བོད་ཡིག་སློབ་ཁྲིད་སྐབས་སྐད་ར་མ་ལུག་སྤོང་དགོས་པའི་སྐོར་གླེང་བ།

སྐད་ཡིག་ནི་མིའི་རིགས་ཕན་ཚུན་དབར་སྤེལ་རེས་དང་འབྲེལ་འདྲིས་བྱེད་པའི་གལ་ཆེའི་ལག་ཆ་ཞིག་ཡིན་ལ། སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་བླ་སྲོག་དང་མཚོན་རྟགས་ཀྱང་ཡིན། སྐད་དང་ཡི་གེ་བེད་སྤྱོད་དང་སློབ་སྦྱོང་ལེགས་པོ་བྱེད་དགོས་པ་ནི་མིའི་རིགས་གང་དེའི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་མངའ་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད་པས། སྐད་དང་ཡི་གེ་གང་དེའི་བརྡ་སྤྲོད་གཞུང་དང་བཅས་པར་ཤེས་རྟོགས་དཔྱིས་ཕྱིན་པ་བྱ་ཕྱིར། གཞུང་དེར་བསླབ་སྦྱངས་བྱེད་པའི་བརྒྱུད་རིམ་ནང་སྐད་ར་མ་ལུག་ལ་བརྟེན་ནས་སློབ་ཚན་འཆད་འཁྲིད་ཀྱི་གོམས་གཤིས་ཡ་མ་ཟུང་དེ་དོར་ཏེ། སྐད་དང་ཡི་གེ་གཙང་མ་སྦྱོང་སྤྱོད་ཀྱི་དགེ་སློབ་གཉིས་ཀྱི་གནས་བབ་བཟུང་རྒྱུ་ནི་སྐད་ཡིག་སློབ་ཁྲིད་ཀྱི་གནས་བབ་འགངས་ཆེ་ཤོས་ཤིག་ཏུ་མཐོང་བ་དེ་བཞིན་བོད་ཡིག་སློབ་ཁྲིད་སྐབས་སུ་ཡང་གནས་ལུགས་དེ་རྒྱུན་འཛིན་གྱི་ཐབས་ལ་འབད་དགོས་པར་རང་གི་ལྟ་ཚུལ་རགས་པར་གླེང་བ་ལ།wP5ཀྲུང་གོ་བོད་ཀྱི་དྲ་བ།

དང་པོ། རྒྱུན་གཏན་བོད་ཡིག་སློབ་ཁྲིད་སྐབས་དགེ་སློབ་གཉིས་ཀར་ལྷག་པའི་སྐྱོན་ཆ་གླེང་བ།wP5ཀྲུང་གོ་བོད་ཀྱི་དྲ་བ།

སྐད་ཡིག་ཅིག་སློབ་ཁྲིད་བྱེད་སྐབས་དང་ཐོག་སྐད་དེ་རང་གི་ཐོག་ནས་གཙོ་བོར་ཁྲིད་དགོས་པ་ནི་གལ་ཆེ་བའི་དོན་ཞིག་ཡིན། གང་ལགས་ཤེ་ན། སྐད་ཡིག་འདི་ཉིད་སྦྱོང་བའི་དམིགས་ཡུལ་གཙོ་བོ་ནི་སྐད་ཡིག་འདི་ཤེས་པ་ཙམ་མ་ཟད། དེ་འབྲེལ་གྱི་ཤེས་བྱའི་གནས་ཐ་དག་དང་མི་རིགས་གང་དེའི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་སོགས་ལ་ཤེས་རྟོགས་ཁ་གསལ་ལམ་ཡང་དག་པ་ཞིག་ཡོང་དགོས་པས། སྐད་དང་ཡི་གེ་གང་དེར་མྱོང་རྟོགས་གཏིང་ཟབ་ཀྱིས་རྒྱུ་གཙང་སྤུས་གཙང་གི་སྐད་ཡིག་ཅིག་སྦྱོང་དགོས་པ་དེ་གནས་དམ་པར་མཐོང་། དེ་ཡང་ཁ་ཆེ་ཕ་ལུ་ལས། ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་། ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་རེད། བླ་མའི་ཆོས་རར་ཡི་གེ་མེ་ལོང་རེད། རྒྱལ་པོའི་ཁྲིམས་རར་ཡི་གེ་འབྲས་བུ་རེད་ཅེས་པའི་གསུང་ལས་གསལ་པོར་རྟོགས་ཐུབ། ལྷག་དོན་བོད་ཀྱི་ན་གཞོན་ཚོའི་ངོས་ནས་བརྗོད་ན། རང་རིགས་ཀྱི་སྐད་ཡིག་སྦྱོང་རྒྱུ་དེ་དོར་དུ་མེད་པའི་འགན་འཁྲི་ཞིག་ཡིན་པས། སྣང་ཆུང་དུ་བཏང་ན་ཤིན་ཏུ་ཕངས་བས་འབད་པ་ལྷུར་ལེན་གྱིས་སྦྱངས་བརྩོན་བྱེད་དགོས་པ་གལ་ཆེ། དེང་གི་ཆར་རིམ་པ་གོང་མས་དེ་ལྟ་བུའི་ཐུགས་ཁུར་དང་རྒྱབ་སྐྱོར་ཡོད་རུང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཇི་སྙེད་དུ་དགེ་སློབ་མི་ཉུང་བ་ཞིག་གིས་སྐད་ཆ་ར་མ་ལུག་མང་པོ་ཞིག་ཤོད་པ་མ་ཟད། སྐད་ཆ་དེ་དག་བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་སློབ་ཁང་ནང་དུ་ཁྱེར་ནས་མངོན་གསལ་དོད་པོས་བརྗོད་པ་དང་། ད་དུང་སྐད་ཆ་དེ་འདྲ་བེད་སྤྱོད་བྱས་ན་དགེ་རྒན་བརྗོད་བདེ་བ་དང་། སློབ་མས་གོ་བ་ལོན་མགྱོགས་པ་སོགས་ཀྱི་དགེ་མཚན་འདུག་ཅེས་མུན་འཐོམས་ངང་གླེང་གི་འདུག་པ་དཔེར་ན། སྐྱེ་བོ་མི་ཉུང་བ་ཞིག་གིས་བརྙན་འཕྲིན་དང་། འཁྱག་སྒམ། ཁ་པར་གྱི་ཨང་གྲངས་སོགས་རྒྱ་སྐད་ཐོག་ནས་ཐད་ཀར་བརྗོད་རྐྱང་བྱེད་པ་ལས་བོད་སྐད་ཐོག་ནས་ཤོད་མི་ཐུབ་པ་ལྟ་བུའི་གནས་ཚུལ་ཡང་རྟག་ཏུ་ང་ཚོའི་འཚོ་བའི་ནང་དུ་ཐོན་བཞིན་ཡོད། དེ་ལྟ་བུའི་གོམས་གཤིས་མུ་མཐུད་རྒྱུན་འབྱམས་སུ་སོང་ན་བོད་སྐད་ཡིག་གི་སྤྱོད་ཆོག་ཆོག་གི་ཐ་སྙད་མང་པོ་ཞིག་བེད་མེད་དུ་ལུས་པའི་ཉེན་ཁ་འཕྲད་སྲིད་ལ། སྤྱི་ཚོགས་ཀྱི་འཚོ་བའི་ནང་བོད་སྐད་ཀྱི་ཁོར་ཡུག་གཙང་མ་ཞིག་མེད་པར་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་བྱ་གཞག་རླབས་པོ་ཆེ་དེར་ཡང་འགོག་རྐྱེན་འཕྲད་ངེས། དེར་བརྟེན་དེང་གི་མི་རིགས་སྐད་ཡིག་དང་རིག་གནས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་འཐུས་ཚང་ཡོད་པའི་དུས་སྐབས་བཟང་པོ་འདིར་དམ་འཛིན་བྱས་ནས་གནད་དོན་དེ་རིགས་སྒྱུར་བཅོས་བྱ་རྒྱུར་དོ་སྣང་གནང་རྒྱུ་དེ་ང་ཚོ་བོད་ཡིག་སློབ་ཁྲིད་མཁན་གྱི་ལས་འགན་ཡིན་པ་ནི་གདོན་མི་ཟའོ།wP5ཀྲུང་གོ་བོད་ཀྱི་དྲ་བ།

གཉིས་པ། སྐྱོན་ཆ་དེ་རིགས་སེལ་བར་རང་ངོས་ཀྱི་བསམ་ཚུལ་ཅུང་ཙམ་བརྗོད་པ།wP5ཀྲུང་གོ་བོད་ཀྱི་དྲ་བ།

མཁས་པའི་གསུངས་ལས། སྐད་ཡིག་ཐམས་ཅད་ཤེས་པ་ལེགས་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཞེས་པ་ལྟར། དེང་དུས་ཚན་རྩལ་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་སྐབས་སུ་སྐད་རིགས་གཞན་དག་མང་པོ་ཤེས་དགོས་ལ་ཤེས་པ་དེའང་ལེགས་པོ་ཞིག་ཡིན། འོན་ཏེ་གོང་སྨོས་ཀྱི་སྐྱོན་ཆ་འདི་ལྟ་བུ་ཡོད་པ་ནི་སྤྱིར་བཏང་ཞིག་རྩ་བ་ནས་མ་ཡིན་པས་དེ་དོན་ལ་མནོ་བསམ་ཞིབ་མོ་ཞིག་ཡང་ནས་ཡང་དུ་གཏོང་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་པས། དེ་དོན་ཁོ་བོས་རང་ཉིད་ཀྱི་ལྟ་ཚུལ་ཅུང་ཙམ་གླེང་ན། གོང་དུ་བརྗོད་བྱར་གྱུར་པའི་སྐྱོན་ཆ་དེ་ནི་ཆུང་ངུ་ཞིག་མ་ཡིན་པར་དེས་སྐད་ཡིག་ཞིག་ཆ་ཚང་མིན་དང་འཐུས་ཚང་ཞིག་ཏུ་གྲུབ་ཐུབ་མིན་སོགས་དང་འབྲེལ་བ་གལ་ཆེན་ཡོད་པས། ང་ཚོས་ངེས་པར་དུ་དེ་རིགས་སེལ་གང་ཐུབ་བྱེད་དགོས། དེ་ཡང་འགག་རྩ་ནི་དགེ་རྒན་ལ་ཐུག་ཡོད་པས། དང་ཐོག་དགེ་རྒན་རང་ཉིད་ནས་འགོ་བཙུགས་ཏེ་སློབ་ཁྲིད་སྐབས་སྐད་བརྡ་ཁ་གསལ་ལ་སྤྱི་སྐད་ཀྱི་གཞུང་དང་མཐུན་པ་ཞིག་བརྗོད་དགོས་པ་དང་གཅིག སྐད་ཆ་ར་མ་ལུག་རྩ་བ་ནས་སྤྱོད་རྒྱུ་མེད་པ་དང་གཉིས། དགེ་སློབ་ཚང་མས་བོད་སྐད་གཙང་མ་ཞིག་གི་ཐོག་ནས་ནང་དོན་བརྒྱུད་བསྒྲགས་དང་དོན་རྟོགས་པར་བྱ་རྒྱུ་བཅས་གསུམ་གྱི་ཐོག་ནས་གོ་བརྡ་སྤྲོད་པའི་གོམས་གཤིས་འཇགས་པར་བྱས་ན་འཐུས་སྒོ་ཚང་བའི་བོད་ཀྱི་སྐད་ཡིག་དེ་མུ་མཐུད་ཡར་རྒྱས་གོང་འཕེལ་འགྲོ་རྒྱུར་ཐེ་ཚོམ་མེད།wP5ཀྲུང་གོ་བོད་ཀྱི་དྲ་བ།

མདོར་ན། བོད་རིགས་སློབ་མར་བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་སྐབས་སུ་སྐད་རིགས་གཞན་གྱི་ཐོག་ནས་གསལ་བཤད་དང་རོགས་རམ་བྱེད་དགོས་པའི་རྒྱུ་མཚན་སྤྱིར་ན་མེད་པས། རྒྱུན་གཏན་བོད་ཡིག་སློབ་ཁྲིད་ཁྲོད་དུ་དགེ་སློབ་ཚང་མས་བོད་སྐད་གཙང་མ་ཞིག་བཤད་ནས་རང་མི་རིགས་ཀྱི་རིག་གནས་ལ་བརྩི་བཀུར་དང་མཐོང་ཆེན་བྱ་དགོས་རྒྱུ་ནི་རང་རིགས་ཀྱི་དོར་མི་རུང་བའི་འོས་འགན་ཡིན་ནོ།wP5ཀྲུང་གོ་བོད་ཀྱི་དྲ་བ།

(རྩོམ་པ་པོ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སུའུ་ཀྲོའུ་སློབ་ཆུང་གི་སྐལ་བཟང་ཐུབ་བསྟན་ཡིན།)
wP5ཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།