ཀྲུང་གོ་བོད་ཀྱི་དྲ་བ།

ཆེ་བཀུར་ཆུང་བྱམས་དང་འཆམ་མཐུན་མཛའ་གཅུགས་ལྡན་པའི་བོད་ཀྱི་ཁྱིམ་སྲོལ་འཛུགས་སྐྲུན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

001xcrmQgy6GlK7JYx87e&690.jpg

གཅིག བོད་ཀྱི་ཁྱིམ་སྲོལ་གྱི་འཕེལ་འགྱུར།

ཁྱིམ་སྲོལ་ནི་སྲོལ་རྒྱུན་གྱི་ཁྱིམ་ཚང་སློབ་གསོའི་དམིགས་བསལ་རྣམ་པ་ཞིག་ཡིན་ལ། དམངས་ཁྲོད་ཀྱི་རང་གཅུན་རང་སྡོམ་སོགས་ཀྱི་ཀུན་སྤྱོད་རིག་གནས་ཀྱི་མ་ལག་གཙོ་བོ་ཞིག་ཀྱང་ཡིན་པར་མ་ཟད། སྤྱི་ཚོགས་ཀྱི་ཀུན་སྤྱོད་བསམ་བློ་སྐྱོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། བོད་ཀྱི་ཁྱིམ་སྲོལ་ནི་ཁྱིམ་ཚང་གི་ཀུན་སྤྱོད་སློབ་གསོ་སྤེལ་བའི་གཞི་འཛིན་ས་གཙོ་བོ་ཞིག་ཡིན་ལ། བོད་ཀྱི་ཀུན་སྤྱོད་དང་མི་ཆོས་རིག་གནས་དང་མི་རིགས་ཀྱི་གཤིས་ཀ་སོགས་ཀྱི་བསྡུས་གཟུགས་ཤིག་ཀྱང་རེད།

བོད་རྒྱལ་སྲོང་བཙན་སྒམ་པོའི་ཡར་སྔོན་དུ། ཆོས་ལུགས་ཀྱི་ཤན་ཤུགས་ནི་བོད་ཀྱི་སྤྱི་ཚོགས་འཚོ་བའི་སྣ་སྒོ་མོར་སིམ་ཡོད་པར་བསྙད་ཆོག་ཀྱང་། སྐབས་དེའི་མི་རྣམས་ཀྱི་ངོས་ཟིན་དང་སྤྱི་ཚོགས་ཀྱི་འཕེལ་ཚད་སོགས་ཀྱི་དབང་གིས། ཁྱིམ་སྲོལ་གྱི་ནང་དོན་ནི་སྤྱིར་བཏང་བབ་ཆགས་སྟབས་བདེར་སྣང་། དེ་ཡང་ཆོས་ལུགས་ཀྱི་འཛེམ་བྱ་སོགས་ཀྱི་རྣམ་པའི་ཐོག་ནས་གཙོ་བོ་ཁྱིམ་ཚང་ནང་ཁུལ་དུ་ལག་བསྟར་དང་རྒྱུན་སྐྱོང་བྱེད་བཞིན་ཡོད་ལ། ངག་སྒྲོས་བརྒྱུད་ནས་ཕན་ཚུན་ལ་བརྒྱུད་སྒྲོག་བྱེད། སྲོང་བཙན་སྒམ་པོའི་དུས་ནས་བཟུང་། སངས་རྒྱས་ཆོས་ལུགས་བོད་ལ་དར་བར་མ་ཟད་བོད་སྤྱི་ཚོགས་ཀྱི་སྣ་སྒོ་མོར་སྣུམ་བཞིན་སིམ་པར་གྱུར་པ་དང་། དེ་ལ་བརྟེན་ནས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་ཞུགས་པའི་སྤྱི་ཚོགས་མི་ཆོས་དང་ཀུན་སྤྱོད་ཀྱི་ལྟ་སྟངས་གསར་པ་ཞིག་ཆགས། བོད་ཀྱི་ཁྱིམ་སྲོལ་གྱི་ནང་དོན་དང་ཁྱབ་རྒྱ་སོགས་ལ་ཡང་དེར་བསྟུན་གྱི་འཕེལ་འགྱུར་བྱུང་བ་རེད།

གཉིས། བོད་ཀྱི་ཁྱིམ་སྲོལ་གྱི་ནང་དོན།

སངས་རྒྱས་ཆོས་ལུགས་རིག་གནས་ཀྱི་ལྟ་དགོངས་སོགས་ཀྱིས་འཇིག་རྟེན་ཁྱིམ་པའི་ཁྱིམ་ཚང་འཚོ་བར་ཤན་ཞུགས་པ་ལས་བོད་ཀྱི་ཁྱིམ་སྲོལ་དེ་ཡང་བྱམས་སྙིང་རྗེ་དང་གཞན་ཕན་ལྷག་བསམ་ཀྱི་རིན་ཐང་ལྟ་བ་གཙོར་འཛིན་པའི་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ཅན་དུ་གྱུར་ཅིང་། དེ་ལ་ཡང་གཞུང་དྲང་བློ་དཀར་དང་བག་ཡོད་གྲོན་ཆུང་། སློབ་གཉེར་བསླབ་པ། ཆེ་བཀུར་ཆུང་བྱམས། མཛའ་གཅུགས་འཆམ་མཐུན། ཁེངས་སྐྱུང་ཡིད་གཟབ་སོགས་བྱེད་དགོས་ཚུལ་གྱི་ནང་དོན་ཕུན་སུམ་ཚོགས། ད་དུང་ལྟ་དགོངས་དེ་དག་ཁྱབ་སྒྲོག་བྱེད་ཆེད། ལེགས་བཤད་དང་གཏམ་རྒྱུད། གཏམ་དཔེ་སོགས་ཀྱི་རྩོམ་ཐབས་ཉེར་བླངས་པས། བོད་ཀྱི་ཁྱིམ་སྲོལ་གྱི་རྣམ་པའི་ཐོག་ནས་ཀྱང་ཕུན་སུམ་ཚོགས་པར་གྱུར་ཡོད།

1.གཞུང་དྲང་བློ་དཀར།

བོད་པའི་བསམ་བློའི་འདུ་ཤེས་སུ། སྤྱི་ཚོགས་ཐུན་མོང་ནི་མི་སྒེར་འཚོ་བའི་སྔོན་འགྲོའི་ཆ་རྐྱེན་དང་འགན་སྲུང་ཡིན་པར་བལྟ་ལ། ཚོགས་པའམ་སྤྱིའི་ཁེ་ཕན་ལ་གནོད་འཚེ་ཐེབས་དུས། དཔའ་ངར་ཆེར་བསྐྱེད་ཀྱིས་དེ་ལ་སྲུང་སྐྱོབ་བྱེད་པ་ཡིན། ལྷག་པར་ཕྱི་དགྲ་བོའི་གནོད་པ་ལ་ཐུག་དུས། ཐུན་མོང་རིང་ལུགས་ཀྱི་སྙིང་སྟོབས་ཆེན་པོས་སྲོག་ལ་ཐུག་ཀྱང་ཞུམ་མེད་འགོག་རྒོལ་བྱེད་དགོས་པར་བསམ། དེ་བས་བོད་ཀྱི་ཁྱིམ་སྲོལ་ལས་བློ་དཀར་གཞུང་དྲང་གཙིགས་སུ་འཛིན་པར་མ་ཟད། དེ་ནི་བླ་ན་མེད་པའི་ཀུན་སྤྱོད་ཡག་པོ་ཞིག་ཏུའང་བརྩི།

2. བག་ཡོད་གྲོན་ཆུང་།

བོད་ཀྱི་ཁྱིམ་སྲོལ་ལས་གྲོན་ཆུང་གི་རིན་ཐང་ལ་ངོས་ཟིན་ཟབ་མོ་འདྲོངས་ཡོད་པ་ཤེས་ཐུབ་སྟེ། བག་ཡོད་གྲོན་ཆུང་ནི་རང་ཚུགས་ཐུབ་པ་དང་ཁྱིམ་ཐབ་སྐྱོང་བའི་གཞི་རྩ་ཞིག་ཏུ་བལྟ་བ་དང་། བོད་ཀྱི་དམངས་ཁྲོད་ཀྱི་སྤྱི་ཚོགས་འཚོ་བའི་ནང་དུ་སྣུམ་བཞིན་སིམ་ཡོད་ལ། བོད་པ་རེ་རེ་ལ་བསམ་པའི་གཏིང་ནས་ཤན་ཤུགས་ཐེབས་ཡོད།

3681692695376446756.jpg

3.སློབ་གཉེར་བསླབ་པ།

སློབ་གཉེར་བསླབ་པ་ནི་བོད་ཀྱི་ཁྱིམ་སྲོལ་འཛུགས་སྐྲུན་ཁྲོད་བཏོན་པའི་ནང་དོན་གཙོ་བོ་གཞན་ཞིག་ཡིན། བོད་ཀྱི་ཁྱིམ་ཚང་ཕལ་བའི་ནང་ནས་རྒྱུན་དུ་ལེགས་བཤད་དང་བསླབ་བྱ་སྦྱོར་ཀློག་བྱེད་པ་ལ་བརྟེན་ནས་བུ་ཕྲུག་ལ་སློབ་གསོ་གཏོང་བ་ཡོད། ལེགས་བཤད་བསླབ་བྱས་ཁྱིམ་ཚང་སློབ་གསོའི་ཁྲོད་ཐོན་པའི་ནུས་པའང་མངོན་པར་གསལ། དེས་མི་རྣམས་ལ་ཧུར་བརྩོན་ཡར་བསྐྱེད་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ལ། རང་ཉིད་ལ་ཤེས་བྱའི་ནོར་བུས་གཏམས་ཀྱང་གཞན་གྱི་བསམ་ཚུལ་དང་རིན་ཐང་ལེན་དགོས་ཚུལ་གདམས་ཡོད།

4.ཆེ་བཀུར་ཆུང་བྱམས།

ཕ་མ་ལ་བསྙེན་བཀུར་བྱེད་པ་ནི་བཀུར་བའི་མཆོག་ཏུ་བརྩི་བ་དེ་ནི་བོད་ཀྱི་ཁྱིམ་ཚང་གི་ཀུན་སྤྱོད་འཚོ་བའི་མ་མཐའི་བླང་བྱ་ཞིག་ཡིན། བོད་ཀྱི་ཁྱིམ་ཚང་ཕལ་མོ་ཆེས་གཏམ་རྒྱུད་དང་གཏམ་དཔེ་སོགས་བརྒྱུད་ནས་ཆེ་བཀུར་ཆུང་བྱམས་ཀྱི་ཁྱིམ་སྲོལ་ནང་དོན་དེ་དག་བརྒྱུད་སྒྲོག་བྱེད་ལ། དེ་ནི་ཧ་ལམ་མི་རྣམས་ཀྱི་བྱིས་པའི་དུས་ཀྱི་སློབ་གསོ་མྱོང་བ་ཐོག་མའང་ཡིན། གཏམ་རྒྱུད་དང་གཏམ་དཔེ་སོགས་བརྒྱུད་ནས་བུ་ཕྲུག་ལ་ཕ་མ་དང་རྒན་པ་ལ་བཀུར་དགོས་པ་དང་། མི་ལ་ཆེ་ཆུང་དགོས་པར་བསྟན་པ་ཡིན།

5.མཛའ་གཅུགས་འཆམ་མཐུན།

《ས་སྐྱ་ལེགས་བཤད》ཀྱི་ནང་དུ་གཞན་ལ་འགྲོགས་ཚུལ་དང་། གཞན་ལ་རོགས་རམ་བྱེད་པ་དང་རང་ལ་འདོད་ཆུང་ཆོག་ཤེས་དགོས་པའི་གནས་ལུགས་མང་དུ་གདམས་ཡོད། དེ་འདྲའི་ཀུན་སྤྱོད་ཀྱི་སྲོལ་བཟང་པོའི་ཤན་ཤུགས་འོག བོད་རིགས་མང་ཚོགས་ལ་སྤྱི་ཁྱབ་ཏུ་གཞན་ལ་མཛའ་ཞིང་གཅེས་པའི་བསམ་པ་ལྡན། རོགས་རམ་མཁོ་བའི་མི་དང་འཕྲད་ན་སེར་སྣ་ཡ་ཡོ་ཅི་ཡང་མེད་པར་རང་ཉིད་ཀྱི་ནུས་ཚོད་ཀྱིས་གཞན་ལ་རོགས་རམ་བྱེད་པ་ཡིན། དེ་ལས་གཞན་ད་དུང“དགེ་བ་བཅུ་དང་མི་དགེ་བ་བཅུ”ཡིས་ཁྱིམ་ཚང་གི་ཚོགས་མི་རྣམས་ཀྱི་བསམ་བློ་དང་བྱ་སྤྱོད་ལ་ཤན་ཤུགས་ཆེན་པོ་ཐེབས་བཞིན་ཡོད། དེ་ལས་མི་གཤིས་ཀྱི་འདོད་ཧམ་ལ་སྡོམ་གཅུན་བྱས་པར་མ་ཟད། ཁྱིམ་མི་ཕན་ཚུན་བར་དང་ཕྱིའི་མི་གཞན་བར་གྱི་ཞེ་འཁོན་དང་འཐེན་འཁྱེར་སོགས་ཀྱང་ཞི་བར་བྱས། བསམ་ཚུལ་ངན་པ་དང་བྱ་སྤྱོད་ངན་པར་སྡོམ་གཅུན་བྱས་ཏེ་མཛའ་གཅུགས་འཆམ་མཐུན་གྱི་ཁྱིམ་སྲོལ་ཆགས་པར་སྐུལ་སློང་ཐེབས་ཡོད་པས། བོད་ཀྱི་སྤྱི་ཚོགས་ཀྱི་འཆམ་མཐུན་དང་བདེ་འཇགས་ལ་ཀུན་སྤྱོད་ཀྱི་ཁོར་ཡུག་ཡག་པོ་ཞིག་ཆགས་པར་བྱས་ཡོད།

6.ཁེངས་སྐྱུང་ཡིད་གཟབ།

བོད་ཀྱི་ཁྱིམ་སྲོལ་བསླབ་བྱའི་ཁྲོད་དུ་མི་ལ་ང་རྒྱལ་དང་རང་རློམ་ཆུང་བར་བྱས་ཏེ་ཁེངས་སྐྱུང་བྱེད་དགོས་པ་དང་། བློ་བརྟན་ཞིང་འགྱུར་བ་མེད་པའི་རང་བཞིན་དང་ལྡན་དགོས་ཚུལ་གྱི་གདམས་པ་མང་དུ་ཡོད།

3681692695376446754.jpg

གསུམ། བོད་ཀྱི་ཁྱིམ་སྲོལ་འཛུགས་སྐྲུན་གྱི་ཁྱད་ཆོས།

1.མི་རིགས་ཀྱི་རང་བཞིན་དང་ལྡན་པ།

བོད་ཀྱི་ཁྱིམ་སྲོལ་བསླབ་བྱ་ནི་མི་རིགས་ཀྱི་གཏམ་དཔེ་དང་མགུར་གླུ། སྙན་ཚིག གཏམ་རྒྱུད། ཟློས་གར་སོགས་ཀྱི་རྣམ་པའི་ཐོག་ནས་མངོན་ཡོད་ལ། གཏམ་རྒྱུད་དང་ལེགས་བཤད་དེ་དག་ནི་མང་ཆེ་བ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་བརྒྱུད་ནང་བསྟན་གྱི་བསམ་བློའི་དགོངས་དོན་དང་གཅིག་ཏུ་འབྲེལ་ཡོད། དེ་ལས་དཔེ་མཚོན་གྱི་ལེགས་བཤད་དང་སྐྱེས་བུ་དམ་པའི་གསུང་སྒྲོས། ལྷག་པར་མཁས་པ་ཆེན་པོའི་རྣམ་ཐར་སོགས་ལས་མངོན་པའི་བསླབ་བྱ་ཡིས་མི་རྣམས་ལ་བློ་སྦྱོང་བསྟེན་ཐབས་དང་བརྩོན་འགྲུས་བསྟེན་ཐབས། མི་དམངས་ལ་ཞབས་ཞུ་སྒྲུབ་ཚུལ། སེམས་ཅན་གྱི་དོན་ལ་འབབ་ཚུལ། གྲོགས་སྒྲིག་ཚུལ་དང་བདེན་ལུགས་སྐྱོང་སྟངས་སོགས་གདམས་ཡོད་ལ། མི་རྣམས་ལ་སྒྱུ་རྩལ་གྱི་རོ་བྲོ་ཕུན་སུམ་ཚོགས་པ་ཞིག་སྟེར་བར་མ་ཟད་བསམ་པའི་ཐོག་ནས་སྐུལ་ལྕག་སློབ་གསོ་ཐེབས་ཏེ་བྱ་བ་དང་སྤྱོད་པ་མཛེས་པར་བྱས། ལྷག་པར་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་དད་མོས་ལ་སྐུལ་འདེད་དྲིལ་སྒྲོག་གི་ནུས་པ་ཐོན་ཡོད།

2.མང་ཚོགས་ཀྱི་རང་བཞིན་དང་ལྡན་པ།

བོད་ཀྱི་ཁྱིམ་སྲོལ་གྱི་ནང་དོན་ལ་ཁྱབ་རྒྱ་ཆེ་བའི་མང་ཚོགས་ཀྱི་རང་བཞིན་དང་ལྡན། དེ་ནི་བོད་ཀྱི་ཁྱིམ་སྲོལ་རིག་གནས་རྒྱ་ཁྱབ་ཅན་དང་དམངས་ཁྲོད་ཅན་དུ་འགྱུར་ཐུབ་པའི་རྒྱུ་མཚན་ཡང་ཡིན། ཁྱིམ་སྲོལ་འཛུགས་སྐྲུན་བྱེད་པའི་རྒྱབ་རྟེན་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཡིན་ལ། དེའི་ཁ་གཏད་ཡུལ་ཡང་བོད་ཁུལ་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཡིན། ལེགས་བཤད་དང་མགུར་གླུ། གཏམ་དཔེ། ཟློས་གར་སོགས་ཀྱི་རྣམ་པའི་ཐོག་གནས་པའི་ཁྱིམ་སྲོལ་བསླབ་བྱ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཡིན་པས། ངེས་པར་མི་དམངས་མང་ཚོགས་ཀྱི་སྤྱི་ཚོགས་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་བསྐང་ཐུབ་དགོས་ལ། མང་ཚོགས་ལ་ཕྱོགས་པ་དང་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པ་ནི་ད་གཟོད་ཁྱིམ་སྲོལ་འཛུགས་སྐྲུན་གྱི་དགོས་པ་དང་རིན་ཐང་ཡིན། ཁྱིམ་སྲོལ་རིག་གནས་འཛུགས་སྐྲུན་བྱས་པ་ལས་མི་རྣམས་ཀྱི་བདེན་རྫུན་དང་མཛེས་བཙོག དགེ་སྡིག་སོགས་ཀྱི་རིན་ཐང་དཔྱད་འཇོག་ཚད་གཞི་ཆགས་པར་བྱེད་ཐུབ་པ་དང་། དེ་ནས་སྤྱི་ཚོགས་ཀྱི་རྣམ་པ་ཡག་པོ་ཆགས་པར་བྱེད་པའི་མཐའ་མཇུག་གི་དམིགས་ཡུལ་དེ་འགྲུབ་པར་ཡང་གྲོགས་སུ་འགྲོ་བ་ཡིན།

1090152584817184619.jpg

བཞི། བོད་ཀྱི་ཁྱིམ་སྲོལ་གྱི་རིག་གནས་བྱེད་ནུས།

1.སྤྱི་ཚོགས་བདེ་འཇགས་ཀྱི་བྱེད་ནུས།    

སྤྱི་ཚོགས་ཀྱི་ལམ་ལུགས་དང་སྒྲིག་ལམ་གང་རུང་ཞིག་ཡིན་ཡང་སྤྱི་ཚོགས་དེའི་ཚོགས་མི་མང་ཤས་ཀྱིས་དེ་ལ་མོས་མཐུན་བྱུང་ན་ད་གཟོད་དེ་ལུགས་མཐུན་དུ་འཕེལ་ཐུབ་པའི་གཞི་རྩའི་ཆ་རྐྱེན་གྲུབ་པ་ཡིན། དེ་བས་སྤྱི་ཚོགས་ཀྱི་ཚོགས་མི་མང་ཤས་ཀྱིས་སྤྱི་ཚོགས་དེའི་སྒྲིག་ལམ་དང་ལམ་ལུགས་ལ་མོས་མཐུན་དང་རྒྱབ་སྐྱོར་བྱེད་པ་ནི་སྤྱི་ཚོགས་བདེ་འཇགས་ཀྱི་ཆབ་སྲིད་ཐོན་ཁུངས་གལ་ཆེན་ཞིག་ཡིན། མིག་སྔར། རུལ་སུངས་ཀྱི་གནད་དོན་ནི་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་གནད་དོན་ཚབས་ཆེན་ཞིག་ཏུ་གྱུར་ཡོད། སྲིད་འཛིན་རུལ་སུངས་དང་འཚོ་བའི་རོལ་སྟངས་རུལ་སུངས་ཅན་གྱི་དཔེ་མཚོན་བགྲང་ལས་འདས། བོད་ཀྱི་ཁྱིམ་སྲོལ་ཁྲོད་ཀྱི་སྤྱི་ཚོགས་བདེ་འཇགས་ལ་ཕན་པའི་བྱེད་ནུས་དེ་འདོན་སྤེལ་བྱེད་པ་ནི་རུལ་རྒོལ་གཙང་སྤེལ་སློབ་གསོའི་སྣེ་ཁྲིད་ཀྱི་ནུས་པ་བརྒྱུད་ནས། སྤྱི་ཚོགས་ཡོངས་སུ་ཆིག་སྒྲིལ་གྱི་སྟོབས་ཤུགས་ཆགས་སུ་བཅུག་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དེ་ཡིན།

2. སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱེད་ནུས།

བདེ་འཇགས་དང་འཕེལ་རྒྱས་ནི་གཅིག་ལ་གཅིག་རྟེན་ཡིན། བདེ་འཇགས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། འཕེལ་རྒྱས་ནི་བདེ་འཇགས་ཀྱི་མཇུག་མཐའི་དམིགས་ཡུལ་ཡིན། བོད་ཀྱི་ཁྱིམ་སྲོལ་བསླབ་བྱ་སྤེལ་བ་ནི་ཁྱིམ་ཚང་གི་འཕེལ་རྒྱས་ནས་ཐུན་མོང་གི་སྤྱི་ཚོགས་འཕེལ་རྒྱས་སུ་བསྐྱོད་པའི་གོམ་པ་དང་པོ་ཡིན་ལ། རིག་གནས་ལ་བརྟེན་ནས་རུལ་སུངས་བཅོས་སྐྱོང་བྱེད་པའི་སྟོབས་ཤུགས་འདོན་སྤེལ་བྱས་ནས། རུལ་སུངས་ཀྱི་ས་བོན་འབུ་སའི་ཁོར་ཡུག་རྩ་བ་ནས་བཅོ་དགོས། ཁྱིམ་ཚང་གི་སྲོལ་བཟང་སྤེལ་ནས་སྤྱི་ཚོགས་དར་སྲོལ་བཟང་པོ་ཞིག་གྲུབ་པར་བྱས་ཏེ། བོད་ཁུལ་གྱི་འཆམ་མཐུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།