏུ་གྲོང་ཚོ་ཆུང་ངུ་དེའི་དུད་ཚང་དབུལ་པོ་16ཚང་མ་ཕ་གཞིས་རྙིང་པའི་རི་སུལ་སྐམ་པོ་དེ་ནས་ཐར་ཏེ་དབུལ་བཅོས་ཕྱུག་འགྱུར་གྱི་ལམ་བུ་གསར་པའི་ཐོག་ཏུ་གོམ་པ་སྤོས་ཟིན་པའི་དོན་དངོས་ཀྱི་གནས་ཚུལ་འདི་ལ་རྒྱུས་མངའ་ལོན་རྒྱུ་ནི། རང་བྱུང་ཆ་རྐྱེན་དང་འཚོ་བའམ་ཐོན་སྐྱེད་གང་ཅིར་གནས་སྐབས་དཀའ་ངལ་འཕྲད་པའི་ཞིང་འབྲོག་མང་ཚོགས་ལ་མཚོན་ན། སྐྱོ་གླུའི་དབྱངས་རྟ་རིང་པོ་ཞིག་ལེན་དགོས་མེད་པར་སེམས་ཁོང་དུ་ཡིད་ཆེས་དང་གདེང་ཚོད་ཁེངས་ཐུབ་པའི་བློ་ཁོག་ཅིག་ཅིས་ནས་ཀྱང་སྐྱེ་སྲིད།

2011ལོ་ནི་ཁ་རྒྱུན་དུ་ལུང་པ་སྤུ་མེད་ཅེས་འབོད་པའི་སུལ་གྲོང་ཚོའི་ངོས་ནས་བརྗོད་ན། སྔོན་ཆད་ཕྱི་རོལ་ཡུལ་དང་འབྲེལ་ཐག་ཆད་ཅིང་གོ་རྒྱུ་ཚོར་རྒྱུ་མེད་པ་ལྟ་བུའི་རི་སུལ་གྱི་ལུང་ཆུང་དེར་གཏམ་བཟང་གཅིག་རྗེས་གཉིས་མཐུད་ངང་ཁྱབ་པའི་ལོ་ཞིག་རེད། ལོ་དེར་བོད་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་དགོས་པའི་འབོད་སྐུལ་ལ་བརྡ་ལན་ཞུས་ཏེ། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་པའི་ལས་དོན་རུ་ཁག་མངགས་གཏོང་བྱས་ནས། གྲོང་ཚོ་དེའི་རྗེས་ལུས་ཀྱི་རྣམ་པར་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་དབུལ་བཅོས་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་དངོས་སུ་འཚོལ་འགོ་ཚུགས་པའི་སྐལ་པ་བཟང་པོའི་དུས་ཤིག་སླར་ཡང་ཤར་བ་རེད། ལོ་དེ་ནས་རྩིས་པའི་ད་བར་གྱི་དུས་ཚོད་རིང་གསར་འགོད་པས་སྔ་རྟིང་དུ་སུལ་གྲོང་ཚོ་རྙིང་པ་དང་གསར་པ་གཉིས་པོར་ཐེངས་གྲངས་དྲུག་ཙམ་བསྐྱོད་དེ་གསར་འགྱུར་གཏོང་སྤེལ་བྱེད་པའི་ཞོར་ལ་ད་དུང་གྲོང་ཚོ་ཆུང་ངུ་དེའི་གོང་འཕེལ་དང་བདེ་སྐྱིད་ཀྱི་འཚོ་བ་གསར་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།

2011ལོའི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་ངལ་གསོ་ཉིན་གསུམ་རིང་། གསར་འགོད་པས་གློག་ཀླད་དང་པར་ཆས་རྒྱབ་ཏུ་ཁུར་ནས་གཅིག་པུར་གྲོང་ཚོའི་དེའི་ཕྱོགས་སུ་བསྐྱོད་ཅིང་། དུས་ཡུན་ཉིན་གསུམ་རིང་རང་བྱུང་ཁོར་ཡུག་སོགས་ཀྱི་ཆ་རྐྱེན་ཞན་པའི་གྲོང་ཚོ་ཆུང་ངུ་དེའི་བདེ་སྡུག་ལ་རྒྱུས་མངའ་ཡོངས་སུ་ལོན་པར་བྱས། ལྷུང་ལྷུང་དུ་བཞུར་བའི་ཆུ་བོ་ཡར་ཆབ་གཙང་པོ་དེ་སུལ་གྲོང་ཚོའི་མདའ་ནས་བྱང་ཤར་གྱི་ཕྱོགས་སུ་བར་མེད་རྒྱུག་ནས་འགྲོ་ལ། གཙང་པོའི་ཕར་ཕྱོགས་དེ་ན་དངུལ་ཆུ་དབྱངས་ཅན་གྲུབ་པ་རྡོ་རྗེས་བོད་ཀྱི་བརྡ་སྤྲོད་ལེགས་བཤད་ལྗོན་པའི་དབང་པོ་བརྩམས་སའི་དངུལ་ཆུའི་རི་ཁྲོད་ཆགས་ཡོད། ཡིན་ནའང་སུལ་གྲོང་ཚོར་མ་ཡུམ་གཙང་པོ་དང་རི་ཁྲོད་དེ་གཉིས་ལྟར་གྱི་མིང་གྲགས་ཅི་ཡང་མེད་ལ། ཐ་ན་རི་སུལ་དེའི་ནང་དུ་གྲོང་ཚོ་ཞིག་ཆགས་ཡོད་མིན་ཕྱི་རོལ་གྱི་མི་ཚོས་ཧ་ཅང་རྟོགས་པར་དཀའ། སུལ་གྲོང་ཚོ་ནི་ལ་སྟོད་ལྷ་རྩེའི་ཡུལ་ལུང་སྤྱི་དང་འདྲ་བར་བོད་ཀྱི་ལོ་རྒྱུས་ཐོག་སོ་ནམ་གྱི་ཤེས་དཔལ་དར་སྔ་བའི་ཡུལ་ཕྱོགས་ཤིག་ཡིན་ལ། བཀྲ་ཤིས་སྒང་ཤང་ཁོངས་སྲིད་འཛིན་གྲོང་ཚོ་12ཁྲོད་ཀྱི་ཞིང་འབྲོག་ཐོན་སྐྱེད་མཉམ་གཉེར་བྱེད་པའི་ས་མ་འབྲོག་གི་གྲོང་ཚོ་ཞིག་རེད།

སྐབས་དེ་དུས་གྲོང་ཚོ་ཧྲིལ་པོར་ཐེམ་དུད་16 དང་མི་གྲངས་147ཙམ་ཡོད་ནའང་ཁོང་ཚོར་དབང་བའི་ས་ཁྱོན་སྤྱི་ལེ་ངོས་གྲུ་9.1ཙམ་དེ་ནི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4250རུ་ཆགས་པ་དང་། ས་ཞིང་རྒྱ་ཁྱོན་མུའུ་260.16ཡོད་པ་ཚང་མ་ས་བབ་མཐོ་བའི་རི་མ་ཐང་དུ་གནས་པས། ཁོང་ཚོའི་ཞིང་ལས་ནི་རྩ་བའི་ཆར་ཕྱེད་གནམ་ཆུར་བརྟེན་ནས་འདེབས་ལས་བྱེད་བཞིན་ཡོད་སྟབས་ཆ་སྙོམས་ས་ཞིང་མུའུ་རེ་ནས་འབྲུ་རིགས་རྒྱ་མ་280—350བར་ལས་ཐོན་མི་ཐུབ། རང་བྱུང་གི་རྩྭ་རའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་6ཙམ་ཡོད་པ་དེའང་སྐམ་ཤས་ཆེ་བས་བྱེ་སར་གྱུར་ལ་ཁད་དུ་གནས་སྟབས་གྲོང་ཚོ་ཧྲིལ་པོའི་ལག་ཡོད་ཕྱུགས་རིགས་ཆེ་ཆུང་མགོ་གྲངས་1085ཙམ་ནི་ཤ་ཤེད་རྒྱས་པའི་གོ་སྐབས་ཤིན་ཏུ་དཀོན། 2011ལོའི་སྐབས་སུ་གྲོང་ཚོ་ཧྲིལ་པོར་ས་ཆུ་ཤོར་བའི་ཤུལ་གྱི་གྲོག་ཤུར་ཆེ་ཆུང་མི་འདྲ་བ་ཁག་300ཙམ་གྱིས་མཐའ་བསྐོར་ནས་ཡོད། ཆུ་བོ་ཡར་ཆབ་གཙང་པོའི་ཚུར་ངོགས་ནས་གྲོང་ཚོའི་རི་སུལ་ཕྱོགས་སུ་འཐེན་པའི་ལམ་ཆུང་དེ་ནི་སུལ་གྱི་མང་ཚོགས་རྣམས་ཕྱི་རོལ་ཡུལ་ལུང་དང་འབྲེལ་བ་བྱེད་པར་མཁོ་བའི་བཞུད་ལམ་གཅིག་པུ་དེ་ཡིན་མོད། ལོ་ལྟར་གྱི་ཆར་ཞོད་ཚུགས་པ་དང་རི་སུལ་ནང་གི་ལམ་ཆུང་དེ་ཕུ་ཆུས་ཤུལ་ཙམ་ཡང་མེད་པར་དེད་ནས་ཅི་བྱ་ལྟོས་བྲལ་གྱི་གནས་སུ་ལྷུང་བ་ནི་རྒྱུན་ལྟོ་ལྟ་བུར་གྱུར།

བཅར་འདྲི་ཞུ་རིང་། གསར་འགོད་པས་གྲོང་ཚོའི་ཕྱི་རོལ་ལ་ཉམས་ཞིབ་བྱེད་པར་བསྐྱོད་སྐབས། མཐའ་འཁོར་ན་ཆགས་པའི་ཞིང་ཁ་དང་ཆུ་ཡུར། ལམ་ཆུང་གི་གཡས་གཡོན་ཚང་མ་ཆུ་རགས་ཀྱིས་བསྐོར་ནས་ཡོད་ཅིང་། དེ་ནི་སུལ་གྲོང་ཚོའི་ཕ་ཚ་བུ་རྒྱུད་ཀྱི་མི་ཚོས་རང་བྱུང་ཁམས་དང་ས་འཐབ་གནམ་འཛིང་བྱས་པའི་དཔང་རྟགས་ཤིག་ཅིས་ནས་མ་ཡིན། ད་དུང་ལུང་མོ་ཆེ་ཞེས་པའི་གྲོང་ཚོའི་ཕུ་ཕྱོགས་ཀྱི་གྲོག་ཤུར་དེའི་ནང་དུ་ལོ་གཅིག་དུས་བཞིར་མ་སྐམ་ཙམ་དུ་འཕྱུར་ཡོང་བའི་ཆུ་མིག་ཅིག་ཡོད་པ་དེ་ནས་འགོ་བཙུགས་ཏེ། ཡུལ་མི་ཚོས་བར་ཐག་སྤྱི་ཁྲེ་བརྒྱ་ཕྲག་ཁ་ཤས་ཟིན་པའི་ཆུ་ཡུར་ཞིག་བྲུས། ཆུ་ཡུར་དེའི་མཐིལ་དང་ངོས་སུ་རྡོ་བཅལ་བཏིང་། དེའི་ཁ་ལ་སླར་ཡང་རྡོ་ལེབ་དང་ས་རྡོ་བཀབ་སྟེ། ས་འོག་ནས་མི་མངོན་པའི་དྭངས་གཙང་གི་ཕུ་ཆུ་ཕྲ་མོ་ཞིག་གྲོང་ཚོའི་གཤམ་འོག་བར་དུ་རྒྱུག་བཞིན་མི་ཕྱུགས་ཀུན་གྱི་སྐོམ་གསོས་བདུད་རྩིར་གྱུར་བ་བྱས། དེས་མ་ཚད་ས་བབ་སྒང་གཤོངས་ཀྱི་མཐོ་དམན་དང་བསྟུན་ནས་ཆུ་རྫིང་བསྐྲུན་ཏེ་ཕུ་ཆུ་རྣམས་མདའ་ཡི་ས་ཞིང་དང་ཆུ་འཁོར་དུ་དྲངས། དེའི་སྐབས་སུལ་གྱི་གྲོང་ཚོ་ཆུང་ངུ་དེ་ནས་གསར་འགོད་པར་ལས་ལ་བརྩོན་ཞིང་ཤེས་རབ་ལྡན་པའི་ངལ་རྩོལ་མི་དམངས་ཀྱི་རང་གཤིས་ལྷད་མེད་དེ་མངོན་བྱུང་ལ། ཡང་གཅིག་བསམ་དུས་རང་བྱུང་ཆ་རྐྱེན་བཟང་བའི་ཡུལ་ལུང་ཞིག་ཡིན་ན། ངལ་ནུས་ལྷག་མ་རྣམས་སེམས་ཁྲལ་ཅི་ཡང་མེད་པར་ཕྱོགས་ལ་ཡོང་འབབ་གང་མང་གསོག་པར་བསྐྱོད་པའི་དུས་ཚོད་རེད་ཨང་།

སུལ་གྲོང་ཚོ་དེ་རྒྱལ་ཁམས་ཡུལ་ལུང་སྤྱི་དང་འདྲ་བར་གནམ་སའི་བར་དུ་གཅིག་མཚུངས་སུ་གནས་ཀྱང་གནམ་རྒན་མའི་མནར་གཅོད་ལ་བཏང་སྙོམས་མེད་དེ། ཐན་སྐྱོན། ཞོད་སྐྱོན། སེར་སྐྱོན། སད་སྐྱོན། འབུ་སྐྱོན། དེ་བཞིན་ཆེས་ཉུང་ཡང་གནོད་ཚབས་ཆེ་བའི་ས་ཡོམ་དང་འདམ་རུད་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་ཚང་མའི་གེགས་བར་འཕྲད་བཞིན་ཡོད། གྲོང་ཚོ་ཆགས་ཡུལ་གྱི་ས་བབ་ཁོར་ཡུག་དང་། རང་བྱུང་ཐོན་ཁུངས། ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་སོགས་ཕྱོགས་བསྡུས་རྒྱུ་རྐྱེན་གྱིས། གྲོང་ཚོ་ཧྲིལ་པོའི་སྤྱིའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་དེ་བཀྲ་ཤིས་སྒང་ཤང་ཙམ་མ་ཟད་ལྷ་རྩེ་རྫོང་ཧྲིལ་པོའི་ཆེས་མཐའ་མཇུག་གི་གྲལ་དུ་ལུས་ཡོད་པ་རེད། ཡིན་ནའང་དཀའ་སྤྱད་འཁུར་དུ་བཟོད་ཅིང་སྡུག་བསྲན་འཁྱོག་པའི་སུལ་གྲོང་ཚོའི་རྒན་རབས་རྣམས་ནི་རང་ཡུལ་གྱི་ས་གཞི་དང་ནམ་མཁའ། དེ་བས་པང་གདན་གྱི་རྒྱ་ཁྱོན་ཙམ་ལས་མེད་པའི་སྔོ་ཁེབས་དང་མེ་ཡོག་གི་སྦོམ་ཕྲ་ཙམ་པའི་ལྗོན་ཤིང་ལ་ཡང་བརྩེ་བ་བཅངས་མཁན་ཞིག་ཡིན་ལ་ཁོང་ཚོའི་འདོད་ཆུང་ཆོག་ཤེས་ཀྱི་བསམ་བློའི་འཆིང་རྒྱ་ཡི་ཤུགས་རྐྱེན་དེས་མི་རབས་རྗེས་ཚོའི་ལ་རྒྱ་དང་སྤོབས་སེམས་ཀྱི་མྱུ་གུ་དེ་སྐྱེ་འཚར་འགོར་བའི་གནས་སྐབས་སུ་ལུས་བཞིན་ཡོད།

ལོ་མང་རིང་ལྷ་རྩེ་རྫོང་གིས་ཡུལ་ཕྱོགས་གཞན་དང་བསྡུར་ན་རྫོང་དེ་ཁོངས་སུ་དབུལ་ཁུལ་བལྟོས་བཅས་ཀྱིས་ཁྱབ་ཆེ་བ་དང་རི་ཁུག་གྲོང་ཚོ་མང་བ་སོགས་ཀྱི་དོན་དངོས་གནས་ཚུལ་མདུན་དུ། སུལ་གྲོང་ཚོ་དུས་ཐུང་ནང་སྔར་གྱི་ས་ཆ་རང་སོར་དབུལ་བཅོས་ཕྱུག་འགྱུར་བྱེད་རྒྱུ་ནི་དོན་དངོས་དང་མཐུན་ཐབས་མེད་པ་ཞིག་ཡིན་པས་གནས་སྤོ་བྱེད་ཐབས་འཚམ་ཤོས་ཤིག་འཚོལ་ཞིབ་བྱས་མོད། མ་དངུལ་གྱི་དཀའ་ངལ་འཕྲད་ནས་ལག་བསྟར་མ་ཐུབ་པར་ལུས། སུལ་གྲོང་ཚོ་ནི་སྐབས་དེ་དུས་བོད་རང་སྐྱོངས་ལྗོངས་ཀྱི་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱི་དབུལ་སྐྱོར་འབྲེལ་གཏུག་བྱ་ཡུལ་ཡིན་པ་དང་། 2011ལོར་ཁོང་གིས་གྲོང་ཚོ་དེར་ཕེབས་ནས་དམངས་འཚོ་དང་དམངས་སེམས་སྦྲེལ་ཡོད། དམངས་འཚོ་ནི་ཞི་མཐུན་དང་འབྲེལ་བ་ཡོད། དམངས་འཚོའི་གནད་དོན་ཐག་གཅོད་བྱེད་པའི་གཙོ་གནད་ཁྱབ་ཁོངས་ནི་ཞིང་འབྲོག་ཁུལ་ཡིན་ལ་གཙོ་གནད་ལས་དོན་ནི་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་རྒྱུ་དེ་ཡིན་པས། རིམ་ཁག་ལས་བྱེད་པ་ཚོས་ཏན་ཏིག་ངང་དམངས་འཚོར་འགན་ལེན་དང་ལེགས་བཅོས་གཏོང་དགོས་པའི་བླང་བྱ་གཞིར་བཟུང་ནན་ཏན་ངང་ལས་དོན་ཁག་ལེགས་སྒྲུབ་བྱེད་དགོས་ཞེས་པའི་བཀའ་མངགས་གནང་བ་མ་ཟད། སུལ་གྲོང་ཚོའི་དཀའ་ངལ་གྱི་གནད་དོན་ཡོངས་སུ་ཐག་གཅོད་བྱེད་པར། ངེས་པར་དུ་ཁྱོན་ཡོངས་ཆ་ཚང་བའི་འཆར་འགོད་ཅིག་དགོས་ལ། ངེས་པར་དུ་མཐུན་སྦྱོར་ལེགས་པོ་དང་ཚད་ལྡན་གྱི་རིགས་པས་ཁུངས་སྐྱེལ་བྱས་ཏེ་འཆར་འགོད་ལེགས་པོ་དང་ཕྱོགས་ཁག་གི་མ་དངུལ་ཕན་ཡོད་ངང་རུབ་བསྡུས་བྱས་ནས་ལས་དོན་ཏན་ཏིག་སྤེལ་དགོས་ཞེས་གསུངས་པས་མ་ཚད་ཁོང་ངོ་མས་མཐུན་སྦྱོར་ལྟ་སྐུལ་དང་། རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པ་བརྒྱུད་སུལ་གྲོང་ཚོ་ཆ་ཚང་བཀྲ་ཤིས་སྒང་ཤང་ཁོངས་ཀྱི་རྟ་དམག་ཐང་དུ་གནས་སྤོ་བྱེད་འགོ་ཚུགས་པ་རེད།

སུལ་གྲོང་ཚོ་གནས་སྤོ་བྱས་ནས་ད་བར་ལོ་ལྔ་ཡུད་ཙམ་ལ་སོང་བ་དང་། ད་ལོའི་སྤྱི་ཟླ་བཞི་པའི་ཟླ་དཀྱིལ་དུ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་པད་མ་འཕྲིན་ལས་སླར་ཡང་སུལ་གྲོང་ཚོར་ཕེབས་ནས་དབུལ་སྐྱོར་གནས་སྤོའི་གནས་ཚུལ་བརྟག་ཞིབ་གནང་བ་རེད། ཁོང་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་གྱིས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་རྩ་བའི་ཇུས་ཆེན་མཐའ་འཁྱོངས་བཅས་བྱས་ཏེ“གནད་སྨིན”དང“དངོས་ཕན”ཐད་འབད་བརྩོན་བྱས་ནས་དུས་སྐབས་གསར་པའི་དབུལ་སྐྱོར་འགག་སྒྲོལ་ལས་དོན་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་ཞེས་ནན་བཤད་གནང་བ་རེད།

ལོ་5འདས་རྗེས་གནས་སྤོ་བྱས་པའི་སུལ་གྲོང་ཚོ་གསར་པར་བསྐྱོད་སྐབས། ཡར་ཆབ་གཙང་པོའི་ངོགས་ཀྱི་འདམ་རའི་ནང་ཁྲུང་ཁྲུང་སྐེ་ནག་བདེ་བདེ་ལྷོད་ལྷོད་ངང་གནས་ཤིང་། འདམ་རའི་ཚུར་ངོས་ཀྱི་སུལ་གྲོང་ཚོ་གསར་པའི་འགྲོ་ལམ་ཁོད་སྙོམས་ལ་ཤར་གཏོང་ཐུབ་པ་དང་། གྲོང་མིའི་ཁང་པ་རྒྱ་ཆེ་ལ་བཀོད་པ་གཙང་བ། སྒྲིག་ཆས་ཆ་ཚང་བ་བཅས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། དེ་སྔོན་ལོ་40ལྷག་ཙམ་སུལ་གྲོང་ཚོར་འགན་ཁུར་མྱོང་བའི་རྒད་པོ་ལྷག་པས་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་མྱོང་ཚོར་ཟབ་མོ་ཐུབ་ཡོད། ཁོང་གིས་པད་མ་འཕྲིན་ལས་ལ“རིམ་ཁག་ཕྱོགས་ཚང་མའི་ཕྱར་བ་གྲུ་འདེགས་ཀྱི་ཐུགས་ཁུར་འོག་གྲོང་ཚོ་གནས་སྤོ་བྱས་རྗེས་གྲོང་མིའི་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་ཕྱིན་པ་དང་ཆ་རྐྱེན་དེ་བས་ལེགས་སུ་ཕྱིན་ཡོད་པ་མ་ཟད། དེ་སྔའི་ཐོག་དཔངས་དམའ་ལ་མུན་པ་ནག་པའི་ས་ཕག་ཁང་པ་དེ་ད་ཆ་དཀར་ཆ་དོད་ལ་རྒྱ་ཆེ་བའི་བོད་བཟོའི་སྒོ་ར་ཡོད་པ་ཞིག་ཏུ་གྱུར་ཡོད། ང་ཚོ་རི་ཁུག་ནས་སྤོས་པའི་གྲོང་མིའི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད། ད་ཆ་སུལ་གྲོང་ཚོའི་རྨོ་ཞིང་རྒྱ་ཁྱོན་མུའུ་524.5ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་བཞི་འཕར་ཡོད་པའི་དོན་དངོས་ལས་རང་ཡུལ་གྱིས་རང་མི་གསོ་མི་ཐུབ་པའི་ཡུལ་ནས་གནས་སྤོས་དབུལ་སྐྱོར་བྱས་པ་དེ་ཡང་དག་པ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད”ཅེས་ཞུས་པ་རེད།

སུལ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་ཕུར་བུས་པད་མ་འཕྲིན་ལས་ལ“སྤོ་ཐུབ་པ་དང་གནས་ཐུབ་པ་བྱེད་པར་གྲོང་མིའི་དཔལ་འབྱོར་ཡོང་ཁུངས་ཐག་གཅོད་ཡག་པོ་བྱས་ཚེ་གནས་སྤོ་བྱས་པའི་གྲོང་མི་རྣམས་གཞི་ནས་བློ་བདེ་པོའི་ངང་འཚོ་བ་སྐྱེལ་ཐུབ། དབུལ་སྒྲོལ་ཡོང་བ་དེ་ང་ཚོའི་དུས་མཚམས་གཅིག་གི་དམིགས་ཚད་ཡིན། ཕྱུག་འགྱུར་ཡོང་བ་དེ་རྩ་བའི་དམིགས་ཡུལ་ཡང་ཡིན། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རང་ངོས་ཀྱི་ལེགས་ཆ་སྤྱད་དེ་གྲོང་ཚོར་གཞི་རིམ་ཚན་རྩལ་ཁྱབ་གདལ་བྱ་སྤྱོད་འཆར་གཞིའི་རྣམ་གྲངས་ལག་བསྟར་བྱས་ཏེ་འདི་ལོ་བཞོན་མ་གསོ་ཚགས་རྟེན་གཞི་བསྐྲུན་རྒྱུ་དང་། ལུག་དུས་ཐུང་སྡོམ་གསོའི་རྣམ་གྲངས་ལག་བསྟར་བྱས་ནས་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་གཏོང་རྒྱུ་དང་། གནས་སྤོ་བྱས་ཚུན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་མིའི་སྣེ་ཁྲིད་དེ་ཤིང་འཛུགས་ནགས་གསོ་མུའུ་400ཙམ་བྱས་པ་དེར་ལོ་5ལྷག་ཙམ་རིང་བདག་སྐྱོང་བྱས་པ་བརྒྱུད། འདི་ལོ་གྲོང་ཚོའི་སྡོང་ཕྲུག་ལས་ཡོང་འབབ་སྒོར་ཁྲི་10བྱུང་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཤིང་འཛུགས་ནགས་གསོ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། དུད་ཚང་དབུལ་པོ་ཤིང་འཛུགས་དང་བདག་སྐྱོང་ལས་དོན་ནང་ཞུགས་སུ་བཅུག་ནས་དུད་ཚང་དབུལ་པོ་དང་ཐོན་ལས་མ་ལག་སྦྲེལ་འདྲེས་ཟབ་མོ་ཡོང་རྒྱུར་སྐུལ་འདེད་གཏོང་བར་ནགས་ལས་ཁ་གསབ་ཀྱི་ཡོང་འབབ་ཐོབ་པའི་ཞོར་ལ་ལས་གཏོད་ནང་ཞུགས་ནས་ཡོང་འབབ་མང་དུ་གཏོང་བ་དང་རིམ་བཞིན་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན”ཞེས་ཞུས་པ་རེད།

པད་མ་འཕྲིན་ལས་ཀྱིས་གྲོང་ཚོའི་མང་ཚོགས་དང་བཅའ་སྡོད་ལས་བྱེད་པའི་སྙན་ཞུ་གསན་རྗེས།“སུལ་གྲོང་ཚོ་དེ་སྔོན་ཆད་སྐད་གྲགས་ཆོད་པའི་དབུལ་པོའི་གྲོང་ཚོ་ཡིན་པ་དང་། དབུལ་སྐྱོར་གནས་སྤོ་བྱས་པ་བརྒྱུད། གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ལ། གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རང་ངོས་ཀྱི་ལེགས་ཆ་ཧུར་ཐག་བཏོན་ནས། ཧུར་བརྩོན་ཆེན་པོས་མང་ཚོགས་སྣེ་ཁྲིད་ཀྱིས་ཁྱིམ་དར་ཕྱུག་འགྱུར་ཡོང་བ་བྱས་པ་མ་ཟད། མང་ཚོགས་ལ་འབབ་འཕར་ཡོང་རྒྱུ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་སོགས་ཀྱི་ཐད་ལ་ལས་དོན་འབོར་ཆེན་བསྒྲུབས་ཡོད། སླད་ཕྱིན་གྱི་ལས་དོན་ཁྲོད་ངེས་པར་དུ་སུལ་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་གྱིས་ཚན་རིག་ལ་བརྟེན་ནས་རིགས་པས་ཁུངས་སྐྱེལ་གྱིས་བདེ་འཇགས་འཐུང་ཆུ་དང་། ས་ཆ་གསར་སྤེལ། བྱེ་འགོག་བྱེ་བཅོས་སོགས་ཀྱི་རྣམ་གྲངས་འཆར་འགོད་ཡག་པོ་བྱས་ཏེ། མུ་མཐུད་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་དང་སྐྱས་སྤོས་རྩྭ་གསོར་དམ་འཛིན་གྱིས་སུལ་གྲོང་ཚོའི་ཆ་རྐྱེན་ལ་རྦད་དེ་འགྱུར་ལྡོག་གཏོང་དགོས་པ་དང་དུས་མཚུངས། མི་རབས་རྗེས་མའི་སློབ་གསོའི་ལས་ཀར་སྣང་ཆེན་བྱས་ཏེ་ཁོང་ཚོའི་རིག་སྟོབས་དང་། སྤྱི་ཚོགས་ཀྱི་སྤེལ་རེས་ནུས་པ། རིན་ཐང་ལྟ་བ། རང་ངོས་ཀྱི་འདུ་ཤེས་བཅས་ཡར་རྒྱས་ལ་སྐུལ་འདེད་ཀྱིས་ཀུན་སྤྱོད་དང་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་པ་བྱས་ཏེ། མི་རབས་རྗེས་མ་རྣམས་ཁྱོན་ཡོངས་ནས་འཆམ་མཐུན་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་བརྩེ་བ་ཟབ་མོས་གསུངས།

མཚམས་འདིར་གསར་འགོད་པའི་དྲན་པའི་ངོས་སུ། ཤར་ཕྱོཌ་སྤྲིན་བཟང་དཀར་པོ། རྒྱབ་པའི་ལྷན་པ་མ་རེད། ཉི་མ་སྤྲིན་པའི་འོག་ནས། དྭངས་པའི་དུས་ཤིག་ཤར་ཡོང་ཞེས་པའི་བོད་ཀྱི་དམངས་གཞས་དེ་ལྷང་ངེར་དྲན་འོང་། དེང་གི་ཆར་སུལ་གྲོང་ཚོའི་མང་ཚོཌ་ཚོས་ཕ་གཞིས་རྙིང་པའི་རི་སུལ་གྱི་ས་ཞིང་དང་རྩྭ་ར་སོཌ་ལུཌ་མཐུན་འོས་འཚམ་ངང་བདག་སྐྱོང་བྱེད་པའི་ཞོར་ལ། གནས་སྤོས་བྱས་པའི་གྲོང་ཚོ་གསར་པར་ཞིང་འབྲོག་ཐོན་སྐྱེད་ཀྱི་ཚ་རླབས་འཕྱུར་བ་བྱས་པ་མ་ཟད་སྣུམ་ཞག་འཁྱིལ་བའི་འཚོ་བ་གསར་པ་ཞིག་ལ་རོལ་འགོ་ཚུཌ་པ་རེད།།

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།