ཀྲུང་གོ་བོད་ཀྱི་དྲ་བ།

སློབ་མར་བརྟག་ཐབས་ཤིག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བདེ་ཆེན་སྒྲོན།   སྤེལ་དུས། : 2018-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་ངོ་གསུམ་ཡར་སྔོན་གྱི་དབྱར་ཁ་ཞིག་ལ། ང་ཚོའི་སློབ་གྲྭས་སྔོན་ལུགས་ལྟར་རྫོང་ཁུལ་གྱི་གཞི་རིམ་སོ་སོ་གཙོར་བྱས་ཏེ་ས་ཆ་མང་པོའི་ལོ་རིམ་གསུམ་པ་ནས་བཞི་པར་འཕར་རན་པའི་སློབ་མ་མང་པོ་ཞིག་གསར་དུ་སྡུད་ལེན་བྱས། ང་ཚོའི་སློབ་གྲྭ་ནི་རྫོང་མཁར་འདིར་མཚོན་ན་ཆེས་ཆེ་བའི་བོད་ཡིག་སྦྱོང་སའི་སློབ་ཆུང་ཞིག་ཡིན། གཞི་རིམ་གྱི་སློབ་གྲྭ་ཕལ་མོ་ཆེ་ལ་ལོ་རིམ་གསུམ་པའི་ཡན་མེད་པས་ལོ་རིམ་བཞི་པ་འདོན་པར་རྫོང་མཁར་གྱི་སློབ་གྲྭ་དག་ལ་འོང་དགོས།

ཉིས་སྟོང་བཅོ་ལྔ་ལོའི་དབྱར་གནང་རྫོགས་ཤིང་སློབ་མགོ་གསར་པ་ཚུགས་བྱུང་བས་ངའི་སེམས་ལ་བྲེལ་འཚུབ་ཅིག་སྐྱེས་བྱུང་། རྒྱུ་མཚན་ནི་ངའི་འཛིན་གྲྭ་མཐར་ཕྱིན་ཟིན་པས་ད་ནི་འཛིན་གྲྭ་ཅི་འདྲ་ཞིག་བཀོད་སྒྲིག་གནང་ཡོང་བ་ལ་སེམས་ཁྲལ་བྱེད་དགོས་བྱུང་། དགེ་རྒན་སུ་ཞིག་ཡིན་ནའང་སློབ་མ་ཤེས་བྱའི་རྨང་རྐང་བཟང་ཞིང་ཀུན་སྤྱོད་ལེགས་པ་རྣམས་སྐྱོང་བ་ལ་དམིགས་བསལ་གྱིས་དགའ་བ་ནི་ང་ཚོ་ཐུན་མོང་ལ་ཡོད་པའི་སེམས་ཁམས་ཤིག་རེད་འདོད་ཡོད། སློབ་གྲྭས་ང་ལ་ལོ་རིམ་བཞི་པའི་འཛིན་གྲྭ་ལྔ་པ་སྟེ་སློབ་མ་ང་གཉིས་ཀྱིས་གྲུབ་པའི་འཛིན་གྲྭ་ཞིག་ལ་སྐད་ཡིག་སློབ་ཁྲིད་བྱེད་པའི་ལས་འགན་སྤྲད་བྱུང་། ཁོ་ཚོ་ལ་སྐད་ཡིག་ཚོགས་ཐུན་ཐེངས་དང་པོར་འཚོགས་སྐབས་ངས་སྐད་ཆ་ཉུང་བསྡུས་སྒོས་རང་ཉིད་ངོ་སྤྲོད་ཙམ་བྱས་ཤིང་།སློབ་མ་ཡོངས་ལ་འབྲི་ཤོག་རེ་སྤྲད་དེ་རང་ཉིད་ངོ་སྤྲོད་ཐུང་ཐུང་རེ་འབྲི་རུ་བཅུག་པ་ཡིན། སྐབས་དེར་འཛིན་གྲྭ་འདིར་སློབ་བུ་ལྔ་བཅུ་ང་གཉིས་ཡོད་པ་ཧ་གོ་བ་ཙམ་ལས་གནས་ཚུལ་གཞན་ལ་ཆ་རྒྱུས་ཅི་ཡང་མེད་པས་ཁོ་ཚོས་རང་ཉིད་ངོ་སྤྲོད་གནང་བ་དེས་ང་ལ་རེ་བ་དང་འོད་སྣང་སྟེར་བར་རེ་སྒུག་བྱས་ཏེ་བསྡད་པ་ཡིན། འོན་ཀྱང་མཇུག་འབྲས་ནི་ངའི་འདོད་མོས་དང་ཡོངས་སུ་གོ་ལྡོག་འདུག་པས་ང་རང་ཅི་བྱ་གཏོལ་མེད་དུ་གྱུར་ཏོ། །

སློབ་མ་ང་གཉིས་ཀྱི་ནང་དུ་རང་ཉིད་ངོ་སྤྲོད་ཅུང་འོས་འཚམས་ཤིག་འབྲི་ཐུབ་མཁན་སློབ་མ་གཅིག་ལས་མི་འདུག་ལ། རང་གི་ཕ་ཡུལ་དང་རང་གི་མིང་ཡང་འབྲི་མ་ཐུབ་པར་མ་ཟད་ཐ་ན་གསལ་བྱེད་སུམ་ཅུ་ཙམ་ཡང་ངོས་མི་ཟིན་མཁན་སློབ་མ་ལྔ་འདུག དེའི་ཁྲོད་དུ་འབྲོག་སྐད་ཚིག་གཅིག་ཀྱང་མི་གོ་བའི་སློབ་མ་ཞིག་ཀྱང་ཡོད་འདུག གཞན་སློབ་མ་བཅུ་ཕྲག་ཙམ་གྱིས《ལྕགས་རི་རིང་བོ》ཞེས་པའི་སློབ་ཚན་ལས་ཚིག་འགའ་རེ་བློ་ན་ཡོད་པ་སོགས་བྲིས་འདུག་པའང་ཡིག་ནོར་རྐྱང་རྐྱང་རེད། གཞན་པ་དག་གིས་ན་ཚོད་དང་ཕ་ཡུལ་གྱི་མིང་ཙམ་རེ་ངོ་སྤྲོད་བྱས་འདུག་པ་མ་གཏོགས་རང་ཉིད་ཀྱི་དགའ་ཕྱོགས་དང་ཕུགས་བསམ། རེ་འདུན་དང་འཆར་གཞི་སོགས་ལས་འཕྲོས་ཏེ་རྒྱས་འབྲི་ཐུབ་མཁན་སློབ་མ་གཅིག་ཀྱང་མི་འདུག གང་ལྟར་སྐབས་དེར་ང་ལ་མཚོན་ན་སྨྲ་མི་ཤེས་པའི་ཚོར་འདུ་སུན་པོ་ཞིག་གིས་ཡང་ཡང་གཙེས་བྱུང་། ཡིན་ན་ཡང་སློབ་མ་ཟེར་བ་དེ་ནི་མི་ཤེས་པ་རྣམས་སློབ་པར་འོང་བ་ལས་གལ་ཏེ་ཚང་མ་རྟོགས་ཟིན་ན་ནི་འཁྲིད་དགོས་དོན་ཅི་ཞིག་ཡོད་སྙམ་ནས་རང་གིས་རང་ལ་སེམས་གསོ་ཡང་བྱས་པ་ཡིན། དེ་ནས་ཁོ་ཚོས་བྲིས་པའི་རང་ཉིད་ངོ་སྤྲོད་དེ་དག་བདག་གིས་ཉར་ཚགས་ཞིབ་མོར་བྱས་ཏེ་མ་འོངས་པར་ཁྱོད་ཚོ་སློབ་མཐར་ཕྱིན་སྐབས་ཕྱིར་སོ་སོའི་ལག་ཏུ་འཇོག་རྒྱུ་ཡིན་པས། སྐབས་དེར་འདས་ཟིན་པའི་ལོ་ངོ་གསུམ་རིང་ང་ཚོ་དགེ་སློབ་ཟུང་འབྲེལ་གྱིས་འབད་པ་གནང་བ་དེས་སོ་སོར་ཡར་ཐོན་ཅི་འདྲ་ཞིག་བྱུང་ཡོད་པ་དང་བསྡུར་ཆོག་ཅེས་བཤད་དེ་ཁོ་ཚོའི་འབྲི་ཤོག་རྣམས་བདག་ཉར་ཧ་ཅང་ཞིབ་མོ་བྱས་པ་ཡིན་ནོ། །

དུས་ཚོད་ནི་བསམ་དབང་དྲན་དབང་མེད་པར་བཞུད་ཟིན་པས་ལོ་ངོ་གསུམ་ནི་སྐད་ཅིག་ཙམ་གྱི་ཡུན་ལ་འདས་སོང་བས་ད་ནི་ཁོ་ཚོ་སློབ་མཐར་ཕྱིན་པར་ཉིན་གསུམ་ལས་མི་འདུག དེ་རིང་ངས་སྔོན་བརྡ་ཅི་ཡང་མེད་པའི་གནས་ཚུལ་འོག་གློ་བུར་དུ་འབྲི་ཤོག་རེ་རེ་སྤྲད་དེ་སླར་ཡང་རང་ཉིད་ངོ་སྤྲོད་ཐུང་ངུ་རེ་རེ་འབྲི་རུ་བཅུག་པ་ཡིན། ངས་བཏོན་པའི་རེ་འདུན་ནི་ཁྱོད་ཚོ་སློབ་མཐར་ཕྱིན་ལ་ཉེ་བས་སློབ་སྐབས་རྗེས་མར་སློབ་གྲྭ་གསར་པ་ཞིག་ཏུ་ཞུགས་ཏེ་སློབ་སྦྱོང་བྱེད་རན་སོང་བས། སྐབས་དེའི་དགེ་རྒན་དང་སློབ་གྲོགས་གསར་པ་དག་ལ་རང་ཉིད་ངོ་སྤྲོད་ཇི་ལྟར་བྱས་ན་ལེགས་སྙམ་ན་དེ་ལྟར་ཕྲིས་ཞེས་བསྐུལ་རྗེས་སྐར་མ་ཉི་ཤུ་ཡི་དུས་ཡུན་ཚད་བཟུང་བྱས་ཏེ་འབྲི་རུ་བཅུག་པ་ཡིན། དེ་རིང་བདག་གིས་ཁ་དན་ཚིག་ལ་གནས་ཏེ་སློབ་གྲོགས་སོ་སོས་ལོ་གསུམ་གྱི་ཡར་སྔོན་ལ་བྲིས་པའི་རང་ཉིད་ངོ་སྤྲོད་ཐུང་ངུ་བྲིས་ཡོད་པའི་ཤོག་ལྷེ་དག་སོ་སོའི་ལག་ཏུ་ཕྱིར་སྤྲད་པ་ཡིན། ལོ་ངོ་གསུམ་གྱི་སྔ་རྗེས་སུ་བྲིས་པ་དག་ཕན་ཚུན་བསྡུར་ཏེ་རང་གིས་རང་ལ་གདེང་འཇོག་བྱེད་དུ་བཅུག་པ་ཡིན། རང་ཉིད་ལ་ཡར་ཐོན་བྱུང་འདུག་སྙམ་མཁན་དག་ལ་ལག་པ་ཡར་སྒྲེང་དུ་འཇུག་སྐབས། འཛིན་གྲྭ་ཡོངས་ཀྱིས་མ་བགྲོས་གཅིག་མཐུན་ངང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་སྤོབས་པ་དང་ཡིད་ཆེས་ངང་ལག་པ་ཡར་བསྒྲེངས་བྱུང་། སྣང་ཚུལ་འདི་ལས་ང་ལ་སྨྲ་བསམ་བརྗོད་འདས་ཀྱི་སེམས་འགུལ་ཞིག་ཐེབས་སུ་བཅུག་སོང་། ཅུང་ཙམ་གྱི་རྗེས་སུ། མ་གཞི་ལྷིང་འཇགས་སུ་གནས་པའི་སློབ་ཁང་འུར་ཟིང་ངེར་གྱུར་སོང་། སློབ་གྲོགས་ཚོས་ལོ་ངོ་གསུམ་གྱི་ཡར་སྔོན་ལ་རང་ཉིད་ཀྱིས་བྲིས་པ་དག་ལ་བལྟས་ཏེ་ཧབ་ཆ་བྱེད་པ་དང་། སློབ་གྲོགས་ཕན་ཚུན་བར་རང་ཉིད་ཀྱིས་བྲིས་པ་དག་བརྗེ་རེས་བྱས་ཏེ་ཀློག་འདོན་བྱས་ནས་དགོད་སྒྲ་ལྷང་ལྷང་གིས་སློབ་ཁང་ཧྲིལ་པོ་ཁེངས་སོང་། ང་ཚོས་སློབ་ཐུན་རེ་རེར་འབད་པས་སྦྱོང་བ་བྱས་ཀྱང་དུས་རྒྱུན་གྱི་ལོ་ཟླའི་ཁྲོད་ནམ་ཡང་རང་ཉིད་ནི་སྔར་གྱི་གནས་དེར་ཡོད་སྣང་སྐྱེས་ལ། སློབ་སྐབས་རེ་རེའི་སྐར་གྲངས་ལ་བརྟག་ནའང་ནམ་ཡང་རང་སར་ལྷགས་ཡོད་པའི་སྐྱོ་སྣང་མང་པོ་ཞིག་གིས་དགེ་སློབ་ཡོངས་ལ་མནར་གཅོད་ཡང་ཡང་གཏོང་བར་བྱེད།

འོན་ཀྱང་། ལོ་ངོ་གསུམ་འགོར་རྗེས་ཀྱི་དེ་རིང་། ང་ཚོས་རང་ཉིད་དང་རང་ཉིད་བསྡུར་ཚེ་སོ་སོའི་ན་ཚོད་ཇེ་ཆེ་དང་གཟུགས་ཕུང་ཇེ་རིང་ཙམ་གྱིས་མི་ཚད་པར་སོ་སོའི་སྐད་ཡིག་གི་ཡོན་ཚད་ཀྱང་ཚད་ངེས་ཅན་ཞིག་ཏུ་ཡར་ཐོན་བྱུང་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར་འདུག ང་ཚོར་རྒྱུགས་འབྲས་ཀྱི་སྐར་གྲངས་ཤིག་གིས་ཐག་གཅོད་མ་བྱས་ནའང་ཆོག་ལ། གཞན་སུ་ཞིག་གིས་གོང་བཅད་ཇི་ལྟར་བརྒྱབ་རུང་ཁ་སང་ལས་དེ་རིང་ཡར་ཐོན་ཡོད་ཚེ་དེ་ལས་ལྷག་པ་ཞིག་གང་ན་ཡོད། རང་ཉིད་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་ཕྱིར་འབད་བརྩོན་ལྷོད་མེད་བྱོས་དང་རེ་འབྲས་ནི་ཁྱེད་ཅག་ལ་དབང་ཞིང་མ་འོངས་པ་ཡང་ཁྱེད་ཅག་ལ་དབང་ངེས། ཡང་བསྐྱར་ལོ་ངོ་གསུམ་འགོར་རྗེས། ཁྱེད་ཚོ་ནི་དམའ་འབྲིང་ནས་མཐར་ཕྱིན་ཏེ་མཐོ་འབྲིང་དུ་ཞུགས་པའི་ཤེས་ཡོན་ལྡན་པའི་གཞོན་ནུ་དཔའ་སྤོབས་ཅན་དག་ལ་འགྱུར་སྲིད་པ་དང་། ད་ལོར་ཁྱེད་ཅག་གིས་བྲིས་པའི་རང་ཉིད་ངོ་སྤྲོད་དག་དགེ་རྒན་གྱིས་རྩ་ཆེན་གྱི་ནོར་བུ་བཞིན་ཡང་བསྐྱར་ཞིབ་ཚགས་ལྡན་པའི་ངང་དུ་བདག་ཉར་བྱས་ཡོད་པས་མ་འོངས་པའི་དུས་སུ་ཁྱེད་ཅག་སུ་ཡིན་ནའང་དེ་ལ་ཡང་ཡང་མཇལ་ཐུབ་པའི་སྨོན་ལམ་འདེབས། ཁྱེད་ཚོ་ནམ་ཡང་རྒྱལ་བར་གྱུར་ཅིག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།