ཀྲུང་གོ་བོད་ཀྱི་དྲ་བ།

དཔེ་ཀློག་གི་རིན་ཐང་།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ   རྩོམ་པ་པོ། : གླིང་བུ་ཚེ་རིང་དོན་འགྲུབ།   སྤེལ་དུས། : 2016-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔེ་ཆ་ཀློག་པ་ནི་གོམས་གཤིས་བཟང་པོ་ཞིག་ཡིན་ལ། རིག་གནས་ཡོན་ཏན་མང་པོ་ཞིག་ནི་དཔེ་ཆ་བཀླགས་པ་ལས་རྒྱུད་ལ་འབྱོར་བ་ཤ་སྟག་ཡིན། དཔེ་ཆ་ཀློག་པའི་དགོས་པ་དེའང་སུས་ཀྱང་མཁྱེན་གསལ་ལགས་ཀྱང་། རྒྱུན་ལྡན་འཚོ་བའི་ཁྲོད་ལག་ལེན་ཏུ་བསྟར་རྒྱུ་ནི་ཤིན་ཏུ་ཁག་པོ་རེད། དེའང་གཙོ་བོ་ང་ཚོ་ལ་མཚོན་ན་ཆུང་དུས་ནས་དཔེ་ཆ་ཀློག་པའི་གོ་སྐབས་སམ་ཡང་ན། ཁོར་ཡུག འདུ་ཤེས་མེད་པ་དང་། ད་ལྟའི་དུས་ལ་ཁོམ་པ་རེ་གཉིས་ཡོད་ནའང་། ལས་གནས་ལ་བྲེལ་བ་ཆེ་བའམ་གཞན་གྱི་དོན་དག་མང་བ་སོགས་ཀྱི་དབང་གིས་རྐྱེན་གཞན་ཞིག་ལ་ཁ་གཡར་ནས་དཔེ་ཆར་བལྟ་བའི་དུས་ནི་ཤིན་ཏུ་ཉུང་ཚོད་རེད།

སྤྱིར་འཛམ་གླིང་མི་རིགས་སོ་སོའི་ལོ་རྒྱུས་ལ་རྒྱུས་ལོན་རགས་ཙམ་བྱེད་པའི་དུས་ན། དཔེ་ཀློག་ལ་དགའ་བའི་མི་རིགས་དང་རྒྱལ་ཁབ་དེ་ནི་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་བྱུང་ཡོད་ཅིང་། གསོན་ཤུགས་རྒྱས་པ། ཡིད་ཆེས་ཀྱིས་འཁེངས་པ། ཡ་རབས་གུས་ལུགས་ལྡན་པ་ཞིག་ཡིན་པ་ཤེས་ཐུབ། གསར་དར་རིག་གནས་ལ་མཐོང་ཆེན་མི་བྱེད་ཅིང་། སྲོལ་རྒྱུན་རིག་གནས་དར་སྤེལ་དང་རྒྱུན་འཛིན་མི་བྱེད་པ། དཔེ་ཀློག་མི་བྱེད་པའི་ཡུལ་ཁམས་ཤིག་ཡིན་ན། དུས་ཀྱི་འགྲོས་མགྱོགས་པའི་སྤྱི་ཚོགས་འདིའི་ནང་ནམ་ཞིག་རྗེས་སུ་ལུས་པའམ་ཕྱི་དོར་བྱེད་རྒྱུ་ནི་འདས་སོང་གི་ལོ་རྒྱུས་ལས་ཤེས་ཐུབ་པ་རེད།

སྤྱིར་དཔེ་ཀློག་བྱེད་པ་ལ། དགེ་མཚན་བགྲང་གིས་མི་ལངས་པ་ཡོད་ཅིང་། ང་རང་ཉིད་ཀྱིས་ངོས་ཟིན་བྱུང་བ་ནི། དཔེ་ཆ་བལྟ་ཀློག་བྱེད་པའི་དུས་ཡུན་རིང་ན། བྱ་དངོས་ལ་རྒྱུས་ལོན་གསར་བ་ལོན་ཐུབ་ཅིང་རྨོངས་པའི་གནས་སུ་མི་ཚུད། རང་ཉིད་ཀྱི་བློ་རྩ་བརྟན་པོར་འགྱུར་ཞིང་། རང་ཉིད་ལ་ཡིད་ཆེས་དང་སྙིང་སྟོབས་གསར་བ་ཞིག་བསྐྱེད་ཐུབ་པ་མ་ཟད། གཤིས་ཀ་དང་བྱང་ཚད་ཀྱང་ཇེ་བཟང་དུ་ཡོང་བར་མངོན་སུམ་གྱི་ཕན་པ་ལྡན། མཚམས་མང་པོར་ང་ཚོས་དོན་དག་རེ་གཉིས་ལ་རྒྱུས་ལོན་བྱེད་དཀའ་བ་དང་། བསམ་གཞིགས་བྱེད་དཀའ་དུས།   དེ་ནི་ང་ཚོས་དཔེ་ཀློག་བྱེད་པ་ཉུང་ཞིང་། ཤེས་བྱའི་ཆུ་ཚད་ཞན་པའི་སྟབས་ཀྱིས་ཀྱང་ལོས་ཡིན་སྙམ་པ་འབྱུང་དུས་ཡོད། དཔེ་ཀློག་བྱས་པ་མང་ན་སེམས་ལ་འཆར་སྣང་སྣ་ཚོགས་སྐྱེས་ནས། གསར་རྩོམ་བྱེད་པར་ཆ་རྐྱེན་གང་མང་བསྐྲུན་ཐུབ། ཤེས་རིག་ནི་སྟོབས་ཤུགས་ཡིན་ཞེས་པ་ལྟར། དཔེ་ཀློག་བྱེད་པ་ཅི་ཙམ་མང་ན། བློ་ན་ཡོན་ཏན་སྣ་མང་ཕུན་སུམ་ཚོགས་པ་ཞིག་འབྱོར་ནས། རང་གི་རྒྱུད་ལ་ངམ་ངམ་ཤུགས་ཀྱིས་འཇོན་ཐང་གི་སྟོབས་ཤུགས་རྒྱས་ཐུབ་ཅིང་། རང་སྟེང་ན་གནས་པའི་སྐྱོན་ཆའང་མཐོང་ཐུབ་པ་མ་ཟད། དེ་དག་བཅོས་སྒྱུར་བྱེད་པའི་གནས་ལུགས་ཀྱང་རྟོགས་ཡོང་། གཞན་ཡང་སེམས་ཁམས་རྒྱ་བསྐྱེད་ནས་ལུས་སེམས་གཉིས་ཀ་བདེ་ཞིང་། ལེགས་ཉེས་བླང་དོར་གྱི་གནས་ལ་མི་འཆུག་པར། རང་ལ་ཡོན་ཏན་ལྡན་ན་གཞན་གྱིས་བརྩི་བཀུར་དང་མཐོང་ཆེན་ཡང་བྱེད་པ་རེད།

ད་ལྟའི་རང་ཉིད་ལ་མཚོན་ན། སྔར་གྱི་དུས་ཚོད་ནང་སྲོལ་རྒྱུན་གྱི་དཔེ་ཆ་འགར་བལྟས་ཤིང་། དེ་ལས་བློ་སྐྱེད་མི་དམན་པ་ཐོབ་མྱོང་པས་ན། ཁོམ་པ་རེ་ཡོད་སྔར་བཞིན་སྲོལ་རྒྱུན་གྱི་དཔེ་ཆ་སྣ་མང་ལ་བལྟས་ནས། རང་གི་ལྟ་རྒྱ་ཐོས་རྒྱ་ཇེ་ཆེར་གཏོང་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་ལ། ལྷག་ཏུ་བོད་ཡིག་ཚགས་པར་གྱི་པར་ངོས་རྩོམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས། དམངས་སྲོལ་རིག་གནས་དང་ལོ་རྒྱུས་སོགས་ལ་རྒྱུས་ལོན་བྱ་རྒྱུ་ནི་རང་གི་ལས་གནས་དེ་ལེགས་པར་སྒྲུབ་ཐུབ་མིན་ལ་ཐད་ཀར་གྱི་འབྲེལ་བ་ངེས་ཅན་ཞིག་ཆགས་ཡོད་འདུག

དེས་ན་རྗེས་ཕྱོགས་རང་ཉིད་ཀྱི་མི་ཚེ་དོན་དང་ལྡན་པའི་ཕྱིར་ན་དཔེ་ཀློག་གི་གོམས་གཤིས་སྐྱོང་རྒྱུ་ཡིན་ནོ།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།