ཀྲུང་གོ་བོད་ཀྱི་དྲ་བ།

མཐོ་འབྲིང་བོད་སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་སྐོར་རགས་ཙམ་གླེང་བ།

ཡོང་ཁུངས། : ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་པ་པོ། : བསོད་ནམས་བདེ་སྐྱིད་ཆེ་བ།   སྤེལ་དུས། : 2016-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། སློབ་ཁྲིད་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་གྱི་གོ་དོན་དང་དེའི་དབྱེ་བའི་སྐོར།

གཅིག སློབ་ཁྲིད་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་གྱི་གོ་དོན།

དེ་ཡང་ཐོག་མར་སྐད་ཆའི་སྒྱུ་རྩལ་ཞེས་པ་ནི་སྐད་ཆའི་ནུས་པར་རམ་འདེགས་དང་སྐད་ཆའི་བྲོ་བར་འཚོ་བཅུད་སྣོན་པའི་རིག་པ་ཞིག་སྟེ། སྐད་ཆའི་སྒྱུ་རྩལ་གྱིས་སྐད་ཆའི་ནུས་པའམ་མཚོན་བྱེད་ཀྱི་ནུས་པར་གསོན་ཤུགས་སྦྱིན་ནུས། དཔེར་ན་རྗོད་བྱེད་ཁ་ཇེ་གསལ་དང་གསོན་ཉམས་ཇེ་དོད་སོགས་ལ་ནུས་པ་ཐོན་ནས་ཉན་པ་པོར་སྙན་ཞིང་ཉམས་མཚར་བའི་སྐད་ཆའི་བྲོ་བ་སྣ་ཚོགས་སྦྱིན་པའི་ཐབས་མཆོག་ཅིག་ཡིན། དེ་ཡང་དགེ་རྒན་གྱི་སྐད་ཆའི་སྒྱུ་རྩལ་ནི་ཆེས་འགག་རྩ་ཞིག་ཡིན་སྙམ་སྟེ། དགེ་རྒན་གྱི་སྐད་ཆའི་སྒྱུ་རྩལ་ནི་ཆེས་མཁས་སྙན་གྱི་སྐད་ཆའི་ཐབས་ལམ་ལ་བརྟེན་ནས་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་བ་ཞིག་དང་ཤེས་ལྡན་པའི་འཇོན་ནུས་ཀྱི་ཐབས་རྩལ་གསོ་སྐྱོང་བྱེད་པ་ཞིག་ཡིན། དེ་ལ་ཡང་མི་རིགས་ཐུན་མོང་གི་སྐད་ཆའི་སྒྱུ་རྩལ་ཕུད་དགེ་རྒན་གྱི་དམིགས་བསལ་རང་བཞིན་ལྡན་པའི་སྐད་ཆའི་སྒྱུ་རྩལ་ཡང་ཚུད་ཡོད། སྐད་ཆར་ཡང་རིགས་མི་འདྲ་བའི་རྣམ་པ་གཉིས་ཏེ་ངག་ཐོག་སྐད་ཆ་དང་ཡིག་ཐོག་སྐད་ཆ་ཡིན། དགེ་བའི་བཤེས་གཉེན་གྱིས་ཕྱི་རབས་པ་ཚོར་ཤེས་བྱ་བརྒྱུད་སྤྲོད་བྱེད་སྐབས་སྐད་དང་ཡི་གེ་གཉིས་ཀའི་སྒྱུ་རྩལ་ལ་བརྟེན་ནས་སློབ་ཁྲིད་བྱེད་དགོས་པས། དགེ་རྒན་གྱི་ཚན་རིག་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱི་སྐད་ཆས་སློབ་མའི་རྒྱུད་ལ་ཤེས་ཡོན་དང་སྤྱོད་བཟང་འཇགས་པར་དམིགས་བསལ་གྱི་ནུས་པ་ཐོན་སྲིད། དེར་བརྟེན་དགེ་རྒན་གྱིས་ངེས་པར་དུ་ཚད་ལྡན་གྱི་སྐད་ཆ་ཤོད་རྒྱུ་དང་ཡང་དག་པའི་སྐད་ཆ་ཤོད་དགོས་པ་མ་ཟད། སློབ་གསོ་སློབ་ཁྲིད་སྐབས་ཀྱི་སྐད་ཆའི་སྒྱུ་རྩལ་ལ་ངེས་པར་དུ་སྣང་འཇོག་བྱེད་དགོས།

གཉིས། སློབ་ཁྲིད་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་གྱི་དབྱེ་བ།

ང་ཚོས་སྐད་ཆ་གང་འདྲ་ཞིག་བཤད་པ་དང་། ལྷག་པར་དུ་དགེ་རྒན་གྱིས་སློབ་མར་སློབ་ཁྲིད་བྱེད་སྐབས་བཤད་པའི་སྐད་ཆར་སྒྱུ་རྩལ་གྱི་ཉམས་དང་ལྡན་ཕྱིན་དེའི་ཉན་པ་པོའམ་སློབ་མ་རྣམས་ལ་ཐོན་པའི་ནུས་པ་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པས་སྐད་ཆའི་སྒྱུ་རྩལ་ལ་དབྱེ་བ་མི་ཉུང་བ་ཞིག་ཡོད་དེ།

སྐད་ཆའི་བསྡུས་བརྗོད་ཀྱི་སྒྱུ་རྩལ།

སྐད་ཆའི་བསྡུས་བརྗོད་ཀྱི་སྒྱུ་རྩལ་ཞེས་པ་ནི་སྐད་ཆའི་ཚིག་འབྲུ་ཉུང་ཤས་ལས་མེད་ཀྱང་དེའི་བརྗོད་བྱའི་ནང་དོན་རྡོག་གཅིག་གིས་ཉན་པ་པོའི་རྣ་བར་འཇུག་ཐུབ་པ་བྱ་རྒྱུ་དེ་སྐད་ཆ་སྤྱི་ཡོངས་ལ་ཚང་དགོས་པའི་སྒྱུ་རྩལ་ཞིག་ཡིན་ལ་བོད་ཡིག་སློབ་ཁྲིད་ལ་ཡོད་དགོས་པའི་སྒྱུ་རྩལ་ཞིག་ཀྱང་ཡིན། བོད་ཡིག་སློབ་ཁྲིད་ལ་ཡོད་ངེས་པའི་སྐད་ཆ་ཧ་ཅང་མང་ཡང་སློབ་ཚན་ལ་དགེ་རྒན་སོ་སོར་གཏན་ལ་ཕབ་པའི་དུས་ཚོད་ཚད་བཀག་ཡོད་པས་གལ་ཏེ་སློབ་ཁྲིད་མཁན་གྱི་སྐད་ཆ་ཧྲག་ཅིང་བསྡུས་པ་ལས་སྒྱུ་རྩལ་དང་མི་ལྡན་ཚེ་དེ་གཉིས་དབར་ལ་འགལ་རྐྱེན་ཡོང་གི་ཡོད། ང་ཚོས་ཚད་བཀག་གི་དུས་ཚོད་དེའི་ནང་སློབ་མ་རྣམས་ལ་ཤེས་བྱ་མང་པོ་ཞིག་བརྒྱུད་སྤྲོད་ཐུབ་པ་བྱེད་དགོས་ལ་ཤེས་བྱ་དེ་ལྟ་བུ་ཞིག་བརྒྱུད་སྤྲོད་བྱེད་པའི་བརྒྱུད་རིམ་ནང་སྐད་ཆ་ཚིག་འབྲུ་ཉུང་ཤས་ལས་མ་བཤད་ཀྱང་དེས་བརྗོད་བྱའི་ནང་དོན་རྡོག་རྡོག་ཅིག་ལ་སྤྲོད་ཐུབ་པ་བྱེད་དགོས།

སྐད་ཆའི་བཞད་གད་ཀྱི་སྒྱུ་རྩལ།

སྐད་ཆའི་བཞད་གད་ཅེས་པ་ནི་མི་རྣམས་ཕན་ཚུན་སྐད་ཆ་ཤོད་སྐབས་འཆད་པ་པོ་དེས་ཉན་པ་པོར་གད་མོ་སློང་བའམ་ཡང་ན་ཉན་པ་པོར་མཚར་སྣང་སྦྱིན་པ་དང་དེ་བཞིན་སྤྲོ་སྣང་སྐྱེ་ཐུབ་པའི་སྐད་ཆར་ཟེར། དཔེར་ན། ང་ཚོས་དགོད་བྲོའི་གཏམ་གླེང་གི་འཁྲབ་སྟོན་པ་ཚོས་འཁྲབ་སྟོན་བྱེད་པའི་བརྒྱུད་རིམ་ནང་གཟིགས་མོ་བ་རྣམས་དགོད་བྲོ་བའམ་སྤྲོ་སྣང་སྐྱེ་ཐུབ་པའི་སྐད་ཆ་བཤད་རྐྱེན་མི་རྣམས་འཁྲབ་སྟོན་དེར་འཇུག་ཐུབ་པའི་བློ་སྐྱེས་པ་སོགས་ནི་སྐད་ཆར་བཞད་གད་ཀྱི་སྒྱུ་རྩལ་ལྡན་པ་ཞིག་ཡིན་པས་བཞད་གད་ཀྱི་སྒྱུ་རྩལ་དང་ལྡན་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ནོ།

སྐད་ཆ་བག་འཇམ་གྱི་སྒྱུ་རྩལ།

ང་ཚོའི་ཉན་པ་པོར་སྐད་ཆ་གང་འདྲ་ཞིག་བཤད་ཀྱང་འཇམ་ལ་ཞི་ཞིང་དུལ་བའི་སྒོ་ནས་ཤོད་དགོས་པ་ལས་སྐད་ཆ་དེ་དྲག་པོའམ་ཡང་ན་ཚིག་རྩུབ་ཅིག་བཤད་ན་ཉན་པ་པོར་ཉན་འདོད་ཀྱི་སྣང་བ་ཞིག་ག་ལ་ཡོང་སྲིད། ཡང་སྒོས་སུ་ང་ཚོ་ནི་སྐད་ཡིག་སློབ་ཁྲིད་བྱེད་མཁན་ཞིག་གི་ངོས་ནས་བརྗོད་ན། སློབ་མ་རྣམས་ལ་ངེས་པར་དུ་སྐད་ཆ་འཇམ་ཞིང་གཙང་མ་ཞིག་ཤོད་ཐུབ་པའི་བརྩོན་ལེན་བྱེད་དགོས། སྐད་ཆ་བག་འཇམ་ཞེས་པ་ནི་སྐད་ཆ་ཞི་ཞིང་དུལ་བ་ཞིག་ཡིན་པ་ལས་ཚིག་རྩུབ་མ་ཡིན་པ་དཔེར་ན། ཞེ་སའི་སྐད་ཆ་བེད་སྤྱོད་པ་ལྟ་བུ་ཡིན། ཞེ་ས་ནི་བོད་མི་རིགས་ཀྱི་དམིགས་བསལ་གྱི་སྐད་ཆའི་རིག་གནས་ཀྱི་གྲུབ་ཆ་དང་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་དེ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་དང་སྐབས་སུ་བབས་པའི་འགན་འཁྲི་ལྡོག་ཏུ་མེད་པ་ཞིག་ཡིན། སྐད་ཡིག་དགེ་རྒན་ནི་མི་རིགས་དེའི་སྐད་ཆའི་ཕུལ་བྱུང་སྒྱུ་རྩལ་རྣམས་མི་རབས་རྗེས་མར་བརྒྱུད་སྤྲོད་བྱེད་མཁན་ཞིག་ཡིན་པ་མ་ཟད། མི་རིགས་ཀྱི་སྐད་ཆ་གོང་འཕེལ་གཏོང་མཁན་ཞིག་ཀྱང་ཡིན། ང་ཚོས་ངེས་པར་དུ་ཁས་ལེན་བྱེད་དགོས་པ་ཞིག་ནི་བོད་སྐད་ལ་ཆེས་ཕུལ་དུ་བྱུང་བའི་ཡ་རབས་ཞེ་ཚིག་ཡོད་ལ་དེ་དང་ཆབས་ཅིག་ཏུ་དུས་རབས་ཀྱི་དཔལ་ཡོན་དང་འགལ་བར་གྱུར་བའི་དྭངས་གཙང་མིན་པའི་སྐད་ཆ་སྟེ་བཙོག་གཏམ་དང་འདོད་གཏམ་སྣ་ཚོགས་ཀྱང་འདྲེས་ནས་ཡོད། དེས་ན་དགེ་རྒན་རེ་འགས་གོམས་གཤིས་སུ་གྱུར་བའི་དབང་གིས་སྐབས་རེ་སློབ་ཚན་ནང་དུའང་སྣང་མེད་དུ་བཙོག་གཏམ་ཤོར་ནས་སློབ་ཁྲིད་ལ་བག་ཆགས་ངན་པ་འཇོག་གི་ཡོད། ང་ཚོ་ནི་དུས་རབས་གསར་པའི་དགེ་རྒན་ཞིག་ཡིན་པས་དེའི་ཐད་ལ་དེ་བས་བསྐྱུར་ཐབས་བྲལ་བའི་འགན་འཁྲི་ཡོད་པར་བརྟེན་སྔ་ཕྱི་བར་གསུམ་དུ་མི་རིགས་ཀྱི་སྐད་ཆར་ཞིབ་འཇུག་གིས་བྱེ་མའི་ནང་ནས་གསེར་ཕྱེ་ལེན་པ་ལྟར་དྭངས་གཙང་མིན་པའི་སྐད་ཆའི་རིགས་རྣམས་དོར་གང་ཐུབ་ཀྱིས་སློབ་མ་རྣམས་ལ་སྐད་ཆ་གཙང་མ་ཤོད་དུ་འཇུག་རྒྱུར་ཁྲིད་སྟོན་བྱ་རྒྱུའི་འོས་འགན་ཡོད།

གཉིས་པ། མཐོ་འབྲིང་བོད་སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་གྱི་ཕན་ཡོན།

སློབ་མའི་རྒྱུད་ལ་གུས་ཞབས་དང་ཡ་རབས་ཞེ་ཚིག་འཇགས་ཐུབ་རྒྱུར་ཕན། དེ་ཡང་སློབ་གྲྭ་ནི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་ཡུལ་ཞིག་དང་། ཡར་ཐོན་གྱི་བསམ་བློ་དང་སྔོན་ཐོན་གྱི་ལག་ལེན་བརྒྱུད་སྤྲོད་བྱེད་ས་ཞིག་དང་མི་ཞིག་གི་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་འཛུགས་ས་བཅས་ཡིན་པས་ཞེ་སས་སློབ་གྲྭའི་་སློབ་སྦྱོང་དང་འཚོ་བའི་ཁྲོད་ཀྱི་སྐད་ཆ་མཛེས་སུ་གཏོང་ཐུབ་པ་དང་། སྐད་ཆའི་སྒྱུ་རྩལ་དང་མཛེས་དཔྱོད་ཀྱི་རིན་ཐང་མཐོ་རུ་གཏོང་ཐུབ་ལ། སློབ་མའི་སེམས་ཁམས་ལ་བྱི་དོར་ཡང་བྱེད་ཐུབ་པ། སློབ་མའི་རྒྱུད་ལ་ཕུལ་བྱུང་ཤེས་རིག་གི་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་པ་སོགས་ཀྱི་ནུས་པ་གལ་ཆེན་ཐོན་པ་དང་སློབ་མའི་རང་བཀུར་དང་རང་གཅུན་ལ་སྐུལ་ལྩག་གང་ལེགས་ཐེབས་ནས་ཁོ་པ་ཚོའི་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ཐུན་མིན་གྱི་གཤིས་རྒྱུད་ཅིག་གསོ་སྐྱོང་བྱ་རྒྱུར་སྒུལ་ཤུགས་གསར་པ་ཞིག་སྤྲོད་ཐུབ།

དགེ་སློབ་བར་མཛའ་སེམས་ཀྱི་འབྲེལ་བ་ཆགས་པར་ཕན།

དེ་ཡང་ད་ལྟའི་དུས་ཀྱི་བུ་ཕྲུག་མང་དག་ཅིག་ནི་ཁྱིམ་ཚང་གི་གཅེས་ཕྲུག་ཡིན་པས་ཁོ་ཚོར་ཁྱིམ་ཚངགི་སློབ་གསོ་དང་བྱམས་སྐྱོང་ཐོབ་པ་དང་ཆབས་ཅིག་གཅེས་ལང་དུའང་སོང་སྟབས་དགེ་རྒན་གྱིས་ཐོག་མར་སྒྱུ་རྩལ་གྱི་བྲོ་བ་ལྡན་པའི་ཞེ་སའི་སྐད་ཆ་དང་གུས་ལུགས་བཤད་ཚེ་ཁོང་ཚོའི་བསམ་པའི་སྟོང་ཆ་གསབ་ཐུབ་པ་དང་དེ་བཞིན་རང་རྐྱ་འཕེར་རྒྱུར་ཕན་ནུས་ཆེན་པོ་ཐོན་པ་མ་ཟད། དགེ་སློབ་དབར་གྱི་བསམ་བློའི་བར་ཐག་ཇེ་ཐུང་དུ་འགྲོ་རྒྱུར་ཡང་ནུས་པ་གལ་ཆེན་ཐོན་ཐུབ། ལྷག་པར་དུ་ཞིང་འབྲོག་མང་ཚོགས་མང་ཆེ་བ་ནི་ལྟ་རྒྱ་དང་མཐོང་རྒྱ་ཅུང་ཆུང་ཞིང་ཚན་རིག་རིག་གནས་གྱི་ཆུ་ཚད་ཅུང་དམའ་བ་སོགས་རྒྱུ་རྐྱེན་མང་པོས་ཁོ་ཚོའི་བླང་དོར་གྱི་རྣམ་དཔྱོད་ལ་བལྟོས་བཅས་ཀྱིས་ཚད་བཀག་བཟོས་པས་བུ་ཕྲུག་སློབ་གྲྭར་བསྐྱལ་རྗེས་ཀྱི་དུས་ཡུན་ཐུང་ངུའི་ནང་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཞེ་སའི་སྐད་ཆ་ཅུང་ཟད་སྨྲ་ཐུབ་ཙམ་གྱིས་ཀྱང་སློབ་གྲྭ་དང་དགེ་རྒན་གྱིས་ལས་ཀར་གདེང་འཇོག་གང་མཐོ་ཡོང་བ་དང་བུ་ཕྲུག་སློབ་གྲྭར་ཞུགས་རྒྱུ་དང་སློབ་སྦྱོང་བྱ་རྒྱུའི་ཐད་ལའང་སྐུལ་མ་ཐེབས་ནས་མཐར་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་ཙམ་ཞིག་ཐོན་རྒྱུར་མི་མངོན་པའི་སྒུལ་ཤུགས་གསར་པ་ཞིག་སྤྲོད་ཐུབ།

སྐད་ཆའི་ཐ་སྙད་ཀྱི་རྨང་གཞི་བཟང་པོ་འདིང་ཐུབ་པ། དེ་ཡང་ཕུན་སུམ་ཚོགས་ཤིང་བེད་སྤྱོད་ཀྱི་རིན་ཐང་མཐོ་བའི་སྒྱུ་རྩལ་གྱི་སྐད་ཆའི་བརྡ་ཆད་མང་དག་ཅིག་སློབ་མའི་རྒྱུད་ལ་ངང་གིས་འཇགས་པ་དེས་ཁོང་ཚོས་སྐད་ཆའི་དཔྱད་གཞི་ལེགས་པོ་ཞིག་གསོག་འཇོག་བྱེད་ཐུབ་ཀྱི་ཡོད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་མྱོང་ཐུབ་ཚེ་རིག་གནས་དེར་དགའ་ཞེན་དང་། སློབ་སྦྱོང་། བེད་སྤྱོད། རྒྱུན་འཛིན། འཕེལ་རྒྱས་གཏོང་རྒྱུར་བློ་ཁ་ཕྱོགས་ཐུབ་ལ་བླང་དོར་གྱི་གནས་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་རྣམ་དཔྱོད་ཅིག་ཀྱང་སྐྱེ་ཐུབ། སྤྱིར་སྐད་ཡིག་སློབ་ཁྲིད་ནི་རང་སོ་སོའི་སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་མི་རབས་རྗེས་མར་ཤེས་བྱ་བརྒྱུད་སྤྲོད་པ་ཞིག་ཡིན། སློབ་ཁྲིད་ཀྱི་གོ་རིམ་ནི་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པའི་གོ་རིམ་ཡིན་ལ་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པའི་ཐབས་ལམ་གཙོ་བོ་ནི་དགེ་རྒན་གྱི་སྐད་ཆ་ཡིན་པས་དགེ་རྒན་གྱི་སྐད་ཆ་བཟང་ངན་དང་བརྡ་སྤྲོད་པའི་ནུས་པ་མཐོ་དམའ་ཡིས་སློབ་མར་ཐད་ཀར་ཤུགས་རྐྱེན་ཐེབས་པས་དགེ་རྒན་གྱི་སྐད་ཆ་ཤོད་པའི་ནུས་པ་གསོ་སྦྱོང་དང་སྦྱོང་བརྡར་ཡག་པོ་བྱས་ནས་ཕ་རོལ་པོར་བརྡ་སྤྲོད་པའི་ནུས་པའམ་སྐད་ཆའི་སྒྱུ་རྩལ་གྱི་ནུས་པ་མཐོ་རུ་གཏོང་ཐུབ། གུས་མོས་དཔྱད་རྩོམ་འདིའི་ནང་མཐོ་འབྲིང་བོད་སྐད་ཡིག་ཁྲོད་ཀྱི་སྐད་ཆའི་སྒྱུ་རྩལ་གྱི་སྐོར་རགས་ཙམ་གླེང་ནས་ང་ཚོ་ཕྱིས་འབྱུང་སྐད་ཡིག་དགེ་རྒན་ཞིག་གི་ངོས་ནས་མི་རབས་རྗེས་མ་རྣམས་ལ་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་རང་ཉིད་ཀྱིས་བཤད་པའི་སྐད་ཆར་སྒྱུ་རྩལ་གྱི་རིན་ཐང་ལྡན་ན་སློབ་མ་རྣམས་ཀྱིས་ཀྱང་སློབ་ཁྲིད་བརྒྱུད་རིམ་ནང་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ཐུབ་ལ། ལྷག་དོན་སྐད་ཆའི་སྒྱུ་རྩལ་དེ་ལྟ་བུ་ཞིག་ལྡན་ཚེ་རང་ཉིད་ཀྱི་སློབ་ཁྲིད་བྱ་བར་ནུས་པ་གཡུར་དུ་ཟ་བ་ཐོབ་ཐུབ་པས། སྐད་ཡིག་སློབ་ཁྲིད་བརྒྱུད་རིམ་ནང་ང་ཚོས་སྐད་ཆའི་སྒྱུ་རྩལ་དེ་དག་ཡང་དག་པ་བེད་སྤྱོད་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཡིན་པ་སོགས་རང་བློས་དཔོག་ཚོད་ཀྱིས་ལྟ་བ་དང་བསམ་གཞིག་མདོ་ཙམ་བྱས་ཏེ་བྲིས་ཁུལ་བྱས་པས། སྐྱེས་སྦྱངས་ཀྱི་ཤེས་རབ་གཉིས་ཀས་དབུལ་ཞིང་བླང་དོར་གྱི་གནས་ལུགས་ལ་བློ་མིག་ལྡོང་བའི་ཁོ་མོའི་ལྟ་ཚུལ་ལ་མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་བློ་ལྡན་རྣམས་ནས་དག་བཅོས་གང་མང་གནང་རྒྱུའི་འདུན་པ་ཤིན་ཏུ་ཆེའོ།  །

(ནག་ཆུ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བསོད་ནམས་བདེ་སྐྱིད་ཆེ་བས།)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།