བྱིས་སྙོར་ཁང་གི་བདེ་འཇགས་སློབ་གསོ་གླེང་བ།

《བྱིས་སྙོར་ཁང་གི་སློབ་གསོའི་མཛུབ་སྟོན་རྩ་གནད》ཅེས་པ་ལས“བྱིས་སྙོར་ཁང་གིས་ངེས་པར་བྱིས་པའི་ཚེ་སྲོག་ལ་ཁག་ཐེག་དང་བྱིས་པ་བདེ་ཐང་ཡོང་བར་སྐུལ་འདེད་བྱེད་པ་དེ་བྱ་བ་ཀུན་གྱི་གཙོད་གནད་དུ་བཟུང་ཐོག བྱིས་པའི་འཚོ་བ་དང་དམ་དུ་སྦྲེལ་ཏེ་བདེ་འཇགས་དང་འཚོ་བཅུད།བདེ་སྲུང་གི་སློབ་གསོ་བཏང་སྟེ་བྱིས་པའི་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་ནུས་པ་མཐོར་འདེགས་སུ་གཏོང་དགོས་པ”དེ་གསལ་བོར་བསྟན་ཡོད།

དེང་སྐབས་ཀྱི་བྱིས་པ་མང་ཆེ་བ་ནི་ཁེར་སྐྱེས་ཡིན།བྱིས་སྙོར་ཁང་ནས་བྱིས་པ་ལ་བློ་ཡིད་ལས་འདས་པའི་དོན་རྐྱེན་མི་འབྱུང་བའི་ཆེད་དུ།དགེ་རྒན་ཁ་ཤས་ཤིག་གིས་འགོག་སྲུང་ལ་དོ་སྣང་ཤུགས་ཆེར་བྱས་ཏེ་བྱིས་པ་ཕྱི་རོལ་ཏུ་རོལ་རྩེད་བྱེད་པར་བཀག་འགོག་བྱེད་པ་དང་།གལ་ཏེ་ཕྱི་རོལ་ཏུ་ཕྱིན་ཀྱང་རང་མོས་སྒོས་རོལ་རྩེད་བྱེད་པ་གཏན་འགོག་བྱེད་ཀྱིན་ཡོད།ཡིན་ཡང་འགོག་སྲུང་ཤུགས་ཆེར་བྱེད་པ་དེས་བྱིས་པའི་འཚར་ལོངས་ལ་གནོད་པ་སྐྱེལ་བཞིན་ཡོད་པས།ང་ཚོས་བྱིས་པ་ལ་གནོད་སྐྱོན་བཟོ་བའི་རྒྱུ་རྐྱེན་ལ་ནན་ཏན་གྱིས་དབྱེ་ཞིབ་བྱས་ཏེ་ཧུར་ཐག་གིས་གནོད་སྐྱོན་གྱི་རིགས་གཏན་འགོག་བྱེད་པར་འབད་དགོས།འདི་ལྟར་བསྒྲུབས་ན་བྱིས་སྙོར་ཁང་གིས་ད་གཟོད་བྱིས་པའི་སེམས་ཁམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་གོ་རིམ་ཡོད་པའི་སྒོ་ནས་བྱ་བ་བསྒྲུབ་པར་ཁག་ཐེག་བྱེད་ཐུབ།

    དེང་སྐབས་བྱིས་པའི་བདེ་འཇགས་ལ་དོན་རྐྱེན་བཟོ་བའི་རྒྱུ་རྐྱེན་ནི་ཕ་རོལ་ངན་སྐུལ་མཁན་གྱིས་བཟོས་པའི་གནོད་འཚེ་དང་བྱིས་པ་རང་སྟེང་གི་རྒྱུ་རྐྱེན་གྱིས་བཟོས་པའི་གནོད་འཚེ།ལས་བཟོ་པའི་བྱས་ཉེས་ཀྱིས་བཟོས་པའི་གནོད་འཚེ། བྱིས་སྙོར་ཁང་གི་སྒྲིག་ཆས་ཞན་པ་ལས་བཟོས་པའི་གནོད་འཚེ།ཁྱིམ་བདག་གིས་བཟོས་པའི་གནོད་འཚེ།བྱིས་པ་ཕྱི་རོལ་ཏུ་རོལ་རྩེད་ལ་འགྲོ་བར་རྩ་འཛུགས་བྱས་པ་ལས་བཟོས་པའི་གནོད་འཚེ། བྱིས་སྙོར་ཁང་གི་ལམ་ལུགས་འཐུས་ཚང་མིན་པ་དང་དོ་དམ་མི་ལེགས་པས་བཟོས་པའི་གནོད་འཚེ། བྱིས་པ་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཞན་པ་ལས་བཟོས་པའི་གནོད་འཚེ་སོགས་མི་ཉུང་བ་ཞིག་ཡོད།

གཅིག དོན་དངོས་དང་མཐུན་ལ་ནུས་པ་ལྡན་པའི་བདེ་འཇགས་ལམ་ལུགས་འཛུགས་པ་དང་ལག་ཏུ་བསྟར་དགོས།

    བྱིས་སྙོར་ཁང་གི་བདེ་འཇགས་ལམ་ལུགས་ཚད་དང་ལྡན་ལ་འཐུས་ཚང་ཡིན་དགོས་པར་མ་ཟད་བྱིས་སྙོར་ཁང་གི་འཚོ་བ་དང་སློབ་སྦྱོང་གི་བདེ་འཇགས་ནང་དོན་ཚང་མ་འདུས་ཤིང་།དོན་ཚན་གསལ་ཞིང་སྤྱོད་སྒོ་ཚང་བ་ཞིག་ཡིན་དགོས། ལམ་ལུགས་དེ་བེད་མེད་ཤོག་སྟོང་ཙམ་དུ་མི་འགྱུར་བའི་ཆེད་དུ།བྱིས་སྙོར་ཁང་གིས་ལས་བཟོ་པ་རྩ་འཛུགས་བྱས་ཏེ་སློབ་སྦྱོང་དང་ལམ་ལུགས་སྤྱི་བསྒྲགས་བྱེད་པ་ཕུད།དེ་ལས་ཀྱང་གལ་ཆེ་བ་ནི་ཆེད་འགན་མི་སྣ་བཀོད་སྒྲིག་བྱས་ཏེ་བདེ་འཇགས་བྱ་བར་དོ་སྣང་བྱ་དགོས། དཔེར་ན་མེ་འགོག་ཚོད་ལྟའི་བྱ་འགུལ་སྤེལ་ཏེ་བདེ་འཇགས་བགྲོད་ལམ་ནས་འབྲོ་རུ་འཇུག་པ་དང་། འཛིན་གྲྭའི་མི་གྲངས་ལེན་སྐབས་བྱིས་པ་གཉིས་དང་དགེ་རྒན་གཅིག་མི་ཚང་བ་དེ་དག་གིས་མྱུར་སྐྱོབ་ཀྱི་འོ་དོད་སྒྲོག་པའི་སྐད་སྒྲ་ཐོས་སྐབས།མེ་འགོག་མི་སྣ་འགའ་ཞིག་ཏུ་སྨུག་ཁྲོད་མཆོངས་ཏེ་བྱིས་པ་དང་དགེ་རྒན་སྐྱོབ་པར་བྱ་དགོས། བྱ་འགུལ་འདིས་བྱིས་པ་ཚོར་མེ་སྐྱོན་བྱུང་སྐབས་འཚུབ་ཆ་མེད་པར་མྱུར་དུ་ཕྱིར་འགྲོ་དགོས་པའི་གལ་ཆེན་རང་བཞིན་ཤེས་སུ་འཇུག་ལ། བྱིས་པ་ཚོས་མེ་འགོག་གྱོན་ཆས་དང་མཁའ་དབུགས་འབྱིན་རྔུབ་སོགས་ཡོ་ཆས་ལ་ངོས་འཛིན་ལེགས་པོ་བྱས་རྗེས།མེ་སྐྱོན་ཉེན་བརྡའི་ཁ་པར119ཡིན་པ་དང་། གནས་ཚུལ་གང་འདྲ་ཞིག་གི་འོག་ནས་ཁ་པར་དེ་གཏོང་བ་དང་ཇི་ལྟར་གཏོང་བ་སོགས་ཀྱི་མེ་སྐྱོན་བྱུང་སྐབས་རང་སྐྱོབ་བྱེད་པའི་བྱེད་ཐབས་རྟོགས་ཡོང་བ་རེད།

    བྱིས་པའི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་བདེ་འཇགས་རང་སྐྱོབ་ཀྱི་སློབ་གསོ་མང་པོ་ཡོད་པ་དང་།དགེ་རྒན་གྱིས་སློབ་གསོའི་འགག་གནད་ལ་དམིགས་ནས་སྐབས་བསྟུན་སློབ་གསོ་གཏོང་དགོས། བྱིས་པའི་སློབ་གསོའི་ཁྲོད།བདེ་འཇགས་ནི་གཙོ་བོ་དང་བྱ་བ་ཀུན་གྱི་སྲོག་ཤིང་ཡིན།དེ་བས་དགེ་རྒན་དང་བདག་གཉེར་བྱེད་མཁན་གྱིས་སྲུང་སྐྱོབ་བྱེད་པ་ཙམ་གྱིས་མི་ཆོག་པར།ངེས་པར་བྱིས་པ་ལ་རྣམ་པ་ཀུན་ཏུ་བདེ་འཇགས་འདུ་ཤེས་ཀྱི་སློབ་གསོ་ནན་མོ་བཏང་སྟེ་བདེ་འཇགས་སྤྱོད་ལམ་གྱི་གོང་བུ་ཞིག་ཏུ་གྲུབ་པར་བྱ་དགོས།བྱིས་པའི་རང་སྐྱོབ་ཀྱི་ནུས་པ་སྐྱེད་སྲིང་བྱས་ན་ད་གཟོད་བྱིས་པའི་བདེ་འཇགས་ལ་ཁག་ཐེག་བརྟན་པོ་ཞིག་བྱེད་ཐུབ།

    (1)ཁྱིམ་ཚང་སློབ་གསོའི་དགེ་མཚན་ལེགས་པར་སྤྱད་དེ་བྱིས་སྙོར་ཁང་དང་ཁྱིམ་བདག་བར་གྱི་འབྲེལ་བ་དམ་ཟབ་དང་བྱིས་པར་བདེ་འཇགས་རང་སྲུང་གི་སློབ་གསོ་གཉིས་མཉམ་དུ་སྤེལ་དགོས།

    བྱིས་པའི་རང་ཉིད་སྲུང་སྐྱོབ་ཀྱི་སློབ་གསོ་དེ་བྱིས་སྙོར་ཁང་ཁོ་ན་ནས་ཕྱིར་མངོན་པ་ཞིག་མ་ཡིན་པར།མང་ཆེ་བ་ནི་བྱིས་པའི་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་མངོན་བཞིན་ཡོད་པས།བྱིས་པའི་རང་ཉིད་སྲུང་སྐྱོབ་བྱེད་པའི་ནུས་པ་གསོ་སྐྱོང་བྱེད་པར་ཁྱིམ་བདག་གིས་རམ་འདེགས་དང་མཉམ་འབྲེལ་བྱས་ན་ད་གཟོད་བདེ་བླག་ངང་ལེགས་འགྲུབ་བྱེད་ཐུབ།དེ་ཡང་ཁྱིམ་བདག་སྐོར་ཞིག་གིས་བྱིས་པར་བདེ་འཇགས་སྲུང་སྐྱོབ་ཐད་ཀྱི་ཤེས་བྱ་དང་བྱེད་ཐབས་ངོ་སྤྲོད་བྱས་ཡོད་ནའང་།ད་རུང་བྱིས་པའི་རང་སྲུང་གི་ནུས་པ་གསོ་སྐྱོང་བྱས་པ་མི་འདང་། དེ་བས་ང་ཚོས་ཁྱིམ་བདག་ཚོགས་འདུ་བརྒྱུད་ནས་ཁྱིམ་བདག་དེ་དག་ལ་བྱིས་པའི་རང་སྲུང་ནུས་པ་གསོ་སྐྱོང་བྱེད་པའི་དོན་སྙིང་འགྲེལ་བཤད་བྱེད་པ་དང་།དུས་ངེས་མེད་དུ་ཁྱིམ་བདག་ལ་བདེ་འཇགས་ཤེས་བྱ་དང་བྱིས་པའི་རང་སྲུང་ནུས་པའི་ཤེས་བྱ་ཡི་ཆེད་དོན་འཆད་ཁྲིད་བྱ་དགོས།བྱིས་སྙོར་ཁང་གི་སྒོ་སམ་གསར་འགྱུར་དང་ཁྱིམ་བདག་དང་འབྲེལ་གཏུག་གི་བྱ་བའི་ནང་དུ“བདེ་འཇགས་དང་རང་སྐྱོབ”ལ་སོགས་པའི་འབྲེལ་ཡོད་ཤེས་བྱ་ཁྱིམ་བདག་ལ་བསྒྲགས་ཏེ། ཁྱིམ་བདག་དང་མཉམ་དུ་བདེ་འཇགས་རང་སྲུང་གི་ཤེས་བྱ་དཔྱད་གླེང་དང་བརྗེ་རེས་བྱ་དགོས།

    (2)དཔེ་མཚོན་ཚོད་ལྟའི་རྣམ་པས་བདེ་འཇགས་སློབ་གསོ་སྤེལ་བ།ཚོད་ལྟའི་སྦྱོང་རྡར་ནི་བྱིས་པ་རང་ཉིད་དངོས་སུ་བརྒྱུད་པ་དང་ཁོ་ཚོས་ཐད་ཀར་དུ་ཤེས་བྱ་བསྡུ་ལེན་བྱེད་པའི་རྣམ་པ་ཞིག་ཡིན། མེ་འགོག་བདེ་འཇགས་ཤེས་བྱ་དང120མྱུར་སྐྱོབ་ཤེས་བྱ། འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་བཅས་ང་ཚོས་ཆེད་དོན་གྱི་རྣམ་པས་སྤེལ་བ་ཡིན། བྱ་འགུལ་རེ་རེར་ང་ཚོས་ཆེད་ལས་མི་སྣ་གདན་ཞུ་བྱས་ཏེ་བྱིས་པ་ཚོར་བདེ་འཇགས་ཤེས་བྱ་འཆད་ཁྲིད་དང་ཆེད་ལས་ཁྱབ་ཁོངས་ནང་གི་རྩལ་ནུས་དེ་དཔེ་སྟོན་བྱ་དགོས།

    གཉིས། བྱིས་པའི་བདེ་འཇགས་སློབ་གསོ་ལ་ཤུགས་སྣོན་པ།

    བྱིས་སྙོར་ཁང་གི་བདེ་འཇགས་ནི་དགེ་རྒན་དང་ཁ་འབྲལ་དུ་མེད་པས་བདེ་འཇགས་སློབ་གསོ་དེ་དགེ་རྒན་དང་བྱིས་པའི་ཕྱོགས་གཉིས་ནས་འཛིན་དགོས།

    1.དགེ་རྒན་ཆེད་ལས་ཅན་གྱི་ཚད་གཞི་ཇེ་མཐོར་གཏོང་བ།

    བདེ་འཇགས་ཤེས་བྱ་དང་འཇོན་ནུས་ཀྱི་ཟབ་སྦྱོང་སྤེལ་བར་དགེ་རྒན་ཡིན་ན་ཉིན་གཅིག་གི་བྱ་བའི་རྒྱུན་སྲོལ་དང་བྱིས་པའི་བདེ་འཇགས་དོན་རྐྱེན་གྱི་ཐག་གཅོད་བྱེད་ཐབས། ཉེན་འགོག་ཤེས་བྱ་བཅས་འདུ། གཞན་ཡང་གྱོད་དཔེ་དབྱེ་ཞིབ་ཁྲོད་ནས་སློབ་སྦྱོང་མཐོ་རུ་འདེགས་པ། གྱོད་དཔེ་དབྱེ་ཞིབ་བྱས་པ་བརྒྱུད་དགེ་རྒན་གྱི་ཕྱིར་རྟོག་ནུས་པ་གསོ་སྐྱོང་དང་དགེ་རྒན་གྱི་བདེ་འཇགས་དོན་རྐྱེན་བྱ་བའི་སྔོན་དཔག་མཐོ་རུ་བཏེགས་ཏེ་དོན་རྐྱེན་གྱི་རིགས་འགོག་ཅི་ཐུབ་བྱེད་དགོས།

    2.བྱིས་པར་བྱེད་ཐབས་སྣ་མང་གི་བདེ་འཇགས་སློབ་གསོ་གཏོང་བ་དང་དེ་འབྲེལ་གྱི་ནུས་པ་གསོ་སྐྱོང་བྱེད་པ།

    (1)བྱིས་པར་གཞོགས་འདེགས་བགྱིས་ཏེ་བདེ་འཇགས་འདུ་ཤེས་དང་བདེ་འཇགས་སློབ་གསོ་ཐེབས་སུ་འཇུག་དགོས་ལ། བྱིས་པར་མཚོན་ན་ཆེས་ལེགས་པའི་བྱེད་ཐབས་ནི་གཞན་གྱི་ཉམས་མྱོང་ལེན་རྒྱུ་དེ་ཡིན།

    (2)བྱིས་པར་བདེ་འཇགས་རྒྱུན་ཤེས་དང་རང་སྐྱོབ་ཀྱི་བྱེད་ཐབས་རེ་འགའ་ཁྲིད་དགོས།

    དགེ་རྒན་གྱིས་བྱིས་སྙོར་ཁང་གི་ཐུན་མོང་གི་རྩེད་ས་དང་མིག་གི་མཐོང་ཆེ་སར་བྱིས་པའི་བསམ་གཞིག་གི་ནུས་པ་དང་འཚམ་པའི་མཚོན་རྟགས་ཏེ“119”དང“བདེ་འཇགས་འགྲོ་ལམ” “མར་ལྡིང་མི་རུང” “རེག་མི་ཉན”ལ་སོགས་སྦྱར་ཏེ་བྱིས་པ་ཚང་མའི་སྤྱོད་ལམ་ཡང་དག་པའི་ལམ་དུ་འཁྲིད་དགོས། གཞན་ད་དུང་བྱིས་པ་ཚོར་སྟབས་བདེ་རང་སྐྱོབ་ཀྱི་བྱེད་ཐབས་ཀྱང་ཤེས་རྟོགས་འབྱུང་དུ་འཇུག་དགོས་ཏེ། ཐུན་མོང་དུ་འཚོ་བ་རོལ་བའི་བྱིས་སྙོར་ཁང་ལ་མཚོན་ན།མེ་འགོག་བདེ་འཇགས་ཀྱི་དོན་རྐྱེན་སྔོན་འགོག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། སྔོན་དུ་བྱིས་པ་ཚོ་རྩ་འཛུགས་བྱས་ཏེ་མེ་འགོག་རུ་ཁག་ལ་ལྟ་བ་དང་དེའི་རྗེས་ནས་ཚོད་ལྟའི་སྦྱོང་རྡར་ཞིག་སྤེལ་དགོས། བྱིས་པ་སྐོར་ཞིག་མེ་གསོད་རུ་ཁག་བྱས་ཏེ་མེ་གསོད་ཡོ་ཆས་ཇི་ལྟར་བེད་སྤྱོད་བྱེད་པ་སྦྱང་དགོས་པ་དང་། ཡང་སྐོར་ཞིག་མེ་སྐྱོན་ཡུལ་དངོས་ནས་འབྲོ་བའི་མི་རུ་བྱས་ཏེ་ཇི་ལྟར་འབྲོ་བ་དང་རང་སྐྱོབ་བྱེད་པའི་ནུས་པ་སྦྱོང་རྡར་བྱས་ཏེ་བྱིས་པ་ཚོར་ཉེན་འགོག་གི་ཤེས་བྱ་རྟོགས་སུ་འཇུག་དགོས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།