ཀྲུང་གོ་བོད་ཀྱི་དྲ་བ།

འབྱུང་འགྱུར་ལ་ཁ་ཕྱོགས་པའི་ཧྥིན་ལན་རྒྱལ་ཁབ་ཀྱི་སློབ་གསོ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རུང་པོ་དབྱིན་གྱིས་བརྩམས།    

ཧྥིན་ལན། PISA(རྒྱལ་སྤྱིའི་སློབ་མ་ཚད་དཔག་འཆར་གཞི)ཡི་རྒྱུ་རྐྱེན་ཞིག་ལ་བརྟེན་ནས་རྒྱལ་སྤྱིའི་མཐོང་ལམ་དུ་མངོན་པའི་རྒྱལ་ཁབ་འདིས་རྒྱལ་སྤྱིའི་སློབ་མའི་ནུས་པ་དཔྱད་དཔག་གི་ལས་གཞིའི(PISA)ཁྲོད་སློབ་ཁྲིད་ཀྱི་སྤུས་ཚད་འཛམ་གླིང་གི་ཨང་དང་པོ་བླངས།

གཅིག མ་འོངས་པར་ཁ་ཕྱོགས་པའི་སློབ་གསོའི་སྒྲིག་གཞི།

ཧྥིན་ལན་གྱི་སློབ་གསོའི་སྒྲིག་གཞི་ལ་དྲང་གཞག་དང་རིན་པ་མི་ལེན་པ་སོགས་ཀྱི་ལེགས་ཆ་འདུག་པ་ལས་གཞན། ད་དུང་ཧ་ཅང་གིས་སྟབས་བདེ་བབ་བསྟུན་ཡིན་པར་མ་ཟད། གང་ལ་གང་འཚམ་དུ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འགྱུར་ལྡོག་བྱེད་ཐུབ་པ་ཡིན། ཧྥིན་ལན་རྒྱལ་ཁབ་ཏུ། གལ་སྲིད་སྤྱི་དམངས་ཀྱིས་སློབ་གསོ་མྱོང་འདོད་པ་ཞིག་ཡིན་ན། སྲིད་གཞུང་དང་སློབ་གསོ་ལས་ཁུངས་ཀྱིས་དེ་ལ་ཅི་ནུས་ཀྱིས་རྒྱབ་སྐྱོར་བྱེད་སྲིད་པ་ཡིན། དཔེར་ན། ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས། དངུལ་ཁང་གི་ལས་སྒོ་ཤིན་ཏུ་མང་པོ་ཞིག་གིས་དྲ་ལམ་བརྒྱུད་ནས་འགྲོ་ལུགས་སྒྲུབ་ཆོག་ཅིང་། དངུལ་ཁང་གི་ལས་བྱེད་མི་སྣ་རྣམས་ལས་བྲལ་ལས་ཤོར་གྱི་ཉེན་ཁའི་མདུན་དུ་ལྷགས་ཡོད་ཀྱང་སྲིད། སློབ་གསོ་ལས་ཁུངས་ཀྱིས་དེ་མ་ཐག་མི་སྣ་འདི་དག་ལ་ལས་རིགས་གསོ་སྦྱོང་གསར་པ་འདོན་སྤྲོད་བྱེད་སྲིད་པ་དང་། དེ་ལ་ལས་ཀ་གསར་པའི་འགན་འཁུར་ཐུབ་པའི་ལས་སྒོ་འཕེར་བ་ཞིག་ཡོང་དུ་འཇུག་ངེས་ཡིན་པ་ལྟ་བུ་རེད།

གཉིས། མ་འོངས་པར་ཁ་ཕྱོགས་པའི་སློབ་གསོའི་རྩ་གནད།

ལོ་བཅུ་ཕྲག་རེའི་ནང་ལ། ཧྥིན་ལན་གྱི་སློབ་གསོའི་རྩ་གནད་ལ་བཟོ་བཅོས་ཐེངས་གཅིག་རེ་རྒྱག་ངེས་ཡིན་ཞིང་། ཐེངས་མ་རེ་རེ་ཚང་མར་དུས་རབས་ཀྱི་འགྱུར་ལྡོག་ལ་བལྟས་ནས་སྙོམས་སྡེབ་ལེགས་སྒྲིག་བྱེད་ངེས་ཡིན། ན་ནིང་ནས་མགོ་བརྩམས་ཏེ། ཧྥིན་ལན་རྒྱལ་ཁབ་ཀྱིས་སློབ་གསོའི་རྩ་གནད་གསར་པ་ལག་བསྟར་བྱས་པ་དང་། སྐབས་ཐེངས་འདིའི་སློབ་གསོའི་རྩ་གནད་ཀྱི་འགྱུར་ལྡོག་ནི་གཙོ་བོ་གཤམ་གྱི་ཕྱོགས་འགའ་ཤས་ཀྱི་ཐད་ནས་མངོན་ཡོད་དེ།

དང་པོ། སློབ་མ་ལ་ཇི་ལྟར་བསམ་བློ་གཏོང་ཚུལ་བསླབས་ནས་ཤེས་སུ་འཇུག་དགོས། གཙོ་བོ་ནི་སློབ་མའི་གསར་སྐྲུན་བྱེད་པའི་ནུས་པ་དང་བརྡར་ཤ་གཅོད་པའི་ནུས་པ། གནད་དོན་ཐག་གཅོད་བྱེད་པའི་ནུས་པ། ཆོད་དོན་གཏན་འབེབས་བྱེད་པའི་ནུས་པ་བཅས་སྐྱེད་སྲིང་བྱེད་དགོས་ཤིང་། དེ་ཡང་སློབ་མ་ལ་རོགས་རམ་བྱས་ནས་བདེན་རྫུན་དང་དགེ་སྡིག་ལེགས་ཉེས་ཀྱི་དབྱེ་བ་འབྱེད་ཤེས་པར་སློབ་གསོ་གཏོང་དགོས་ལ། དེ་ལྟར་རིམ་གྱིས་བསམ་གཞིག་བྱེད་སྟངས་ཀྱི་དཔེ་དབྱིབས་རྣམ་པ་ཞིག་གསར་དུ་ཚུགས་ཐུབ་པར་བྱེད་དགོས།

གཉིས་པ། སློབ་མ་ལ་མཉམ་ལས་དང་བརྗེ་རེས་བྱེད་ཚུལ་ཤེས་སུ་འཇུག་དགོས། དཔེར་ན་ཧྥིན་ལན་གྱི་གྲོང་ཁྱེར་ཐན་ཕེ་ལེvuores schoolལ་མཚོན་ནས་བཤད་ན། སློབ་གསོའི་རྩ་གནད་ཀྱི་ཆ་ཤས་འདི་ཉིད་གཞིར་བཟུང་ནས། “མཉམ་ལས”ཞེས་པ་འདི་སློབ་གྲྭ་དེ་གའི་སྐྱེད་སྲིང་དམིགས་འབེན་གཙོ་བོར་བརྩིས་ཡོད་པ་དང་། ལོ་རིམ་མི་འདྲ་བའི་དགེ་རྒན་རྣམས་ཀྱིས་དམིགས་འབེན་འདི་ཉིད་ཀྱི་འོག་ནས། སྣ་ཁ་མི་འདྲ་བའི་སློབ་ཚན་དང་སློབ་ཁང་གི་རྩ་འཛུགས་བྱེད་སྟངས་རྣམ་པ་ཇུས་འགོད་བྱས་པ་རེད།

གསུམ་པ། སློབ་ཁྲིད་ཡོ་ཆས་ཀྱི་བཀོལ་སྤྱོད་བྱེད་སྟངས་ཤེས་པར་བྱེད་དགོས། རྩ་གནད་གསར་པའི་ཁྲོད་གཙོ་བོ“ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཉིན་རེ་བཞིན་དང་ཟླ་རེ་བཞིན་མི་འདྲ་བར་འགྱུར་བའི་རྒྱབ་ལྗོངས་འོག་ཏུ། སློབ་མ་ལ་ཇི་ལྟར་ཆ་འཕྲིན་བཀོལ་སྤྱོད་བྱེད་སྟངས་དང་ཇི་ལྟར་གསར་སྐྲུན་བྱེད་ཚུལ་སོགས་ལེགས་པར་བསླབས་ནས་ཤེས་སུ་འཇུག་དགོས”ཞེས་པ་གནད་ཆེ་སར་བཟུང་ནས་གླེང་ཡོད་པ་རེད།

བཞི་པ། སློབ་མ་ལ་འཚོ་བའི་ནུས་རྩལ་བསླབས་ནས་ཤེས་སུ་འཇུག་དགོས། སྤྱི་དམངས་རྣམས་སྤྱི་ཚོགས་ལ་ཞུགས་པར་འདོད་ན། སྤྱི་དམངས་ཀྱི་འགན་འཁྲི་འདུ་ཤེས་ཡོད་དགོས་པ་དང་། མི་གཞན་དག་ལ་དོ་སྣང་གཙིགས་མཐོང་ཡོད་པ་བྱེད་དགོས། རྩ་གནད་ལས་ནན་གྱིས་བརྗོད་དོན། སློབ་གསོ་ལ་ཅིས་ཀྱང་རང་གཤིས་ཅན་གྱི་ཁྱད་ཆོས་ཤིག་ལྡན་དགོས་པ་ཡིན། དེའི་རྐྱེན་གྱིས། སློབ་གསོའི་དམིགས་ཡུལ་ནི་མི་སྒེར་གྱི་སྤྱི་ཚོགས་འགན་འཁྲི་འདུ་ཤེས་ཀྱི་གོ་རྟོགས་སད་ཐབས་བྱེད་པ་དང་མ་རིག་རྨོངས་གཉིད་ལས་སད་དུ་འཇུག་རྒྱུ་དེ་རེད།

གསུམ། མ་འོངས་པར་ཁ་ཕྱོགས་པའི་སློབ་གསོའི་ནང་དོན་དང་རྣམ་པ། གདེང་འཇོག་བྱེད་སྟངས།

དང་པོ། སློབ་གསོའི་ནང་དོན་དང་སློབ་གསོའི་གདེང་འཇོག་གིས་ངེས་པར་འཕེལ་རྒྱས་རང་བཞིན་ལ་གཙིགས་འཛིན་བྱེད་དགོས། རྒྱལ་ཁབ་མང་པོ་ཞིག་གིས་ནན་གྱིས་བརྗོད་ཀྱིན་པའི་ཚད་ལྡན་གྱི་ཚོད་ལྟ་དང་སློབ་གསོའི་མཇུག་འབྲས་དག་དང་མི་མཚུངས་པར། ཧྥིན་ལན་རྒྱལ་ཁབ་ཀྱི་སློབ་གསོའི་སྲོག་ཤིང་ནི་སློབ་ཚན་དང་སློབ་ཚན་གྱི་མ་ལག་ཡིན་པ་རེད། མིག་རྒྱང་རིང་པོ་སྤྱད་ནས་སློབ་མའི་འཕེལ་རྒྱས་ལ་བལྟ་དགོས་པ་ནན་བཤད་བགྱིས་ཡོད་པ་དང་སློབ་མ་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་བཟང་པོ་འདོན་པར་གཙིགས་འཛིན་བྱས་ཡོད། ཧྥིན་ལན་གྱི་སློབ་གསོའི་མ་ལག་ཁྲོད་དུ། དགེ་རྒན་གྱིས་མཐའ་གཅིག་ཏུ་སློབ་མ་ལ་ཀུན་ནས་ཡིད་ཆེས་པར་མ་ཟད། རྨང་གཞི་དེའི་སྟེང་དུ་སློབ་མ་ལ་དཔྱད་དཔག་གདེང་འཇོག་བྱེད་པ་རེད། དེའི་དམིགས་ཡུལ་ནི་སློབ་མའི་ཆུ་ཚད་དང་ཡར་ཐོན་འཕེལ་རྒྱས་འགྲོ་སྟངས་བཅས་རྒྱུས་ལོན་བྱེད་པའི་ཆེད་དུ་ཡིན་པ་ལས། ཚད་འཇལ་གྱི་མཇུག་འབྲས་ཙམ་ཐོབ་པའི་ཕྱིར་དུ་ནི་མ་ཡིན།

གཉིས་པ། ཤེས་བྱའི་གོ་བ་ལོན་པར་དོ་སྣང་གཙིགས་ཆེན་བྱེད་དགོས། ཧྥིན་ལན་རྒྱལ་ཁབ་ཀྱི་སློབ་གསོས་གོ་བ་ལོན་པའི་ཐད་ལ་མཐོང་ཆེན་བྱེད་པ་ལས། བློར་འཛིན་པ་དང་དྲན་ཤེས་ཀྱིས་ཡིད་ལ་འཛིན་པར་དེ་འདྲ་དོ་སྣང་མི་བྱེད། ཁོ་ཚོས་བསམས་ན། ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས། ཤེས་བྱ་ཤིན་ཏུ་མང་པོ་ཡང་བསྐྱར་བློར་འཛིན་མི་དགོས་པར། དེ་ལ་གཏིང་ཟབ་ཀྱི་སྒོ་ནས་གོ་བ་གང་ལེགས་ཤིག་ལེན་དགོས་པར་སྙམ། གོ་བ་ལོན་པར་བྱེད་པའི་ཤེས་རྟོགས་ཀྱི་ཁ་ཕྱོགས་ས་ནི་བསམ་གཞིག་བྱེད་སྟངས་དེ་རེད། དེ་ནི་སློབ་མས་མཚམས་མ་ཆད་པར་སློབ་སྦྱོང་བྱེད་པ་ལ་རྒྱབ་སྐྱོར་གྱི་སྒུལ་ཤུགས་འབྱུང་ཁུངས་འདོན་སྤྲོད་བྱེད་པའི་ཆེད་དུ་ཡིན་ཟེར།

གསུམ་པ། སློབ་གསོའི་ནང་དོན་དང་རྣམ་པའི་ཕྱོགས་བསྡུས་རང་བཞིན། ཧྥིན་ལན་རྒྱལ་ཁབ་ཀྱིས་རིག་ཚན་ལས་བརྒལ་བའི་བརྗོད་དོན་ཅན་གྱི་སློབ་ཁྲིད་བྱེད་སྟངས་དཔེ་དབྱིབས་ཅན་ལག་བསྟར་བྱེད་པ་ཡིན་ཞིང་། བྱིས་སྙོར་ཁང་དང་སློབ་ཆུང་དཔེར་དྲངས་ནས་བཤད་ན། དེ་ཚོས་རིག་ཚན་གྱི་དབྱེ་བ་མི་དགར་བར་ལས་གཞིའི་རྣམ་གྲངས་དེ་རྨང་གཞི་རུ་བཟུང་ནས། སྣང་ཚུལ་དང་ཡང་ན་བརྗོད་དོན་གཙོ་བོའི་སློབ་ཁྲིད་ཀྱི་རྣམ་པ་བཀོལ་ནས། སློབ་ཁྲིད་ཀྱི་བྱ་འགུལ་སྤེལ་བ་རེད། བྱེད་སྟངས་རྣམ་པ་འདི་རིགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ནི་འདི་ན་ཡོད་དེ། སློབ་མའི“སློབ”ལ་མཐོང་ཆེན་བྱེད་པ་མ་གཏོགས། དགེ་རྒན་གྱི“ཁྲིད”ལ་དེ་ལས་ལྡོག་སྟེ་གཙིགས་མཐོང་ཆེན་པོ་བྱེད་པ་མ་རེད། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ། དགེ་རྒན་ནི་དེ་བས་ཀྱང་རྩལ་ཁྲིད་དགེ་རྒན་ཞིག་དང་འདྲ་བོ་འདུག དགེ་སློབ་ཕན་ཚུན་བསླབས་རེས་འདྲི་རེས་ཀྱིས་བགྲོ་གླེང་བྱེད་པའི་ཁྲོད་དུ། དགེ་རྒན་གྱིས་ལེགས་པར་སྣ་དྲངས་ནས་སློབ་མས་དྲི་བ་འདོན་པ་དང་བསམ་བློ་གཏོང་བ་ལ་ཁྲིད་སྟོན་བྱེད་དགོས་ལ། སློབ་ཁྲིད་ལ་དཔྱད་བསྡུར་གདེང་འཇོག་བགྱིད་པའི་ཁྲོད་དུ། དགེ་རྒན་གྱིས་སློབ་མ་མི་འདྲ་བ་དག་གི་ཡར་ཐོན་ཡོང་བའི་ཆུ་ཚད་ལ་གཞིགས་ནས་གཙིགས་མཐོང་ཆེན་པོ་བྱེད་དགོས་ཤིང་། དོན་དངོས་གནས་ཚུལ་དེའི་དབང་གིས་རིམ་པ་མི་འདྲ་བའི་ཟུར་ཁྲིད་དང་རོགས་ཁྲིད་ཀྱང་གང་ལ་གང་འཚམ་དུ་བྱེད་དགོས་པ་ཡིན། །

《སློབ་གསོའི་རྩོམ་བཏུས་ཚགས་པར》ལས་བདམས་ཏེ་ཀ་རིང་ཚེ་སྐྱོང་གིས་བསྒྱུར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།