མཐོ་འབྲིང་བསླབ་གཞིའི་ཚད་མའི་སྐོར་གྱི་དོགས་གནད་དྲི་གཞིའི་དོགས་སེལ།

46.9K

སྤྱི་ལོ༢༠༡༦ལོའི་ཟླ་བ༥པའི་ཚེས༡༡རེས་གཟའ་ལྷག་པའི་ལྷ་ས་གྲོང་ཁྱེར་ཁུལ་གྱི་མཐོ་འབྲིང་བོད་ཡིག་སློབ་དཔྱོད་བྱེད་སྒོའི་དུས་གཏན་ཉིན།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་སྐུ་གཞོན། ཞིབ་འཇུག་སློབ་མའི་སློབ་དཔོན། ཚད་མ་རིག་པའི་དགེ་བའི་བཤེས་གཉེན་ཉི་མ་ལགས་ནས། ལྷ་ས་གྲོང་ཁྱེར་རྒྱུན་མཐུད་སློབ་གསོའི་སློབ་གྲྭའི་ནང་དུ་ལྷ་ས་གྲོང་ཁྱེར་གྱི་ཤར་ཁུལ་གྱི་བོད་ཡིག་དགེ་རྒན(ལྷ་ས་པེ་ཅིང་ཚོད་ལྟའི་སློབ་གྲྭ། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་གྲྭ།ལྷ་ས་གྲོང་ཁྱེར་མཐོ་འབྲིང་གཉིས་པ། ལྷ་སའི་མངའ་རིས་མཐོ་འབྲིང)དང་། ལྷ་ས་ནག་ཆུའི་མཐོ་འབྲིང་གཉིས་པའི་ཐོས་པ་གསོག་པར་སྤྲོ་ཞིང་། ཤེས་པ་རྒྱ་སྐྱེད་ལ་མཉེས་པའི་བོད་ཡིག་དགེ་རྒན་རྣམས་ལ་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞིའི་ནང་དུ་འཆར་བཀོད་བྱས་ཡོད་པའི་རང་ལུགས་ཚད་མའི་ཤེས་བྱའི་སྐོར་གྱི་ནང་དོན་སློབ་ཁྲིད་བྱེད་སྐབས་འཕྲད་པའི་འགྲེལ་པ་བྱེད་དཀའ་བ་དང་། སློབ་ཕྲུག་གིས་རྒྱུས་མངའ་བྱེད་དཀའ་བ། དོགས་གནད་རང་བཞིན་གྱི་ཤེས་བྱའི་གནད་འགག་ལ་ལྷ་ས་ཁུལ་གྱི་མཐོ་འབྲིང་བོད་ཡིག་སློབ་གྲྭ་ཁག་གི་བོད་ཡིག་དགེ་རྒན་ནས་བཏོན་པའི་དྲི་བ་ཁག་ལ་དྲི་བའི་རིམ་པ་བཞིན། དམར་ཁྲིད་དངོས་ཀྱི་སྐབས་སུ་གང་དོགས་གནད་གང་ཐུབ་ཅི་ཐུབ་དང་། གང་མང་ཅི་མང་གིས་སེལ་ཐབས་གནང་བ་དང་། གསོ་སྦྱོང་དངོས་ཀྱི་ནང་དུ་སེལ་དཀྲོལ་མ་བྱུང་བའི་དོགས་གནད་དང་དཀའ་གནད་དྲི་གཞི་དང་བཅས་པ་རྣམས་ལ་དགེ་རྒན་ཕྱོགས་ནས་ལྷ་ས་གྲོང་ཁྱེར་སློབ་གསོ་ཞིབ་འཇུག་སོའོ་ཡི་མཐོ་འབྲིང་སློབ་དཔྱོད་ཁང་གི་བྱེད་སྒོ་གཙོ་གཉེར་མཁན་བརྒྱུད་དེ། རང་གྲོང་གི་དགེ་རྒན་ཡོངས་ཀྱི་སྐབས་འཕྲལ་གྱི་དགོངས་གཞི་བསྐང་རྒྱུའི་ཞལ་བཞེད་དང་བཅས་ནང་དོན་རྒྱས་བསྡུས་རན་པོས་དམར་ཁྲིད་ཀྱིས་དཀའ་གནད་དོགས་སེལ་གནང་ལ། ལྷག་པར་གནད་དོན་ཁག་གཅིག་ལ་གསོ་སྦྱོང་ལ་ཞུགས་མཁན་དགེ་རྒན་ཚོ་དང་དྲི་བ་དྲིས་པའི་ཚུལ་དང་། རང་རྒྱུན་ལ་འཇགས་པའི་ཚད་མའི་རིགས་གཞུང་གི་ནང་དོན་གསོ་བྱེད་ཁུལ། གསོ་སྦྱོང་ལ་ཞུགས་མཁན་དགེ་རྒན་རྣམས་ལ་སེལ་གོལ་གྱི་ཏོག་སྒྲ་དང་བཅས་རིག་པས་བརྡར་ཤ་གཅོད་རེས། རྙོག་འཛིང་དོགས་སེལ། རིག་པ་རྒྱ་བསྐྱེད། རང་ལུགས་བརྟེན་ཁུངས། ཕན་ཚུན་བསམ་ཚུལ་བརྗེ་ལེན་སོགས་ཀྱིས་སློབ་ཁྲིད་དངོས་ཀྱི་ནང་དགེ་རྒན་ཉི་མ་ལགས་ནས། གནད་ལ་འཁེལ་བའི་དཔེ་གཞི།ཁུངས་བཙུན་པའི་སྒྲུབ་བྱེད་ལུང་རིག་གིས་དོན་གནད་ཁག་གོ་རིམ་དང་ལྡན་པར་གསལ་འགྲེལ་འཚམ་པོས་དམར་འཁྲིད་ནང་དོན་རྣམས་གསོ་སྦྱོང་ལ་ཞུགས་མཁན་རྣམས་ཀྱིས་ཟིན་བྲིས་ལེགས་པར་གནང་བ་མ་ཟད། གསོ་སྦྱོང་ལ་ཞུགས་མཁན་དགེ་རྒན་ཡོངས་ནས་ཀྱང་རང་ཉིད་ཀྱི་སློབ་ཁྲིད་དངོས་དང་། མཐོ་འབྲིང་སློབ་མའི་བོད་སྐད་ཡིག་གི་རྨང་གཞི། རང་གྲོང་མཐོ་འབྲིང་སློབ་མར་ཚན་རིག་དང་མཐུན་ཞིང་གཏིང་ཟབ་ལ་རྒྱ་ཆེ་བའི་ཚད་མའི་རང་ལུགས་ཤེས་བྱ་ཁག་སྟབས་བདེ་པོས་རྒྱུས་མངའ་ཤེས་རྟོགས་དང་། དེར་སྦྱངས་པ་བྱས་ཏེ་ཤེས་བྱའི་གནས་ལུགས་རྒྱུད་ལ་འབྱམས་པར་བྱས་ཏེ། བློའི་རིག་པ་འཕེལ་བ། རིག་པས་བརྡར་གཅོད་ཀྱིས་རང་ནུས་ལེགས་པར་གསོ་བ་དང་བསྔོག་འདོན་བྱེད་པར་ཐུགས་དགོངས་ཟབ་མོའི་རྣམ་འགྱུར་གཏིང་ཟབ་ཀྱིས་གསོ་སྦྱོང་ལ་ནན་གྱིས་ཞུགས་པས་ཀྱང་། མཐོ་འབྲིང་བོད་ཡིག་དགེ་རྒན་ལ་སློབ་ཁྲིད་དངོས་དང་འབྲེལ་བའི་གསོ་སྦྱོང་བྱེད་སྒོ་འདིའི་རིན་ཐང་ཡང་མངོན་པར་གསལ་བ་ཞིག་ཐོན་པས་ལྷག་པར་དགེའོ། །FsRཀྲུང་གོ་བོད་ཀྱི་དྲ་བ།

FsRཀྲུང་གོ་བོད་ཀྱི་དྲ་བ།

དེ་ཡང་། ཚད་མའི་དགེ་བའི་བཤེས་གཉེན་རྒན་ཉི་མ་ལགས་ནས་ཀྱང་མཐོ་འབྲིང་བོད་སྐད་ཡིག་བསླབ་གཞིའི་ནང་དོན་ལས་འཕྲོས་པའི་སློབ་གྲྭ་སོ་སོ་དང་། དགེ་རྒན་རང་ངོས་ལ་འཕྲད་ནས་བཏོན་པའི་དྲི་བའི་དོགས་གནད་ཕལ་ཆེ་བ་ཡང་། 《ཤེས་བྱའི་རྣམ་གྲངས་བློ་གསལ་རིག་སྒོ》ལས་བསྟན་པའི་རང་ལུགས་ཤེས་བྱའི་རྣམ་གྲངས་ཀྱི་ཤེས་བྱ་ཕལ་ཆེ་བ་ཡིན་པ་ཡང་། རང་ལུགས་ལྟ་ཚུལ་མི་འདྲ་བ་དང་། རིགས་གཞུང་ཁུངས་བརྟེན་གྱི་གཞི་མི་འདྲ་བའི་སྣང་ཚུལ་ལས་ཐོན་པ་ཞིག་ཡིན་ན། མཐོ་འབྲིང་སློབ་ཕྲུག་རྣམས་ལ་དེ་ལྟའི་རང་རིགས་ཚད་མའི་གཞུང་ལ་སྦྱངས་འདོད་ཀྱི་བློའི་མོས་པ་རབ་ཏུ་སྐྱེ་ཐུབ་ཕྱིར་མ་ཟད། འཚོ་བ་དངོས་ཀྱི་ནང་དུ་ཚན་རིག་དང་མཐུན་པའི་སྒོ་ནས་རིག་པས་བརྡར་གཅོད་བྱེད་ཐུབ་པ། བླང་དོར་སྤང་བླངས་བྱེད་མཁས་པོ་ཞིག་གི་སློབ་གསོ་རན་པོ་ཞིག་གི་ཕྱིར།  སློབ་མའི་ཆུ་ཚད་དང་མཉམ་པར། ངེད་ཅག་གིས་ངོས་འཛིན་པའི་དོགས་གནད་རང་བཞིན་དང་། རྙོག་འཛིང་རང་བཞིན་དུ་མཐོང་བའི་རང་རིགས་ཀྱི་རྒྱ་ཆེ་ལ་གཏིང་ཟབ་པ། ཁུངས་བཙན་པ། སློབ་གསོ་འཕེལ་རྒྱས་ལ་ཆེས་ཕན་པའི་ཚད་མའི་གཞུང་ལུགས་ཀྱི་རང་ལུགས་ཤེས་བྱ་ཁག་སྟབས་བདེ་བའི་སློབ་ཁྲིད་ཐབས་ལམ་སྤྱད་དེ་སློབ་མས་ཤེས་རྟོགས་རྒྱུས་མངའ་བྱེད་དགོས་ཚུལ་ཡང་དོགས་གནད་དཀའ་སེལ་གྱི་རིག་པ་སྤེལ་བའི་ཤུགས་ལས་ཀྱང་མངོན་པར་གནང་། དེ་བཞིན། རྒན་ཉི་མ་ལགས་ནས་ཀྱང་རངཁུངས་བརྟེན་ས་གཙང་བཀྲ་ཤིས་ལྷུན་པོའི་དཀྱིལ་ཁང་གྲྭ་ཚང་གི་དགེ་བཤེས་ཆེན་པོ། ཚད་མའི་གཞུང་ལ་རྟོག་པ་ཉམས་སད་ཅིང་། ཐུགས་ཀྱི་དགོངས་པ་ཤིན་ཏུ་རྒྱ་ཆེ་བའི་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་པའི་གྲགས་པ་འབར་བའི་རང་ཅག་གི་རྩ་བའི་བླ་མ།  《སྡེ་བདུན་རྒྱ་མཚོར་འཇུག་པའི་གྲུ་གཟིངས》མཛད་པ་པོ། བོད་ལྗོངས་སློབ་ཆེན་གྱི་ཚད་མ་རིག་པ་དང་། ནང་དོན་རིག་པ་སོགས་རིག་གནས་སྒོ་ཀུན་ལ་མཁས་པའི་དགེ་བཤེས་ཆེན་པོ་མི་ཕམ་ཕྱོགས་གླང་མཆོག་གི་དགོངས་ཚུལ་ལུང་བརྟེན་གྱིས་གསལ་སྤྲོས་གནང་ངོ་། །FsRཀྲུང་གོ་བོད་ཀྱི་དྲ་བ།

དཔེར་ན།  ཡན་ལག་གི་ཁ་དོག་བཤད་སྐབས་དེར་གྱུར་པའི་ཡན་ལག་གི་ཁ་དོག་ཟེར་དོན་ལ། སྤྲིན་དང་དུ་བ། རྡུལ་དང་ཁུག་སྣ། སྣང་བ་དང་མུན་པ་གྲངས་བརྒྱད་ཙམ་དུ་བཞག་པ་རྣམས་ལ་ཟེར་བ་ཡིན་གྱི། ཡན་ལག་གི་ཁ་དོག་ལ་གྲངས་ངེས་པ་ཞིག་མ་ཡིན་ལ། གྲངས་བརྒྱད་ཙམ་དུ་བཞག་ཡོད་པ་དེ་ལྟ་བུར་ངེས་པར་དུ་དེར་གྱུར་པ་ཞེས་སྦྱར་དགོས་ཏེ། དེ་ལྟར་དུ་མ་བརྗོད་ཚེ་དེ་དག་ཡན་ལག་གི་ཁ་དོག་ཏུ་འགྲོ་སྐྱོན་ཡོད་པས། དེ་དག་ཡན་ལག་གི་ཁ་དོག་ཏུ་མི་འགྲོ་ལ་དེ་བས་ཁ་དོག་ཏུ་མི་ངེས་པའི་ཕྱིར་ན། དེར་གྱུར་པའི་སྤྲིན་གྱི་ཁ་དོག དེར་གྱུར་པའི་དུ་བའི་ཁ་དོག དེར་གྱུར་པའི་རྡུལ་གྱི་ཁ་དོག་བཞིན་རིམ་གྱིས་རྟོགས་དགོས་པ་ཡང་། དེ་དག་ནི་ཡན་ལག་གི་ཁ་དོག་ཏུ་གྱུར་པ་ཙམ་ཞིག་ལས་ཡན་ལག་གི་ཁ་དོག་དངོས་མིན་པ་རྟོགས་དགོས་པ་ཡང་རྩ་བའི་ཁ་དོག་གྱི་མཚན་ཉིད་ལས་རྟོགས་དགོས་པ་བསྟན་པ།  ནམ་མཁའ་དོན་བྱེད་ནུས་པར་མི་འཇོག་པའི་རྒྱུ་མཚན་གང་ཡིན་ནམ།  ནམ་མཁས་དོན་བྱེད་མི་ནུས་སམ། ཞེས་པར། ཚད་མའི་གཞུང་གི་དགོངས་པ་བཞིན། ནམ་མཁས་དོན་བྱེད་མི་ནུས་ཏེ། ནམ་མཁའི་མཚན་ཉིད་ཀྱང་ཐོག་རེག་གི་བཀག་ཙམ་གྱིས་མི་དགག་པ་དེ་ཡིན་ན། དེ་རྟག་པར་འདོད་དགོས་ཤིང་། དོན་བྱེད་ནུས་མི་ནུས་ནི་རྒྱུ་དང་རྐྱེན་ལས་སྐྱེས་མ་སྐྱེས་སམ་རྒྱུ་རྐྱེན་གྱིས་གྲུབ་མ་གྲུབ་ལས་རྟོགས་དགོས་པར་བལྟ་དགོས་ཀྱང་། གསོ་རིག་གཞུང་དུ་ནམ་མཁས་དོན་བྱེད་པ་ལྟར་སྣང་བ་ཡང་། འབྱུང་བ་ལྔར་བྱས་པའི་ཚུལ་གྱིས་ཡིན་ན། ཚད་མའི་གཞུང་དུ་འབྱུང་བ་བཞི་རང་དུ་དུ་འདོད་པ་དེ་ལྟར་གྱིས་ཡིན་པར་གསུངས་བ། ཡང་། དེང་སང་མཐོ་འབྲིང་སློབ་གྲྭ་ཁག་ཏུ་རྟགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་སློབ་ཁྲིད་བྱ་སྐབས།  ཚུལ་གསུམ་གྱི་མཚན་ཉིད་སློབ་མར་ངག་སྐྱོར་གཏོང་དུ་བཅུག་པ་ལས་ཚུལ་གསུམ་རྩིས་སྟངས་དང་། ཚུལ་གསུམ་ལ་འགྲེལ་པ་མི་རྒྱག་པའི་ཡོངས་ཁྱབ་ཀྱི་གནས་སྟངས་ཤིག་ཏུ་གྲུབ་ཟིན་འདུག་པས། རྟགས་ཡང་དག་གི་མཚན་ཉིད་དང་ཚུལ་གསུམ་རྩིས་སྟངས་ཀྱི་ཐད་ལ་དགེ་བའི་བཤེས་གཉེན་མཆོག་ནས་གསལ་འགྲེལ་ཞིག་གནང་རོགས།  ཞེས་པར། རྟགས་ཡང་དག་གི་མཚན་ཉིད་ནི། ཚུལ་གསུམ་ཚང་བ་ཡིན་པར་འདོད་ཅིང་། ཚུལ་གསུམ་ཚང་བ་རྟགས་ཡང་དག་གི་མཚན་ཉིད་དུ་ཅུང་མི་བདེ་བའི་ཚུལ་ཡོད་པར་བསྟན་ཅིང་། ཚུལ་གསུམ་ནི། ཕྱོགས་ཆོས། རྗེས་ཁྱབ། ལྡོག་ཁྱབ་གསུམ་རང་ཡིན་ན། དེ་གསུམ་རྩིས་ཚུལ་ལ་ངེས་པར་བྱང་དགོས་ཤིང་། མཁས་དགོས་ཏེ། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གཏན་ལ་འབེབས་བྱེད་ཀྱང་ཚུལ་གསུམ་དེ་ཁོ་ན་ཡིན་པས། དགེ་བའི་བཤེས་གཉེན་མཆོག་ནས་ཀྱང་མཚན་གཞི་ལ་སྦྱར་ཏེ་ཚུལ་གསུམ་རྩིས་སྟངས་ཁ་གསལ་པོས་སྩོལ་གནང་མཛད་ན། ངེད་ཅག་གིས་ཀྱང་དེའི་གལ་ཆེའི་རང་བཞིན་ངེས་པར་རྟོགས་དགོས་ཏེ། ཤེས་བྱའི་ཐ་སྙད་ཙམ་དང་དེའི་རྣམ་གྲངས་ཙམ་དུ་མ་སོང་བར་དོན་ངོ་མའི་སྟེང་ནས་གཞུང་ལུགས་ལ་ཉམས་ལེན་ཐུབ་པའི་དོན་དམ་པའི་སློབ་གསོར་ཞུགས་དགོས་གལ་ཡང་དེ་ནས་རྟོགས་ཐུབ་ངེས་ཏེ། ཚུལ་གསུམ་ལ་བརྟེན་ནས། གཞན་ལུགས་ཅི་འདྲ་བ་དེ་ཡང་དག་མིན་བརྡར་གཅོད་ཐུབ་ཀྱི་ཡོད་ན། ལམ་གྱི་རིམ་པ་ཡང་ཚུལ་གསུམ་དེ་རང་གིས་ཡང་དག་པར་བསྟན་ནོ། ། དེས་ན། ཁོ་བོས(ཕུར་བུ་སྲིད་ཐར)ཀྱང་རྒན་ཉི་མའི་དགོངས་ཚུལ་བཞིན། ཚུལ་གསུམ་རྩིས་སྟངས་གསལ་འགྲེལ་ཞུས་ན་འདི་ལྟར་ཏེ། རྩོད་གཞི་དེ་རྟགས་དེ་ཡིན་པ་དེ་ཕྱོགས་ཆོས་གྲུབ་པ། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་དེ་རྗེས་ཁྱབ་གྲུབ་པ། གསལ་བ་དེ་མ་ཡིན་ན་རྟགས་དེ་མ་ཡིན་པས་ཁྱབ་པ་ལྡོག་ཁྱབ་གྲུབ་པ་ལྟར་དུ་རྩིས་ཚུལ་དེ་ལྟ་བུ་སློབ་མར་སྟབས་བདེས་བསྟན་དགོས་པ་ཡང་། ཚུལ་གསུམ་པོ་སོ་སོའི་མཚན་ཉིད་ཀྱི་སྟེང་དུ་གསལ་པོར་བསྟན་ཡོད་པ་རྟོགས་དགོས་པས།  སློབ་ཁྲིད་ཀྱི་ཐབས་ལམ་ཞིག་གིས་སློབ་མའི་བློ་རིག་གསལ་ཞིང་རྒྱས་ལ། ནུས་པ་གསོ་བསྔོག་ཐུབ་པར་སྙམ་ཡང་། འདིར་རྒྱས་འགྲེལ་མ་བྱས་སོ། ། སྤྱི་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་ཞེས་པའི་དགོས་པ་ནི་རིགས་སྤྱི་དང་སྤྱི་གཉིས་དོན་གཅིག་ལྟ་བུ་རྒྱུ་མཚན་དུ་བརྗོད་པའི་ཤུགས་ལ།  ཚོགས་སྤྱི་དང་དོན་སྤྱི་གཉིས་དེའི་དབྱེ་བ་དངོས་ཡིན་པ་ལྟ་བུའི་གོ་བ་ཞིག་ཆགས་ཀྱི་འདུག་པས་ ཚོགས་སྤྱི་དང་དོན་སྤྱི་གཉིས་སྤྱིའི་དབྱེ་བ་དངོས་ལ་བཞག་ན་འགྲིག་གམ།  ཞེས་པ་འདི་ལྟ་བུ་ཡང་། སྤྱི་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་བ་དང་འགལ་བ་ལ་ལྡོག་པའི་སྒོ་ནས་དབྱེ་བ། ཡང་ན་འགལ་བ་ལ་དགོས་པའི་དབང་གིས་དབྱེ་བ་ཞེས་པ་ལྟ་བུའི་ཚེ་ན། དེ་དེའི་དབྱེ་བ་ཡིན་པས་མ་ཁྱབ་ལ། མ་ཡིན་པས་ཁྱབ་པ་སྟེ། སྤྱི་དང་རིགས་སྤྱི་གཉིས་དོན་གཅིག་ཡིན་པས་རིགས་སྤྱི་སྤྱིའི་དབྱེ་བ་མ་ཡིན་ལ། ཚོགས་སྤྱི་ཡིན་ན་སྤྱི་ཡིན་པས་མ་ཁྱབ་ལ། མ་ཡིན་པས་ཀྱང་མ་ཁྱབ་སྟེ། ཀ་བུམ་གཉིས་ལྟ་བུ་ཚོགས་སྤྱི་ཡིན་ཏེ་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་ཡིན་ཏེ་བེམ་པོ་ཡིན་པའི་ཕྱིར་ན་དེ་ཚོགས་སྤྱི་ཡིན་ཡང་། རིགས་སྤྱི་མ་ཡིན་ཏེ་ཁྱོད་ཀྱི་བྱེ་བྲག་མེད་པའི་ཕྱིར་ཏེ། ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར་རོ། ། དེ་བཞིན། དོན་སྤྱི་ཡིན་ན་སྤྱི་ཡིན་པས་མ་ཁྱབ་སྟེ། མ་ཡིན་པས་ཁྱབ་པའི་ཕྱིར། དེ་ལྟར་ཡིན་ཏེ། དེ་རྟོག་པའི་སྣང་ངོ་ཙམ་དུ་གྲུབ་པའི་སྒྲོ་བཏགས་ཀྱི་ཆ་ཡིན་པའི་ཕྱིར་རོ། ། ཞེས་པ་ལྟ་བུ་དང་། ཡང་འགལ་བ་ལ་དགོས་པའི་དབང་གིས་དབྱེ་བའམ་ལྡོག་པའི་སྒོ་ནས་དབྱེ་བ་སོགས་ཀྱི་དཔྱད་ལན་ཡང་། ཁོ་བོས་རྩོམ་སྒྲིག་བྱས་པའི་མཐོ་འབྲིང་བོད་སྐད་ཡིག་ངེས་སྦྱོང་བསླབ་གཞིའི་དཀའ་གནད་དང་གཙོ་གནད་ཀུན་བཏུས་ཀྱི་དྲི་བ་དྲིས་ལན 《བློ་གསར་འཇུག་བདེའི་ལམ་བུ》ཡི་ནང་དུ་ཡང་དེ་ལྟར་དུ་དཔྱད་གཞིའི་ཚུལ་དུ་བཀོད་ཡོད་པ་ལ་དཔྱད་གཟིགས་བྱས་ན་ཡང་ཕན་པ་ཅུང་ཐོན་སྙམ།FsRཀྲུང་གོ་བོད་ཀྱི་དྲ་བ།

མདོར་ན། རྒན་ཉི་མ་ལགས་ནས་བསླབ་གཞིའི་ནང་དུ་འཕྲད་པའི་དོགས་གནད་ཀྱི་དྲི་གཞི་སུམ་ཅུར་ཉེ་བ་ཙམ་ལ་དོགས་སེལ་བརྡར་གཅོད་གནང་ལ། ལྷག་འཕྲོ་ལུས་པ་དང་། དོགས་སེལ་མ་ཐུབ་པ་དག་ཀྱང་མུ་མཐུད་དེ། ཡང་ཞ་ལུ་བ་སྲིད་ཐར(夏鲁瓦斯达)གྱི་ཤིན་བླང་པོད་ཕྲན་དང་། སྐད་འཕྲིན། དྭངས་ཞུན་པོད་ཕྲན། qqབར་སྟོང་། ལྷ་སའི་སློབ་གསོའི་སྐད་འཕྲིན་སྟེགས་བུ་སོགས་ནས་སྤེལ་རྒྱུ་ཡིན་པས་དེ་ནས་ཕབ་ལེན་དཔྱད་པ་གནང་བར་ཞུའོ། །
FsRཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།