ཀྲུང་གོ་བོད་ཀྱི་དྲ་བ།

སློབ་མ་ཞིག་གི་སེམས་གཏམ་དང་སྦྱར་བའི་སྐད་ཆ་ཐུང་ངུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དོན་གྲུབ་ཚེ་རིང་།   སྤེལ་དུས། : 2018-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁོ་བོ་ནི་སློབ་ཆུང་གི་སློབ་མ་དཀྱུས་མ་ཞིག་སྟེ། ལོ་ན་ཆུང་ཞིང་གཞུང་རྒྱུད་དྲང་བ། བླང་དོར་གྱི་གནས་ལ་ཐོག་མར་འཇུག་པ། འཇིག་རྟེན་གྱི་བཟང་ངན་ཀུན་ལ་མཚར་སྣང་ཡོད་པ་ཞིག་ཡིན་པ་དང་། ང་ལ་དགའ་བ་ཉག་ཅིག་ཡོད་པ་ནི་རྩེད་མོ་ལ་རོལ་རྒྱུ་དེ་ཡིན། དེ་ནི་ང་རང་གིས་བདམས་པ་ཞིག་མ་ཡིན་པར། མི་ཞེས་པའི་སྲོག་ལྡན་འདིའི་རང་གཤིས་སུ་གྲུབ་པ་ཞིག་ཡིན་པས་ཆོས་ཉིད་དུ་སེམས། ཁོ་བོས་བོད་ཀྱི་སྐད་ཡིག་སྦྱོང་བའི་སློབ་གྲོགས་མང་པོ་ཞིག་གི་ཚབ་བྱས་ཏེ་སེམས་གཏམ་ཉུང་ཙམ་དགེ་རྒན་དག་གཙོ་བྱས་པའི་ཀློག་པ་པོ་རྣམས་ལ་འབུལ་རྒྱུ་ནི་འདི་ལྟར། གཅིག ཁོ་བོའི་སློབ་སྦྱོང་གི་ཁུར་པོ་ལྗིད་དྲགས་ན་ཤེས་པའི་སྟོབས་ཉམས་ཏེ་བློ་འཆལ་བར་འགྲོ། དེ་ཡང་ཁུར་པོ་ལྗིད་དྲགས་པའི་དབང་གིས་ནམ་ཡང་བྲེལ་བྲེལ་འཚུབ་འཚུབ་དང་ཐང་ཆད་པ་དང་། བསླབས་ཟིན་པའི་ཤེས་རིག་གི་ཉིང་བཅུད་རང་ཉིད་ཀྱི་ཞུ་སྟེ་གཏིང་ཇེ་ཟབ་དང་། ཞིབ་ཇེ་ཚགས་སུ་གཏོང་བའི་དུས་ཚོད་མེད་པ་དང་། ཤེས་རིག་གིས་མི་སྒེར་ལ་བསྩལ་པའི་དོན་སྙིང་མི་རྟོགས་པར་རང་ཉིད་ཀྱི་སེམས་པའི་རྒྱུ་ནོར་གྱི་མ་ལག་ཆ་ཚང་བར་འགྲུབ་བྱའི་ཤེས་རབ་ཏུ་འགྱུར་མི་ཐུབ། དེ་ལྟར་ཡུན་རིང་པོ་སོང་ན་ཁོ་བོ་ཤེས་མེད་ཚོར་མེད་དང་ཡིད་རྒས་ཉམས་ཞུམ། ཉབ་བེ་ཉོབ་བེ་རུ་འགྱུར་བ་ཁོ་ཐག་རེད། ཁུར་པོ་ལྗིད་དྲགས་ན་ཁོ་བོའི་ཤེས་ཚོར་འཕེལ་བ་ལའང་ཤུགས་རྐྱེན་ངན་པ་ཐེབས་ངེས་ཞེས་ཀྱང་གསུང་གིན་ཡོད་དེ། ཞིབ་འཇུག་བྱས་པ་ལྟར་ན་མྱོང་ཚོར་དང་ཤེས་རབ་གཉིས་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་བཟོ་བ་དང་གཅིག་ལ་གཅིག་རྟེན་དུ་གནས་ཡོད། བྱིས་པ་ལ་གནོན་ཤུགས(ཚོར་བའི་ཆ)བྱིན་ན། དེའི་བསམ་གཞིག(ཤེས་རབ་ཀྱི་ཆ)གི་ཆུ་ཚད་ལྡོག་སྟེ་རིམ་པ་གཅིག་གིས་མར་ལྷུང་འགྲོ་བ་དང་། ཚོར་བའི་སྟོབས་འཕེལ་བ་ལ་ཤན་ངན་པ་ཞུགས་ན་གཏན་ཚིགས་ཀྱི་བསམ་གཞིག་ནུས་པ་སྔར་ལས་མཐོ་སར་འཕེལ་བ་ལ་འགོག་རྐྱེན་གཏོང་སྲིད་པ་དང་། འཚར་ལོངས་ཀྱི་དུས་སྔ་མ་ལ་ཡོད་པའི་ཚོར་བའི་འགལ་ཆ་དེ་ཡག་པོར་ཐག་གིས་མ་ཆོད་ན། དུས་རྗེས་མའི་བསམ་གཞིག་གི་སྟོབས་འཕེལ་བ་ལ་བཀག་འགོག་གི་རྐྱེན་ངན་པ་ཐེབས་པ་རེད་ཅེས་པའོ། །

ནམ་ཡང་འགན་གྱིས་ལྕི་བའི་མགོ་ཁྲིད་དང་ལས་བྲེལ་ཆེ་བའི་དགེ་རྒན་ལགས། ཁྱེད་ཅག་གིས་རྩེད་མོ་ནི་བྱིས་པ་འཇིག་རྟེན་དང་འབྲེལ་འདྲིས་བྱེད་སྟངས་ཆེས་ཡག་ཤོས་ཤིག་རེད་ཅེས་པའི་གསུང་འདི་ལ་མཇལ་ན་ཐུགས་ཁྲོས་པའམ་བློ་མི་བདེ་བ་སྣ་ཚོགས་འབྱུང་ན་ཐང་མོད། འོན་ཀྱང་དེ་ནི་ང་འདྲ་བའི་བྱིས་པ་བསམ་མེད་ཅིག་གིས་གང་འདོད་དུ་ཤར་མར་བརྗོད་པ་ནི་མ་ཡིན་ཏེ། སློབ་གསོ་དང་སེམས་ཁམས་སྨྲ་བའི་སློབ་དཔོན་མང་པོས་ལོ་ཟླ་གྲངས་མེད་ལ་ཞིབ་འཇུག་བྱས་རྗེས་དེ་དག་གིས་བློ་ལས་ཐོན་པའི་སྡོམ་ཚིག་ཡང་དག་པ་ཞིག་ཡིན་པས། རྒྱུ་མཚན་མེད་པ་ཞིག་ག་ལ་ཡིན། རྩེད་མོའི་སེམས་ཁམས་ནི་ཁེ་ཕན་ཐོབ་འདོད་ཀྱི་བསམ་བློ་ལས་བརྒལ་བའི་སེམས་ཁམས་ཤིག་སྟེ། གོ་རིམ་ལ་མཐོང་ཆེན་བྱེད་པ་ལས་མཇུག་འབྲས་ལ་དོ་སྣང་མེད་པའི་འཚོ་བའི་རྣམ་འགྱུར་དང་རོལ་སྟངས་ཤིག་ཡིན།

ཁུར་པོ་ལྗིད་པས་ཁོ་བོས་རྩེད་མོ་སྣ་ཚོགས་ལ་བརྟེན་ནས་ཤེས་བྱར་གོ་བ་ལེན་རྒྱུ་དང་། འཇིག་རྟེན་གྱི་སྣང་ཚུལ་དག་ལ་ཐོག་མའི་བསམ་གཞིག་གཏོང་བའི་གྲངས་ཀ་ཇེ་ཉུང་དང་། འཁྲུལ་ཤེས་དང་ལོག་ཤེས་སྐྱེ་རུ་འཇུག་པ་དང་། ཐ་ན་བཙན་འཕྲོག་གིས་ཡོད་ཚད་མེད་བརླག་ཏུ་གཏོང་བ་རེད། ཁུར་པོ་ལྗིད་མོ་དེས་ཁོ་བོ་ཆུང་དུས་ནས་ཁེ་དང་རྒྱལ་ཁ་ནམ་ཡང་རང་གིས་ལེན་པ་དང་། མིག་རྒྱང་ཧ་ཅང་ཐུང་བའི་སྐྱོན་ཆ་རྒྱུད་དུ་ཆགས་སྲིད་པ་དང་། ཁོ་བོ་དང་ལོ་ཚོད་འདྲ་བའི་སློབ་མ་མང་པོའི་དཔྱོད་ཤེས་ལས་བྱུང་བའི་མཚར་སྣང་དང་ཤེས་འདོད་ཀྱི་བློ་དྲག་པོ་དང་། རྩད་ཞིབ་ལ་སུན་སྣང་མེད་པའི་སྙིང་སྟོབས་བཅས་སྐྱེད་སྲིང་བྱེད་རྒྱུ་ལ་གནོད་པ་དང་། སློབ་མའི་མཐའ་དཔྱོད་སྙིང་སྟོབས་དང་དོགས་སློང་གི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་ལའང་མི་ཕན་པར་བསླབ་དེབ་ཁོ་ན་བདེན་པར་འཛིན་པ་དང་། གོང་རིམ་གཅིག་པུ་མཆོག་པར་འཛིན་པ། བསླུ་བྲིད་ལ་ཚུད་སླ་བ་དང་། རྨོངས་རྒྱུགས་ལ་སྤྲོ་བ་སོགས་ཀྱི་སྐྱོན་གྱིས་གོས་ནས་རང་རྐྱ་འཕེལ་བའི་མི་གཤིས་གྲུབ་པ་ལ་མི་ཕན་པ་རེད། མི་ཞེས་པ་ནི་སྣ་འདུས་ཤིག་ཡིན་ཏེ། སློབ་མ་ལ་རང་བདག་རང་ཚུགས་ཀྱི་འཕེལ་རྒྱས་མེད་ན་ནང་སེམས་ཀྱི་དྲན་པ་ཕུན་སུམ་ཚོགས་པ་དང་། ཤེས་པ་ཟབ་མོའང་ཡོད་མི་སྲིད་ལ། མངོན་གསལ་དོད་ཅིང་ཐུན་མོང་མ་ཡིན་པའི་རང་གཤིས་གྲུབ་མི་ཐུབ་པ་དང་། བདེ་ཐང་གི་མི་གཤིས་ཤིག་ཀྱང་གྲུབ་མི་སྲིད་དོ། །

སློབ་གྲྭའི་སྒྲིག་ལམ་དང་དགེ་རྒན་གྱིས་འདོད་སྟངས་ཤིག་གི་དབང་གིས་ང་ཚོ་ལ་ནམ་ཡང་ཁོམ་ལོང་གི་སྐལ་བ་མི་སྟེར་ཏེ། སློབ་མར་ཁོམ་ལོང་བྱུང་ན་དགེ་རྒན་གྱི་སྙིང་ན་བའམ་ཡང་ན་སློབ་མ་ལ་ཤ་མ་ཚ་བའི་རྟགས་མཚན་ཞིག་ཏུ་འཛིན་པ་དང་འདྲ་མོད། འོན་ཀྱང་སློབ་གསོའི་ཆོས་ཉིད་ལ་རྩིས་མཐོང་ཆེ་བའི་ཆེད་མཁས་སློབ་དཔོན་དག་གིས་ཁོམ་ལོང་ནི་བྱིས་པའི་འཚར་ལོངས་ཀྱི་ཁྲོད་དུ་མེད་དུ་མི་རུང་བར་འདོད་པ་དང་། རྒྱུ་མཚན་ཡང་དྲངས་ཡོད་དེ། ཁོམ་ལོང་ནི་མི་ཞིག་རང་དགར་འཕེལ་རྒྱས་འགྲོ་བའི་དུས་ཚོད་དང་རྒྱུ་ལྟ་བུ་ཡིན། ཁོམ་ལོང་མེད་ན་རང་བཞིན་གྱི་འཕེལ་རྒྱས་མེད་དེ། འཇིག་རྟེན་ལ་གཏིང་ཟབ་ཅིང་ཐུན་མོང་མ་ཡིན་པའི་ཉམས་སྣང་དང་། དཔྱོད་ཤེས། གདེང་ཚོད། སྤྲོ་སྣང་ཆེ་བའི་སྒོ་ནས་རང་མོས་ཀྱི་དཔེ་ཀློག་བྱེད་པ་དང་། ཁེ་ཐོབ་མ་སེམས་པའི་བསམ་པ་ཕྱིར་ཡན་དུ་གཏོང་བ། ཕྱིའི་གནོན་ཤུགས་མེད་པར་བསམ་གཞིག་གཏིང་ཟབ་པར་གཏོང་རྒྱུ་སོགས་མེད་པས། ཐུན་མོང་མ་ཡིན་པའི་བསམ་བློའང་འབྱུང་མི་སྲིད་དོ། ། སློབ་སྦྱོང་གི་ཁུར་པོ་ལྗིད་དྲགས་ན་སློབ་མར་ཁོམ་ལོང་དང་ལྷིང་འཇགས་ཀྱི་སེམས་ཁམས་ཤིག་ཡོད་མི་ཐུབ་པར། ཉིན་རྒྱུན་སེམས་ཁྲལ་དང་བློ་མི་བདེ་བའི་མནར་གཅོད་ཀྱི་ཁྲོད་དུ་ལུས་ཉེན་ཆེ་བར་འདོད།

མགོ་ཁྲིད་དང་དགེ་རྒན་རྣམ་པ། ཁྱེད་ཅག་ཚེ་གང་པོར་སློབ་གསོའི་ལས་ལ་ཞུགས་པ་ནི་སློབ་མའི་བསམ་བློ་དང་རིག་པ་ལ་གཤོག་རྩལ་རྒྱས་ནས་འཕུར་དུ་འཇུག་པའི་ཆེད་ཡིན་ནམ་འཆི་རུ་འཇུག་པའི་ཆེད་ཡིན། དེ་ནི་སློབ་མའི་བསམ་བློ་ལ་གཤོག་རྩལ་རྒྱས་སུ་འཇུག་རྒྱུ་ལས་འཆི་རུ་འཇུག་རྒྱུ་ག་ལ་ཡིན་ཞེས་རྫིག་ཉམས་དང་བཅས་ཏེ་བརྗོད་ངེས། འོ་ན་བསམ་བློ་ལ་གཤོག་རྩལ་རྒྱས་ནས་འཕུར་དགོས་ན་བསམ་པའི་མཐོངས་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་དགོས་པ་མ་ཡིན་ནམ། ཁུར་པོ་ལྗིད་དྲགས་ན་སློབ་མའི་ནང་སེམས་ཀྱི་འཇིག་རྟེན་གུ་ཇེ་དོག་ཏུ་འགྲོ་བ་ལས་མེད་པ་དང་། སློབ་མའི་གཉོམ་ལག་རྒྱས་མེད་པའི་ཤེས་རབ་ལ་སྔོག་འདོན་བྱེད་སྔ་བ་དང་བྱེད་དྲགས་ནས་ཤེས་རབ་ལ་གསོ་བཅུད་ཀྱི་མ་འདང་བ་ཁ་གསབ་དང་གསར་དུ་སྐྱེད་བྱེད་ཀྱི་རྒྱུ་མེད་པར་འགྱུར་བས་ཤེས་སྟོབས་ཆུང་བའི་དཀྱུས་མ་དང་རྒྱུན་མཐུད་ཀྱི་འཕེལ་རྒྱས་ཀྱི་སྟོབས་ཀྱང་ཟད་འགྲོ་བ་རེད།

ཁུར་པོ་ལྗིད་དྲགས་པའི་སྣང་ཚུལ་གཙོ་བོ་ནི་སློབ་སྦྱོང་བྱེད་སྟངས་རྙིང་བ་དང་རྐྱང་བ། འགྱུར་བ་ཅི་ཡང་མེད་པའི་སྦྱོང་བརྡར་དང་། བྱེད་ཐབས་གཅིག་ཀྱང་མེད་པའི་བསྐྱར་སྦྱོང་། དུས་ཚོད་ཡོད་ཚད་སྤྱད་ཀྱང་བྲིས་མི་ཚར་བའི་ལས་བྱ། དུས་དང་ཡུལ་ངེས་མེད་དུ་སྦྱང་བྱ་འབོར་ཆེན་སློབ་ཏུ་བཅུག་ནས་རྒྱུགས་འབྲས་ལ་རེ་བ་སོགས་ལས་མཚོན་པ་ཡིན། དེ་འདྲའི་ཁུར་པོ་ལྗིད་མོས་མི་ལ་ངལ་བ་དང་སུན་སྣང་སྐྱེ་རུ་འཇུག་པའི་ཁར་སློབ་གྲྭ་ལ་སློབ་མའི་ཡིད་དབང་འགུག་པའི་ཆ་ཅི་ཡང་མེད་པར་འགྱུར་བ་སོགས་ཀྱི་གནོད་པ་མང་པོ་ཡོད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།