ཀྲུང་གོ་བོད་ཀྱི་དྲ་བ།

སློབ་ཆུང་སློབ་མར་བོད་སྐད་ཡིག་ཇི་ལྟར་བསླབ་ཚུལ་གྱི་བསམ་གཞིགས

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ལྗོངས་ཀྱི་སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སློབ་ཁྲིད་ཀྱི་སྤུས་ཚད་ཡག་ཐོག་ཡག་བརྩེགས་ཡོང་བ་བྱ་རྒྱུ་ནི་ཤ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཡིན། བོད་སྐད་ཡིག་གི་སློབ་ཁྲིད་ནུས་པ་མཐོ་རུ་གཏོང་ཐུབ་ན་སློབ་མའི་ཀུན་སྤྱོད་དང་ཤེས་རིག རིན་ཐང་ལྟ་བ། མཛེས་དཔྱོད་ཀྱི་རིན་ཐང་སོགས་ཕྱོགས་གང་ཅིའི་ཐད་ནས་ཡར་ཐོན་གྱི་ནུས་པ་ལེགས་པོ་ཞིག་ཐོན་ཐུབ་ངེས་ལ། རྩིས་རིག་དང་རྒྱ་ཡིག བསམ་བློ་ཆབ་སྲིད། ལོ་རྒྱུས། དབྱིན་ཇི་སོགས་ཀྱི་རིག་ཚན་རྣམས་སྦྱོང་བར་ཡང་གཞོགས་འདེགས་ཀྱི་ནུས་པ་ཞིག་ཐོན་ངེས་པ་ནི་སྨོས་མེད་ཀྱི་གཏན་ཚིགས་ཤིག་རེད། འདིར་ཁོ་མོས་ལོ་ཉི་ཤུ་ལྷག་ཙམ་རིང་ཞིང་འབྲོག་ཁུལ་དུ་སློབ་ཆུང་བོད་སྐད་ཡིག་བསླབ་ཚན་གྱི་སློབ་གསོ་དང་སློབ་ཁྲིད་བྱས་པའི་མྱོང་བ་རྣམས་ལྷུག་པོར་གླེང་བར་འདོད།

དང་པོ། སློབ་མར་བོད་སྐད་ཡིག་སྦྱོང་འདོད་ཀྱི་མཐུན་རྐྱེན་ཞིག་སྐྲུན་དགོས།

1、རིག་ཚན་ཅི་ཞིག་ཡིན་རུང་དེ་སྦྱང་འདོད་ཀྱི་བསམ་བློ་ཞིག་གི་སྔོན་འགྲོ་མ་བྱས་ན་ཟ་མ་ཞིག་ཟ་འདོད་མེད་པར་ཨུ་ཚུགས་ཀྱིས་ཟ་རུ་བཅུག་པ་དང་ཁྱད་པར་ཅི་ལ་ཡོད། དེར་བརྟེན་སློབ་ཆུང་ལོ་རིམ་ཁག་གི་སློབ་མའི་ལོ་ན་དང་སེམས་ཁམས། བོད་ཡིག་གི་རྨང་གཞིར་གཞིགས་ཏེ་རྔ་ལ་བལྟས་པའི་འཆམ་ཞེས་པ་ལྟར་གང་ལ་དེ་འཚམས་ཀྱིས་སློབ་གསོ་སློབ་ཁྲིད་ཀྱི་བགྱི་བ་དོན་དུ་བླངས་དགོས། སློབ་གསོ་སློབ་ཁྲིད་ཀྱི་ཁྲོད་བོད་ཀྱི་གཏམ་དཔེ་དང་ལེགས་བཤད། དམངས་ཁྲོད་ཀྱི་སྒྲུང་གཏམ་ཐུང་གྲས་དང་།འཛམ་གླིང་གི་གྲགས་ཅན་བྱིས་སྒྲུང་དག་བསླབ་གཞིའི་ནང་དོན་དུ་བྱས་ཏེ་ཞར་ཞོར་དུ་སློབ་མ་ཚོའི་བོད་སྐད་ཡིག་ལ་དགའ་ཞེན་གྱི་བསམ་པ་བསྐྱེད་པར་བྱ་དགོས། 《ས་སྐྱ་ལེགས་བཤད》ལས་རིག་པ་གཞོན་པའི་དུས་ན་སློབ། བ་ནི་དགུན་གྱི་དུས་སུ་གསོ། ཞིང་ནི་དྲོད་གཤེར་ལྡན་ཚེ་རྨོ། དེ་གསུམ་འབྲས་བུ་སྨིན་པའི་རྒྱུ་ཞེས་གསུངས་པ་ལྟར་ཁོ་ཚོའི་འཚོ་བ་དང་སློབ་སྦྱོང་དང་འབྲེལ་བ་བྱས་ཏེ། སློབ་མ་མི་རེ་ངོ་རེར་ཆུང་ངུའི་དུས་ནས་ཤེས་བྱ་རིག་གནས་དང་ངལ་རྩོལ་ལ་དང་ཞེན་བྱེད་དགོས་པའི་སློབ་གསོ་བཏང་ཐུབ་ཚེ། ཁོ་ཚོས་མ་སྒུལ་དང་བླངས་ངང་བོད་སྐད་ཡིག་དང་བཅས་པའི་རིག་ཚནགཞན་རྣམས་ལ་སྐོམ་པ་ཆུ་འདོད་བཞིན་འཇུག་པའི་བློ་ཞིག་ངམ་ཤུགས་ཀྱིས་སྐྱེ་ཐུབ།

2、ཡི་གེ་དག་སྙོམས་མཛེས་གསུམ་ལས། མ་དག་སྐྱེས་བུ་སྙིང་མེད་འདྲ། མི་སྙོམས་རྐང་ལག་འཁྱོར་བ་འདྲ། མི་མཛེས་གོས་ངན་གྱོན་པ་འདྲ་ཞེས་པ་ལྟར་ཡི་གེའི་དག་ཆ་དང་ཡིག་གཟུགས་ཆ་སྙོམས་མིན། གཟུགས་ལེགས་མིན་ནི་སློབ་ཆུང་མའི་ཆེས་རྩ་བའི་ཤེས་བྱ་ཞིག་ཡིན། དེ་ཡང་སློབ་ཆུང་ལོ་རིམ་དང་པོའི་སྐབས་ཆ་རྐྱེན་ཡོད་ཚེ་སྦྱང་ཤིང་ཐོག་ཡི་གེ་བྲི་རུ་འཇུག་དགོས། གལ་ཏེ་གོང་གི་ཆ་རྐྱེན་དེ་ལྟ་བུ་མེད་ཚེ་དགེ་རྒན་གྱིས་བུམ་པ་གང་བྱོའི་ཚུལ་དུ་སློབ་མར་སྨྱུག་རིམ་དང་མཐིབ་རིལ་གཏོང་སྟངས། སྨྱུ་གུ་འཛིན་སྟངས། ཡི་གེ་འབྲི་སྐབས་ལུས་ཀྱི་འདུག་སྟངས་བཅས་གོ་རིམ་བཞིན་ལེགས་པར་བསླབ་དགོས། དེ་བཞིན་དགེ་རྒན་གྱིས་ནག་པང་ཐོག་ཏུ་དུས་རྒྱུན་ནོར་མང་བའི་མིང་ཚིག་གི་དག་ཆ་དག་ཕན་ཚུན་བསྡུར་བའི་ཚུལ་དུ་རང་ཉིད་ཀྱིས་ཡིག་གཟུགས་ལེགས་པོས་བྲི་དགོས། དེ་ལྟར་མ་བྱས་ན་ཆ་འཕྲིན་དར་རྒྱས་ཤིན་ཏུ་ཆེ་བའི་དེང་གི་དུས་སུ་ང་ན་ཚ་མེད། གཡག་རྔ་དཀར་ཤི་ཞེས་པར་ང་ན། ཚྭ་མེད། གཡག་ལྔ་དཀར་ཤི་ཞེས་པའི་དག་ཆའི་ནད་གཞི་དེ་ཚབས་ཆེན་ཆགས་སྲིད། ད་དུང་རྒན་ལགས་ཚོས་ཞར་ཞོར་དུ་བོད་ཡིག་གི་དབྱངས་དང་གསལ་བྱེད་སྦྱོར་ཚུལ་དང་ཡི་གེའི་ཆེ་ཆུང་སོགས་ལ་མཛུབ་སྟོན་གང་མང་བྱ་དགོས།

གཉིས་པ། སློབ་མར་སློབ་གསོ་སློབ་ཁྲིད་བྱེད་པའི་ཐབས་ཤེས་ལེགས་པོ་ཞིག་ཡོད་དགོས།

སློབ་ཁྲིད་བརྒྱུད་རིམ་ཁྲོད་དགེ་རྒན་གྱིས་སློབ་མར་བརྩི་བཀུར་བྱེད་དགོས་པ་མ་ཟད། ད་དུང་སློབ་མ་རེ་རེའི་ཐུན་མིན་གྱི་ཁྱད་ཆོས་དང་དགའ་སྣང་དག་ལ་བསྔགས་བརྗོད་བྱེད་མཁས་པ་ཞིག་ཡིན་དགོས།དུས་མཚུངས་སུ་ཁོ་ཚོས་བྲིས་པའི་རྩོམ་ཡིག ཡིག་གཟུགས། ལན་འདེབས་པའི་སྣང་ཚུལ། ཀློག་འདོན་ཐད་ཡར་རྒྱས་ཕྱིན་པའི་སྣང་ཚུལ་དག་ལ་གང་འཚམས་ཀྱི་བསྔགས་བརྗོད་གནང་དགོས་པ་ལས་ཁོ་ཚོར་མཐོང་ཆུང་དང་སྣང་མེད་དུ་གཏན་ནས་འཇོག་མི་རུང་། སློབ་གསོ་སློབ་ཁྲིད་ཁྲོད་དགེ་རྒན་རང་ཉིད་སྦྲང་ནོར་བུ་བཞིན་སློབ་ཁྲིད་ཀྱི་མེ་ཏོག་སྣ་བརྒྱའི་ཁྲོད་ནས་ཟེའུ་འབྲུ་འཐུ་བཞིན། རང་གི་སློབ་ཁྲིད་ཀྱི་སྦྲང་རྩི་གསོག་དགོས་ལ་དུས་མཚུངས་སློབ་མ་ཚོར་དངོས་དངོས་རྗེན་རྗེན་གྱི་ཤེས་བྱའི་བདུད་རྩི་འཐུང་དུ་འཇུག་དགོས།

དགེ་རྒན་གྱིས་སློབ་མར་བརྩེ་བ་མེད་ན་དོན་ངོ་མའི་སློབ་གསོ་སློབ་ཁྲིད་ནི་ཆར་ཆུ་མེད་པའི་འབྲུག་སྐད་ཀྱི་ཟླ་བོར་གྱུར་ངེས་ལ་དགེ་རྒན་དེ་རིགས་ནི་གཙང་མཁས་གཞན་ལ་ཕན་པར་འདོད་ཅེས་པའི་མཚན་སྙན་དང་ཡོངས་སུ་འགལ་སྲིད་ལ་སྤྱི་ཚོགས་དང་ཁྱིམ་ཚང་། སློབ་མ་བཅས་ཚང་མས་དགའ་བསུ་མི་ཐོབ་པའི་དགེ་རྒན་ཙམ་པོ་བ་ཞིག་ཏུ་གྱུར་ངེས། 

དེར་བརྟེན་སློབ་མ་རྣམས་རང་གི་བུ་ཕྲུག་ལྟ་བུར་བརྩིས་ཏེ་ཁོ་ཚོར་བྱམས་སྐྱོང་བྱ་རྒྱུ་ནི་དགེ་རྒན་གྱི་དགོས་ངེས་ཀྱི་འོས་འགན་དང་དགེ་རྒན་གྱི་དྭངས་གཙང་ལྷད་མེད་ཀྱི་ཀུན་སྤྱོད་ཅིག་དང་།སློབ་གསོ་སློབ་ཁྲིད་ལེགས་སྒྲུབ་ཡོང་བའི་དགོས་པ་ཡང་ཡིན་ཞེས་པ་ལྟར་དེ་ཡང་སྨན་པས་ནད་པར་ནད་བཅོས་པ་ལྟ་བུའི་ངང་རྒྱུད་རིང་པོས་སློབ་མ་མི་རེ་ངོ་རེའི་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ཏེ་རྣག་ཐོག་བཙག་འཁེལ་གྱིས་མཛུབ་སྟོན་དང་ཐུགས་ཁུར། བྱམས་སྐྱོང་བྱས་ན། ད་གཟོད་སློབ་མ་ཀུན་གྱིས་ཡིད་ཆེད་ཐོབ་པ་དང་དགེ་རྒན་དང་སློབ་མའི་དབར་ནམ་ཡང་དོར་མི་ཐུབ་པའི་དྭངས་གཙང་ལྷད་མེད་ཀྱི་དགེ་སློབ་དབར་གྱི་བརྩེ་དུང་ཞིག་གྲུབ་ངེས།

གཞན་ཡང་ང་ཚོ་དགེ་རྒན་སུ་འདྲ་ཞིག་ཡིན་ནའང་དུས་རྒྱུན་དུ་རང་འཛིན་གྲྭའི་ནང་གི་སྦྱངས་འབྲས་དང་ཀུན་སྤྱོད་ལེགས་པའི་སློབ་མར་ཐུགས་ཁུར་དང་སྔགས་བརྗོད་བྱེད་དགོས་ལ། སློབ་ཁྲིད་ཁྲོད་ཁོ་ཚོར་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་གཏོང་དགོས་ལ། དེ་དང་དུས་མཚུངས་སུ་ཀུན་སྤྱོད་མི་ལེགས་ལ་སློབ་སྦྱོང་ཞན་པའི་སློབ་མར་ཡང་ཐུགས་ཁུར་ཟབ་བཞེས་གང་ལེགས་གནང་དགོས། སློབ་མ་དེ་རིགས་ཀྱིས་སློབ་ཁྲིད་ཁྲོད་སྐད་ཅོར་རྒྱག་པ་དང་། སློབ་ཚན་མ་ཉན་པར་གཉིད་ལོག་པ། ཐ་ན་དགེ་རྒན་ལ་མི་འདོད་པའི་རྣམ་འགྱུར་སྟོན་སྐབས། ངེས་པར་དུ་སློབ་མའི་སྤྱོད་ཚུལ་མི་ལེགས་པ་རྣམས་རྗེས་སུ་མ་ཐོན་པའི་ཐབས་ཤེས་ཅིག་སྟོན་ཐུབ་པ་བྱས་ཏེ། གཙོ་བོར་དགེ་རྒན་རང་ངོས་ཀྱི་སྐད་ཆའི་སྒྱུ་རྩལ་དང་བཟོད་སྒོམ་གྱིས་སློབ་མར་གོམ་གང་མདུན་སྤོས་ཀྱི་སློབ་གསོ་གཏོང་དགོས།

གསུམ་པ། སློབ་ཞོར་དུ་རྩོམ་ཡིག་འགྲན་བསྡུར་དང་འབྲེལ་བའི་བྱེད་སྒོ་མང་ཙམ་སྤེལ་དགོས།

སྐད་ཡིག་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་རྩོམ་འབྲིའི་སློབ་ཁྲིད་ནི་སློབ་མའི་སྐད་ཡིག་ཆུ་ཚད་སྦྱོང་སྤྱོད་ཀྱི་ཆུ་ཚད་གོང་དུ་སྤེལ་བའི་བྱ་ཐབས་མེད་དུ་མི་རུང་བ་ཞིག་ཡིན་ཞིང་།དེ་ནི་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་གལ་ཆེ་ཤོས་ཀྱི་ལྷུ་ཚིགས་ཤིག་ཆགས་ཡོད། དེར་བརྟེན་དགེ་རྒན་གྱིས་རྒྱུན་དུ་སློབ་མར་ཚིག་གྲུབ་བཟོ་རྒྱུ་དང་རྩོམ་ཐུང་ནས་འགོ་བཙུགས་ཏེ་མང་ཙམ་འབྲི་རྒྱུ་དང་།གཞན་གྱི་ལེགས་རྩོམ་དག་མང་ཙམ་རོལ་མྱོང་བྱེད་དུ་འཇུག་དགོས། དེ་ནི་བསླབ་གཞི་སློབ་ཐབས་གསར་པའི་སློབ་ཁྲིད་བྱ་ཐབས་དང་མཐུན་ཞིང་སློབ་མ་ཚོ་ལག་པ་འགུལ་བ། སྒེར་ཚུགས་ཀྱི་བསམ་བློ་ཞིག་ཆགས་རྒྱུར་ཕན་པ་ངེས་ཅན་ཞིག་ཐོབ་སྲིད། དེ་དང་དུས་མཚུངས་སུ་སློབ་མ་ཚོ་ཕྱོགས་ཡོངས་ཀྱི་ཤེས་ལྡན་མི་སྣར་གསོ་སྐྱོང་བྱེད་པར་རྨང་གཞི་བརྟན་པོ་འདིང་ཐུབ། དགའ་འོས་པ་ཞིག་ལ་དེང་སྐབས་བོད་ལྗོངས་ཁུལ་གྱི་སློབ་ཆུང་སློབ་ཕྲུག་གི་རྩོམ་འབྲི་བྱས་པའི་ལེགས་རྩོམ་དུ་མ་ཐོན་གྱི་ཡོད་པས་སློབ་ཆུང་སློབ་མ་མང་པོས་དྲ་ཐོག་ནས་ཁོ་ཚོར་མཁོ་བའི་རྩོམ་མྱོང་རོལ་བྱེད་ཀྱི་ཡོད།

བཞི་པ། དུས་རྒྱུན་དུ་སློབ་མའི་འཚོ་བ་དང་སློབ་སྦྱོང་གནས་ཚུལ་ལ་རྒྱུས་མངའ་དང་ལྟ་རྟོག་མང་ཙམ་བྱ་དགོས།

རྒྱུགས་ལེན་བྱ་རྒྱུ་ནི་སློབ་ཁྲིད་ཀྱི་སྤུས་ཚད་ཇི་ལྟར་སླེབས་མིན་གྱི་གཙོ་བོའི་ཚད་གཞི་འཛིན་ས་ཞིག་ཡིན། རྒྱུགས་ལེན་ལ་དབྱེ་ན། གཙོ་བོར་བློ་རྒྱུགས་དང་ཡིག་རྒྱུགས་གཉིས་ཡོད། དགེ་རྒན་ཁག་གཅིག་གིས་རྒྱུན་དུ་ཡིག་རྒྱུགས་གཙོ་བོར་འཛིན་པ་ལས་བློ་རྒྱུགས་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད། དེ་ནི་སྐད་ཡིག་སློབ་ཁྲིད་ཁྲོད་ཀྱི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན། ངས་བལྟས་ན་དེ་གཉིས་ཟུང་འབྲེལ་དང་གཅིག་ལ་གཅིག་བརྟེན་ཐོག་ནས་སློབ་མའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་ནི་གལ་ཆེ་བར་སྣང་། དུས་མཚུངས་སུ་དགེ་རྒན་གྱིས་ནན་ཏན་ངང་སློབ་མའི་གནས་ཚད་རབ་འབྲིང་ཐ་གསུམ་ལ་གཞིགས་ཏེ་རྒྱུགས་གཞི་འདོན་རྒྱུ་དང་ཡིག་རྒྱུགས་སྐབས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་ལས་ཁྲལ་སེལ་སླ་བཅོས་དང་ཉི་མ་གང་འཁྱོལ་གྱིས་སློབ་གསོ་རྒྱབ་མི་ཉན།

མདོར་ན། མེ་ཏོག་འདྲ་བའི་སློབ་ཆུང་སློབ་མ་ནི་མེས་རྒྱལ་གྱི་བདག་པོ་དང་མ་འོངས་པའི་ཤེས་ལྡན་མི་སྣ་འབའ་ཞིག་ཡིན་པས། ཐོག་མར་བོད་སྐད་ཡིག་སློབ་སྦྱོང་བྱ་རྒྱུ་ནས་སྐུལ་མ་མཛད་དེ་ཕྱོགས་གང་ཅིའི་ཐད་ལ་མི་རྨོངས་པའི་ལམ་དུ་འཁྲིད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།