ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་གཙང་བཙོག་གི་འདུ་ཤེས་གླེང་བ།

ཡོང་ཁུངས། : རྩེར་སྙེག་རྩོམ་སྒྲིག་ཁང་།   རྩོམ་པ་པོ། : བསོད་ནམས་དར་རྒྱས།   སྤེལ་དུས། : 2016-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་དོན་ཚན་དང་པོར་བོད་པས་གཙང་བཙོག་ཁ་ཁར་འབྱེད་པའི་རྩ་དོན་དང་དེའི་འབྱུང་རྩ། དོན་ཚན་གཉིས་པར་གཙང་སེལ་གྱི་ཆོ་ག་སོགས་སྤྱི་ཡི་ཚབ་ཏུ་དཔེ་དྲངས་ནས་ཕྱོགས་བསྡོམས་བྱས་ཏེ་བོད་པའི་གཙང་བཙོག་གི་འདུ་ཤེས་ནི་མགོ་མེད་རྔ་མེད་ཅིག་མ་ཡིན་པར་ཐུན་མོང་གི་རྩ་དོན་དང་འབྲེལ་བའི་རིག་གནས་མ་ལག་ཅིག་ཡིན་པ་སོགས་བརྗོད་ཡོད།

དང་པོ། གཙང་བཙོག་གི་དབྱེ་བ་འབྱེད་པའི་རྩ་དོན།

  རང་བྱུང་ཁོར་ཡུག་དང་གནམ་གཤིས། འཚོ་བ་རོལ་སྟངས་སོགས་ཀྱི་དབང་གིས་བོད་ཀྱི་གཙང་བཙོག་གི་འདུ་ཤེས་ཞེས་པའི་གཙང་བཙོག་ལ་ཡང་ངོས་འཛིན་གསར་བ་ཞིག་བྱ་བའི་དགོས་པ་ཡོད་དེ། ད་ལྟ་འཛམ་གླིང་གི་འགྲོ་ཕྱོགས་ལྟར་ན་འཕྲོད་བསྟེན་ཞེས་དེང་རབས་ཚན་རིག་རིང་ལུགས་རྨང་གཞི་བྱས་ཤིང་ཆོས་ལུགས་དང་ཁ་གཏད་དུ་ལངས་པའི་འདུ་ཤེས་ཤིག་ཡིན། དབྱིན་ཇིའི་མཚན་ཉིད་པ་རོའུ་སོ(Russell)ཡིས"ཚན་རིག་ནི་ལྟ་དཔྱད་དང་རིགས་འདེད་ལ་རྟེན་ཏེ་འཇིག་རྟེན་གྱི་དོན་དངོས་འདྲ་མིན་སྣ་ཚོགས་ཚོར་རྟོག་བྱུང་བ་བརྒྱུད། དེ་དག་ཕན་ཚུན་འབྲེལ་བ་བྱེད་པའི་ཆོས་ཉིད་ཅིག་ཡིན། ཆོས་ཉིད་འདིས(སྟབས་ལེགས་ན)མི་རྣམས་ལ་འབྱུང་འགྱུར་གྱི་ལུང་བསྟན་གསུང་ཐུབ། མདོར་ན་ཚན་རིག་ལ་མངོན་སུམ་རང་བཞིན་དང་ཆོས་ཉིད་རང་བཞིན། མ་ལག་རང་བཞིན་བཅས་ཀྱི་ཁྱད་ཆོས་ཡོད"①ཅེས་འགྲེལ་བ་བྱས་ཡོད་པ་ནི་ཅུང་སྤྱི་ཁྱབ་ཡིན་ཞེས་དེང་གི་མཁས་པས་གླེང་། "ནུབ་ཕྱོགས་འཕྲོད་བསྟེན་རིག་པའི་འཕེལ་རིམ་ལྟར་ན་དུས་རབས་བཅུ་དགུ་བའི་དུས་སྟོད་དུ་ལུའུ་ཡིའུ་སི་ཕ་སི་ཐིར(Louis Pasteur)དང་ཁོའུ་ཆི(Robert Koch)སོགས་ཀྱིས་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་ཕྲ་ཕུང་རིག་པ་འཕེལ་རྒྱས་བྱུང་བ་མ་ཟད་ཞིབ་འཇུག་འདི་དག་གིས་དེང་རབས་ཕྲ་ཕུང་རིག་པའི་གཞུང་ལུགས་གྲུབ་པ་ཡིན། དེ་ལྟར་ན་སྐྱེ་ཁམས་སྨན་རིག་གི་ཁྱབ་ཁོངས་སུ་ནད་རིགས་སྣ་ཚོགས་གསོ་བའི་ཐབས་ལམ་ཆེས་ལེགས་ཤོས་ནི་ནད་རིགས་གང་དེའི་ནད་རྩ་འགོག་པ་ཡིན། དེ་ཡང་ནད་ཡམས་ཀྱི་འབྱུང་རྩ་ནི་ཕྲ་ཕུང་ཡིན་པས་དེ་རྩ་མེད་དུ་གཏོང་ན་ནད་ཀྱང་དྲག་ངེས་ཡིན།"②

  འཛམ་གླིང་སྤྱིའི་འགྲོ་ཕྱོགས་ལ་བསྟུན་པའི་འཕྲོད་བསྟེན་རིག་པ་དང་དེའི་ཡང་སྙིང་ཕྲ་ཕུང་རིག་པར་བསྡུར་ན་བོད་པའི་གཙང་བཙོག་གི་འདུ་ཤེས་ནི་ཆོས་ལུགས་དང་ཞིང་གྲོང་རིག་གནས་རྨང་གཞི་བྱས་ཏེ་སེམས་སམ་སྣང་ངོའི་གཙང་བཙོག་གམ་ལེགས་ཉེས་ངོས་འཛིན་བྱེད་པའི་མཚན་མ་ལྟ་བུ་ཡིན་ཟེར་ན་མི་ཆོག་རྒྱུ་མེད་པར་འདོད། བོད་ཀྱི་ཞིང་གྲོང་རིག་གནས་ལས་ནད་རིགས་ཀྱི་འབྱུང་རྩ་ནི་དགྲ་ལྷ་དང་ཕྲག་ལྷ། ཀླུ་དང་བཙན། ཐབ་ཀ་དང་གཞི་བདག་ལ་སོགས་པར་བཙོག་སྐྱོན་བཏང་བའི་རྟོག་པ་ཉིད་གཞིར་བྱས་ནས་དེ་དག་གིས་མི་ཕྱུགས་ལ་གནོད་སྐྱེལ་བར་འདོད། དེ་བས་མི་ལ་ནད་དང་ཕྱུགས་ལ་གོད་ཁ་འགོག་དགོས་ན་གོང་གསལ་ལྷ་འདྲེ་དེ་དག་ལ་ཕོག་ཐུག་བཏང་མི་རུང་།

  གཅིག ཆོས་དང་འཇིག་རྟེན་གྱི་ཁྱད་པར་ལས་མཆེད་པའི་གཙང་བཙོག

  འདས་ཟིན་པའི་ལོ་རྒྱུས་ཁྲོད་སངས་རྒྱས་བསྟན་པ་དང་བོན་ཆོས་གཉིས་འགལ་འདྲིས་བྱུང་བ་བརྒྱུད་གྲུབ་པའི་བོད་རྒྱུད་ནང་བསྟན་ནི་བོད་མི་སོ་སོའི་ཁྲག་རྩར་འཐིམ་ཡོད་ཅིང་། བོད་ཀྱི་འཚོ་བའི་གྲུ་ཁ་སོ་སོར་ཁྱབ་ཡོད། མདོར་ན་བོད་ཀྱི་སྤྱི་ཚོགས་ནི་ཆོས་དང་འཇིག་རྟེན་གཉིས་ལས་འདས་མེད་དེ། དཔེར་ན། མི་ལ་སྐྱ་སེར་གཉིས། ཁྱིམ་ལ་མཆོད་ཁང་དང་ཐབ་ཁང་། གྲོང་བ་དང་དགོན་པ། རྒྱུན་ལྡན་འཚོ་བའི་ལས་ཀ་དང་ཆོས་ལུགས་མཛད་སྒོ། འཇིག་རྟེན་འཚོ་ཐབས་གཉེར་བའི་ལོ་ཆུང་དང་ཕྱི་མའི་བདེ་བ་སྙེག་པའི་རྒན་པ་སོགས་ཕྱི་རོལ་མི་ཡིས་བལྟས་ན་ཆོས་ལུགས་དང་འབྲེལ་བ་ཡེ་ནས་མེད་པའི་རྒྱུན་ལྡན་གྱི་འགྲོ་ལུགས་ལ་ཡང་ཆོས་ཀྱི་བག་ཆགས་ཆེན་པོ་ཐེབས་ཡོད་པ་གཙང་བཙོག་གི་འདུ་ཤེས་ལས་ཀྱང་གསལ་བོར་མངོན་ཏེ། དཀར་ཕྱོགས་ཆོས་དང་འབྲེལ་བ་ཇི་ལྟར་ཡོད་ན་དེ་ལྟར་གྱིས་གཙང་མར་འདོད་པ་དང་། ཆོས་ཕྱོགས་ཀྱི་གཙང་བཙོག་འབྱེད་པའི་ཚད་གཞི་དང་འགལ་བའམ་ཡང་ན་ཕྱི་མར་གནོད་པའི་འཇིག་རྟེན་པའི་ལས་ནི་བཙོག་པར་འདོད་པ་ཡིན།

  བླ་མ་དང་དགེ་འདུན་པ་ནི་ཐད་ཀར་ཆོས་ཀྱི་ལས་དོན་སྒྲུབ་མཁན་ཡིན་ཕྱིར་བོད་ཀྱི་སྤྱི་ཚོགས་སུ་གཙང་མའི་རིགས་ཡིན་ཏེ། དུས་རབས༡༧པར་གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་སྒྱུར་སྐབས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག《ཞལ་ལྕེ་བཅུ་དྲུག》ཏུ"མི་ལ་རབ་འབྲིང་ཐ་གསུམ་དུ་བྱས། རབ་གྱི་རབ། རབ་གྱི་འབྲིང་། རབ་གྱི་ཐ། འབྲིང་ཐ་གཉིས་ལ་ཡང་དེ་དང་འདྲ"③ཞེས་པ་ལས་ཆོས་བྱེད་མི་སྣ་ནི་རབ་གྱི་འབྲིང་དང་རབ་གྱི་ཐ་ཡིན་པ་དང་། ཐ་མ་དང་མི་གཙང་བའི་རིགས་ནི་མགར་བ་ཤན་པ་ལ་སོགས་ཡིན། ད་ལྟའང་བླ་མ་གྲྭ་བ་འཇིག་རྟེན་པའི་ཁྱིམ་དུ་ཞག་སྡོད་བྱེད་དགོས་ན་ཁྱིམ་ཚང་དེས་ཆེས་གཙང་བའི་ཁང་ཤག་དང་ཉལ་ཆས་ཀྱིས་སྣེ་ལེན་བྱེད་ངེས་ཡིན། ད་དུང་བླ་མ་སྤྲུལ་སྐུ་ཐག་རིང་དུ་ཕེབས་སྐབས་ལམ་ནས་མགྲོན་ཁང་དུ་ཞག་ལ་བཞུགས་དགོས་ན། རྗེས་སུ་འབྲང་བའི་ཞབས་ཞུ་བས་ཤུག་པ་སོགས་བདུགས་ནས་བླ་སྤྲུལ་ཚོ་གཟིམ་སའི་མལ་ཁྲི་དང་ཉལ་ཆས་སོགས་ཀྱི་བཙོག་གྲིབ་བསལ་དགོས། "དེ་ལྟར་མ་བྱས་ན་དངོས་རྫས་དེ་དག་ཏུ་ཡོད་པའི་བཙོག་གྲིབ་ཀྱིས་ཁོ་ཚོར་རོགས་ཕན་བྱེད་མཁན་གྱི་ལྷ་ལ་བཙོག་གྲིབ་ཕོག་ནས་ལྷས་ཁོ་ཚོ་རྒྱབ་ཏུ་བསྐྱུར་ཉེན་ཡོད"④པར་འདོད། ཀུན་གྱིས་ཤེས་གསལ་ལྟར༡༩༤༡ལོར་སྐབས་དེའི་རྒྱལ་ཚབ་རྭ་སྒྲེང་གིས་བོད་སྲིད་དོན་གྱི་དབང་ཆ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡོངས་འཛིན་སྟག་གྲགས་རིན་པོ་ཆེ་ལ་མི་སྤྲོད་ཐབས་མེད་བྱུང་། འདིའི་རྒྱུ་མཚན་གཅིག་ལ་ཨ་རིའི་མཁས་ཆེན་མེའུ་སྒིར་སི་ཐན་གྱིས་སྐབས་དེའི་འབྲེལ་ཡོད་མི་སྣ་ལ་འདྲི་གཅོད་བྱས་ཏེ་ཕྱོགས་སྡོམ་བྱས་པ་ལྟར་ན། "རྭ་སྒྲེང་གིས་སྐུ་དྲག་ཇོ་དྲག་ཅེས་པའི་ཆུང་མ་རྣམ་རྒྱལ་ཚེ་སྒྲོན་དང་ཁོའི་ནུ་བོའི་ཆུང་མ་ཚེ་དབྱངས་གཉིས་ལ་ལུས་འབྲེལ་བྱས་པའི་གསང་བ་ཕྱི་ལ་ཤོར་བ་དང་ཆབས་ཅིག་ཀུན་གྱི་དད་པ་དང་ཡིད་ཆེས་ཤོར(དེའི་རྒྱུ་མཚན་ནི་ཁོ་རང་ལ་བཙོག་སྐྱོན་ཕོག་པས་ད་ལྟ་འཇིག་རྟེན་པ་དང་ཁྱད་མེད་པར་གྱུར)ཞིང་ལབ་གླེང་མ་བཟོད་པ་ཡིན"⑤ཞེས་བཤད་ཡོད། ཕོ་མོ་ལུས་འབྲེལ་བྱེད་པ་ནི་འཇིག་རྟེན་པའི་བྱ་བ་ཡིན་པ་མ་ཟད་མི་གཙང་བའི་སྤྱོད་པ་ཡིན་པས། རྭ་སྒྲེང་རིན་པོ་ཆེས་བུད་མེད་དང་ལུས་འབྲེལ་བྱས་པ་ན་ཁོང་ལ་བཙོག་གྲིབ་ཕོག་ནས་མི་གཙང་བའི་རིགས་སུ་འགྱུར། དེ་ཡང་ཁོའི་སྲིད་དོན་གྱི་དབང་ཆ་ནི་ཆོས་ཕྱོགས་ཀྱི་ཟིལ་ཤུགས་ལས་བྱུང་བ་ཡིན་པས། བོད་ཀྱི་དཔེ་ལ་སྡོམ་པ་སྡོམ་པ་ཤོར། རི་བོང་རི་བོང་ཤོར་ཞེས་པར་འགྱུར།

  ཆོས་ལས་འབྱུང་བའི་སེམས་ཀྱི་ལྷིང་འཇགས་དང་འཚོ་བའི་རེ་སྨོན་ལ་གསོལ་འདེབས་ཞུ་སའི་བླ་མ་སངས་རྒྱས་ཀྱི་སྐུ་འདྲ་དང་གསུང་འབུམ་སོགས་ནི་བོད་མིའི་ཁྱིམ་དུ་མེད་མི་རུང་བ་ཞིག་ཡིན་པ་མ་ཟད། ཆེད་དུ་མཆོད་ཁང་དང་ཡང་ན་མཆོད་ཁྲི་བརྩིགས་ཏེ་དེ་རུ་བཀུར་ཡོད། སྤྱིར་བོད་ཀྱི་འཚོ་བར་ཆེད་ལས་དང་ཆེད་སྤྱོད་ཀྱི་བྱ་དངོས་ཤིན་ཏུ་ཉུང་མོད། མཆོད་ཁང་དང་མཆོད་ཁྲི་ནི་མིང་དོན་མཚུངས་པའི་ཆེད་སྤྱོད་ཀྱི་གནས་ཤིག་ཡིན་ཏེ། དེའི་ནང་དུ་ཆོས་དཔེ་དང་སྐུ་འདྲ། མཆོད་ཆ། བླ་མ་དང་གྲྭ་བའི་གཟིམ་ཁྲི་སོགས་ཆོས་ཕྱོགས་དང་འབྲེལ་བའི་དངོས་པོ་ཁོ་ན་མ་གཏོགས་གཞན་གཅིག་ཀྱང་འཇོག་མི་སྲིད་པ་མ་ཟད། རྒྱུན་པར་ཁྱིམ་གྱི་ས་མཐོ་ཕྱོགས(གཙང་ས)སུ་བརྩིགས་ཡོད། དེ་ལྟར་བྱས་ན་ད་བཟོད་འཇིག་རྟེན་བཙོག་གྲུབ་དང་ཁ་འགལ་ཐུབ་པར་འདོད་ཀྱི་ཡོད། ཉིན་རེའི་ཞོགས་པར་རྒན་པ་ཚོས་མཆོད་ཁང་ལ་གད་བདར་བྱས་ནས་མཆོད་ཆུ་ཤོམ་ཞིང་། ཕྱི་དྲོ་མཆོད་ཆུ་ས་གཙང་ཤོས(ཁང་ཐོག)སུ་བྱོ་སྟེ་མཆོད་པ་གཙང་མར་ཕྱིས་ནས་ཕྱི་ཉིན་གྱི་མཆོད་ཆུ་གསར་བ་གྲ་སྒྲིག་བྱེད་པ་ཡིན། ལས་ཀ་འདི་དག་སྒྲུབ་སྐབས་མགོ་ནས་མཇུག་བར་མཆུ་ལ་ཁ་དཀྲི་དཀྲིས་ནས་འཇིག་རྟེན་པའི་ཁ་རླངས་བཙོག་པ་བཀག་པར་བྱེད། མཆོད་ཁང་དུ་ཆོས་དང་འབྲེལ་བ་མེད་པའི་བྱ་བ་སྒྲུབ་མི་རུང་། ལྷག་པར་ཕོ་མོའི་ལས་ཀ་སོགས་ལ་ཤིན་ཏུ་འཛེམས་པ་ཡིན།

  ལྷ་ཆོས་དང་འབྲེལ་བ་ཡོད་པའི་དངོས་པོ་གཞན་ཁ་ཤས་ཀྱི་གཙང་བཙོག་ལའང་དོ་སྣང་བྱེད་དགོས་ཏེ། དཔེར་ན། ཆུ་མིག་ལ་ལར་ཀླུ་གནས་པར་འདོད་པས་དེར་གཅིན་སྐྱག་དང་མཆིལ་མ། ཁྲག་དང་སྲོག་ཆགས་ཤི་རོ་ལ་སོགས་མི་གཙང་བའི་རིགས་འཕངས་ན་རང་ཉིད་ཞ་བོ་དང་ཞ་ར། འོན་པ་སོགས་ལ་འགྱུར་བའི་ཉེན་ཁ་ཡོད་པར་འདོད། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཞང་གྲོ་སྐོར་སྡེ་བར་མིང་ལ་མཐུ་ཁོ་ཟེར་བའི་རྒན་པོ་ལོ་ན་བདུན་བཅུ་དོན་གསུམ་ལོན་པ་ཞིག་ཡོད། ཁོ་ནི་འཁར་བ་ལ་རྟེན་པའི་ཞ་བོ་ཞིག་ཡིན་མོད། འོན་ཀྱང་ངང་རྒྱུད་དྲང་ལ་བྱམས་སེམས་ཆེན་པོ་ཞིག་ཡིན་པ་མ་ཟད་ལོ་ན་རྒས་རུང་དྲན་པ་ཧ་ཅང་གསལ། ཁོང་གིས་བཅར་འདྲི་བྱེད་སྐབས་བཤད་རྒྱུར"ང་ལོ་ན་ཆུང་དུས་འདི་འདྲ་ཞ་བོ་ཞིག་མ་ཡིན་པར་རྐང་བདེ་ལག་བདེ་ཞིག་ཡིན་མོད། འོན་ཀྱང་ལོ་ན་ཉི་ཤུ་ཡར་མར་ཞིག་གི་ཚད་ལ་ང་ཚོའི་སྡེ་འགྲམ་གྱི་ཆུ་མགོ་དེའི་ནང་དུ་རི་བོང་བཤས་མ་ཐག་པའི་གྲི་ཞིག་བཀྲུས། དེ་ནས་ཅུང་མ་འགོར་བར་ངའི་རྐང་པ་གཡས་པར་ན་ཚ་བྱུང་། རྩིས་པས་རྩིས་བྱས་པ་ན་ཁྱོད་ཀྱིས་ཀླུ་བཙན་པོ་ཞིག་ལ་ཕོག་ཐུག་བཏང་སོང་ཟེར་གི བསང་ནི་མང་པོ་ཕུད་རུང་ལོ་གཉིས་ཙམ་འགོར་རྗེས་རྐང་པ་གཡས་པ་ཡོངས་སུ་ཞ་སོང་། ཀླུ་དེ་ཕལ་ཆེར་རང་གཤིས་ཤིན་ཏུ་མཁྲེགས་པའི་ཀླུ་ཞིག་ཡིན་རྒྱུ་རེད།" དོན་ངོ་མ་ཀླུ་ཟེར་བ་ཞིག་ཡོད་མེད་དང་ལྷག་པར་ཁོ་ཞ་འགྲོ་བའི་རྒྱུ་མཚན་ཀླུས་གནོད་བསྐྱལ་པ་ཡིན་མིན་སུས་ཀྱང་མི་ཤེས་མོད། ཁོ་རང་ཉིད་དང་སྡེ་མི་ཚོར་མཚོན་ན་དེ་ནི་ཀླུས་གནོད་བསྐྱལ་བ་ཡིན་པར་ཐེ་ཚོམ་མེད། བརྒྱ་བཤད་ཚིག་གི་གཙོ་གནད་འདི་ཡིན་ཏེ་ཁོ་ཚོའི་སྣང་ངོར་ཀླུ་ཞེས་པ་དེ་ཡོད་པ་མ་ཟད་བཙན་པོ་ཞིག་ཀྱང་ཡིན་པས། ཆུ་མགོ་ལ་སོགས་ཀླུའི་གནས་སར་འདོད་པ་ལ་བཙོག་སྐྱོན་གཏོང་མི་རུང་།

  དེ་བཞིན་མདོ་དབུས་ཁམས་གསུམ་གང་དུ་ཡིན་རུང་ཐབ་ཀའི་གཙང་སྦྲ་ལ་དོ་སྣང་ཆེན་པོ་བྱེད། ཐབ་ཀའི་སྟེང་དུ་ཤ་དང་རུས་པ། སྐྲ་དང་སེན་མོ་སོགས་སྲེག་མི་རུང་ཞིང་ཐབ་ཀའི་སྟེང་དུ་ལྷམ་དང་ལུས་སྨད་ཀྱི་གྱོན་ཆས་ཀྱང་གཡུག་མི་རུང་། དེ་མིན་ན་ཐབ་ལྷར་ཕོག་ཐུག་བཏང་ནས་བཟའ་མི་ལ་ན་ཚ་དང་སྒོ་ཕྱུགས་ལ་གོད་ཁ་ཡོང་བའི་ཉེན་ཁ་ཡོད། དེ་མ་ཟད་ལོ་སར་སོགས་དུས་ཆེན་སྐབས་སུ་ཐབ་ཀ་ལའང་དཀར་ཟས་བཤམ་དགོས། བོད་ཡུལ་དུ་བྱིས་པ་ཆུང་ངུའི་དུས་སུ་ཐབ་ཀར་བཙོག་སྐྱོན་བཏང་བས་བཟའ་མི་ལོ་རྒན་ཚོས་གཅར་རྡུང་བྱས་པའི་གནས་ཚུལ་ཧ་ཅང་མང་། མཚམས་རེར་ཐབ་ཀའི་སྟེང་ཤ་བསྲེགས་པས་ཨ་མས་འབྲུ་མོའི་མངལ་ཤོར་འགྲོ་ཟེར་ནས་གཅར། མཚམས་རེར་ཐབ་ཀ་རྐང་པས་བགོམས་པས་ཨ་ཕས་ཁྱིམ་ལ་བཀྲ་མི་ཤིས་ཟེར་ནས་རྡུང་བ་ཡིན།

  མིའི་ལུས་ཕུང་ཡང་དེ་བཞིན་བཙོག་སྐྱོན་གཏོང་མི་རུང་བ་ཞིག་ཡིན། འདིར་འཕྲོད་བསྟེན་སྐབས་ཀྱི་བཙོག་སྐྱོན་དང་དབྱེ་བ་གསལ་པོར་འབྱེད་དགོས་ཏེ། བོད་མིའི་བློ་ངོར་མི་ཞིག་སྐྱེ་དུས་ནས་དེའི་ལུས་ཕུང་ཐོག་གི་གནས་ཁ་ཤས་ན་ལྷ་ཡོད་པར་འདོད། དེ་བས"བཙོག་སྐྱོན་ཕོག་པའི་དངོས་རྫས་སམ། སྲོག་ཆགས་གསོན་པོའམ་ཤི་རོ་ཅི་རིགས་ཤིག་ཐོག་མར་སྐྱེ་དུས་ནས་ཡོད་པའི་ལྷ་དེ་དག་གནས་སའི་གཟུགས་ཐོག་ཏུ་འཇོག་མི་རུང་བར་གྲགས།"⑥དེ་མ་ཟད་མིའི་ལུས་སྟོད་ལ་ལུས་སྨད་ཀྱི་གྱོན་ཆས་འཇོག་མི་རུང་ཞིང་མགོ་དང་ཕྲག་པར་རྐང་པའང་འཇོག་མི་རུང་། དེ་ལྟར་བྱས་ན་ལུས་སྟེང་གི་དགྲ་ལྷ་དང་ཕྲག་ལྷ་ལ་སོགས་པ་མནོལ་འགྲོ་བས་མིའི་ལུས་དང་དབང་ཐང་རྒུད་འགྲོ་བ་མ་ཟད་ནད་ཡམས་འབྱུང་བར་འདོད་དོ། །

  བཅོས་སྒྱུར་སྒོ་འབྱེད་སྔོན་གྱི་བོད་མི་རྣམས་ལ་ལུས་ཕུང་འཁྲུད་པའི་གོམས་གཤིས་མེད་མོད། ལྷ་ས་ཕྱོགས་སུ་ལོ་རེའི་ཟླ་བ་བདུན་པའི་ཟླ་སྟོད་དུ་སྐར་མ་རི་བྱི་ཤར་བ་དང་བསྟུན་ནས། རྐང་ལག་ཤིན་ཏུ་མི་བདེ་བའི་རྒན་པ་རྣམས་མ་གཏོགས་ཚང་མ་ཆུའི་ནང་དུ་བབས་ནས་ཁྲུས་བྱེད་པ་ཡིན། འདི་ཡང་ད་ལྟའི་དོན་གྱི་ཁྲུས་་ཤིག་མ་ཡིན་པར"དུས་དེར་སྐར་མ་རི་བྱིའི་ཕོ་བྲང་དང་སངས་རྒྱས་ཀྱི་གཙུག་ཕུད་གཉིས་ཕན་ཚུན་འཕྲད་ཅིང་། རྟེན་འབྲེལ་དེའི་ཕྱིར་སངས་རྒྱས་ཀྱིས་མི་ཡུལ་ལ་བྱིན་རླབས་བསྩལ་བས། སྐབས་དེའི་ས་སྟེང་གི་ཆུ་ཐམས་ཅད་བདུད་རྩི་ཡིན། དེས་ལུས་ཕུང་ལ་ཁྲུས་བྱས་ན་ནད་དང་བཙོག་གྲིབ་སོགས་སེལ་ ཐུབ"⑦དེར་རྟེན་སྐབས་དེའི་ཁྲུས་བྱེད་པ་ནི་དད་པ་སྔོན་འགྲོ་བྱས་པའི་ཁྲུས་ཤིག་ཡིན། ལྟོས་ཚོད་ཀྱིས་འཕྲོད་བསྟེན་རིག་པའི་ཁྲུས་དང་ཁྱད་པར་ཆེན་པོ་མེད་ན་ཡང་། དོན་དངོས་སུ་བྱ་སྤྱོད་འདྲ་འདྲའི་བགས་སུ་མི་འདྲ་བའི་རིག་གནས་ཉལ་ཡོད་དོ། །

  གཉིས། བདག་གཞན་གྱི་ཁྱད་པར་ལས་མཆེད་པའི་གཙང་བཙོག

  བོད་མི་ཕལ་ཆེ་བའི་སྣང་ངོར་མི་རིགས་གཞན་པ་ལས་བོད་རིགས་གཙང་བ། བོད་རིགས་ལས་ངོ་ཤེས་གཙང་བ། ངོ་ཤེས་ལས་ཆ་ཤེས་གཙང་བ། ཆ་ཡོད་ལས་གྲོགས་པོ་གཙང་བ། གྲོགས་པོ་ལས་བཟའ་མི་གཙང་བ། བཟའ་མི་ལས་རང་ཉིད་གཙང་བ། མདོར་ན་རང་ཉིད་དབུས་སུ་གནས་པའི་རང་ཉིད་དང་ཁྲག་རྒྱུན་ནམ་བརྩེ་སེམས་ཀྱི་ཐད་ནས་ཐག་ཇི་ལྟར་ཉེ་ན་དེ་ལྟར་གཙང་ཞིང་ཇི་ལྟར་རིང་ན་དེ་ལྟར་བཙོག་པར་འདོད། འདི་ནི་འགྲོ་བ་མིའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་ནའང་སྲིད་མོད་འདིར་དཔྱད་པར་བྱ་བ་མ་ཡིན་ནོ། །

  བོད་ཀྱི་ཁྱིམ་ཚང་ཕལ་ཆེ་བར་བཟའ་མི་རེ་ལ་ཕོར་བ་རེ་ཡོད་ཅིང་སོ་སོར་མི་འདྲེས་པར་རང་གིས་རང་གི་ཕོར་བར་འཐུང་། སྲོལ་རྒྱུན་ལྟ་ན་མགྲོན་དང་སྟོན་ཐོག་ཏུ་འགྲོ་སྐབས་ཀྱང་རང་ཉིད་ཀྱིས་ཕོར་བ་གྲ་སྒྲིག་བྱ་དགོས་ཏེ། ཀྲུང་ཧྭ་མིན་གོའི་སྐབས་སུ་གོ་མིན་ཏང་སྲིད་གཞུང་གིས་མངགས་པའི་དཔོན་པོ་ལིའུ་མན་ཆིན(པླཱིསྚཱུཚྀ)ནོར་བུ་གླིང་ཀར་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་ལ་མཇལ་དུ་འགྲོ་སྐབས་ཀྱང"རང་ཉིད་ཀྱིས་ཕོར་བ་གྲ་སྒྲིག་བྱ་དགོས"⑧ མཛོད་དགེ་ས་ཆའི་ཁྱིམ་ཚང་དུ་ཕ་མ་དང་བུ་ཕྲུག་གིས་མཉམ་དུ་སོ་འཁྲུད་བྱེད་སྤྱད་བེད་སྤྱོད་བྱེད་པ་ནི་ཤིན་ཏུ་རྒྱུན་ལྡན་ཡིན་མོད། འོན་ཀྱང་བུ་ཕྲུག་གིས་གཉེན་སྒྲིག་བྱས་རྗེས་ཕ་མ་དང་མཉམ་དུ་སོ་འཁྲུད་བྱེད་སྤྱད་བེད་སྤྱོད་པ་མ་ཡིན་པར་ཆུང་མའམ་ཁྱོ་བོ་དང་མཉམ་དུ་སྤྱོད་པ་ཡིན།

  མི་གཞན་གྱི་ཕོར་བ་ལས་རང་གི་ཕོར་བ་གཙང་བ་དང་། ཕ་མར་མནའ་མ་དང་མག་པ་ལས་རང་གི་བུ་དང་བུ་མོ་གཙང་བ་དང་། སློབ་གྲྭའི་སློབ་མ་ཚོར་སྤྱིར་བཏང་གི་སློབ་གྲོགས་ལས་རང་དང་ལྷག་པར་མཐུན་པའི་སློབ་གྲོགས་གཙང་བ་སོགས་ནི་བདག་གཞན་གྱི་ཁྱད་པར་ལས་མཆེད་པའི་གཙང་བཙོག་འདུ་ཤེས་ཡིན་ཞིང་། གལ་ཏེ་གཞན་པའི་ཕོར་བར་འཐུང་བ་དང་གཞན་པའི་སོ་འཁྲུད་བྱེད་ཀྱིས་བཀྲུས་པ། མི་ཆ་མེད་ཀྱི་གྱོན་ཆས་གྱོན་པ་སོགས་བདག་གཞན་གྱི་ཁྱད་པར་ལས་མཆེད་པའི་གཙང་བཙོག་འདུ་ཤེས་ཀྱི་རྩ་དོན་དང་འགལ་སོང་ན་སོ་ན་བ་དང་ཁ་ནང་དང་ལུས་ལ་འབྲུམ་ནད་འབྱུང་བའི་གནས་ཚུལ་སོགས་ཡོད་དོ། །

  གསུམ། ཕྱི་ནང་གི་ཁྱད་པར་ལས་མཆེད་པའི་གཙང་བཙོག

  བོད་པའི་ཁང་ཁྱིམ་ཕྱི་ནང་གི་གཙང་བཙོག་དང་། ཕྱི་ནང་གང་གི་གཙང་སྦྲ་ལ་དོ་སྣང་བྱེད་མིན་གྱི་ཐོག་ནས་རྩ་དོན་འདི་རྟོགས་ཐུབ་སྟེ། བོད་པ་ཕལ་ཆེ་བས་ཁང་ཁྱིམ་ནང་གི་མདུན་ཅོག་དང་སྒེའུ་ཁུང་སོགས་གཙང་མར་ཕྱིས་ཡོད་ཅིང་ལྷག་པར་དུ་ཐབ་ཀ་དང་ཐབ་ཆས་འོད་ལམ་ལམ་དུ་སྣང་། ཡིན་ན་ཡང་རིགས་གཞན་པས་བལྟས་ན་བོད་པའི་ཁང་ཁྱིམ་ནི་དེ་འདྲའི་གཙང་མ་མིན། རྒྱུ་མཚན་ནི་ག་ས་གང་དུ་མར་ལ་སོགས་པའི་སྣུམ་རོ་ཆགས་ཡོད་ཅིང་དེ་ནི་མི་གཙང་བའི་མཚོན་རྟགས་ཡིན། འོན་ཀྱང་བོད་མི་རིགས་ལ་མཚོན་ན་མར་ནི་གཙང་མ་ཡིན་པ་མ་ཟད་རྩིས་ཆེན་ཞིག་ཀྱང་ཡིན་ཏེ། མར་ནི་རྩམ་པ་དང་ཇ་ལ་སོགས་ཁ་ཟས་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད། མེ་ཏོག་མཆོད་པ་དང་མཆོད་མེ་སོགས་ཆོས་དང་སྒྱུ་རྩལ་ཁྲོད་དུའང་མེད་དུ་མི་རུང་བ་ཞིག་ཡིན། མདོར་བསྡུས་ན་མར་གཙང་མ་ཡིན་མིན་སྐོར་གྱི་ལྟ་སྟངས་ལ་འགལ་བ་བྱུང་བའི་རྒྱུ་མཚན་ནི་མི་རིགས་སོ་སོའི་གཙང་བཙོག་གི་དབྱེ་བ་འབྱེད་པའི་ཚད་གཞི་མ་འདྲ་བས་ཡིན།

  བོད་པའི་ཁང་ཁྱིམ་ཕྱིའི་གཙང་བཙོག་གི་རྣམ་པའི་སྐོར་ལ་འཇར་པན་གྱི་གྲྭ་བ་ཧོ་ཁོའུ་ཝེ་ཧ་ཞེས་པ་དུས་རབས་ཉི་ཤུ་བའི་དུས་མགོར་ལྷ་སར་སླེབས་དུས་འབྲི་རྒྱུར་ "གླིང་སྐོར་ལམ་དུ་མི་ཚོས་གོམ་པ་རེ་དང་ཕྱག་རེ་བྱ་དགོས་པས་ལམ་ངོས་ཅུང་གཙང་མོད། འོན་ཀྱང་ལྷ་སའི་ཁྲོམ་ནི་ཤིན་ཏུ་ཡ་ང་བ་ཞིག་རེད། ཁྲོམ་གཞུང་དུ་ཡུར་བུ་ཤིན་ཏུ་ཟབ་མོ་ཞིག་ཡོད་པ་ནི་བུད་མེད་དང་ལམ་འགྲོ་བའི་གསང་སྤྱོད་ཁང་རེད། ཡུར་བའི་ཁ་རར་སྐྱག་པ་སྤུངས་ཡོད་པས་དགུན་ཁར་མི་སྐྱོན་མོད་དབྱར་ཁར་དྲི་ངན་གྱིས་འདུག་མི་བཅུག ལྷ་ས་ནི་དག་པའི་ཞིང་ཁམས་ཡིན་མོད་ད་རུང་འདི་འདྲ་སྐྱུག་བྲོ་བའི་གནས་ཀྱང་ཡོད་ འདུག"⑨ཅེས་ཧ་ཅང་སྡུག་པོ་བྲིས་འདུག་ལ་འདི་ནི་སྐབས་དེའི་གནས་ཚུལ་དངོས་ཡིན་པར་གདོན་མི་ཟ། ད་སྐབས་ལྷ་སར་ཆང་ཁང་མང་པོ་ཡོད་མོད་ནང་དུ་གསང་སྤྱོད་ཁང་ཡོད་མཁན་ཉུང་བས་མི་ཚོས་ཆང་འཐུང་རྗེས་ཕྱི་རོལ་གྱི་མཁར་རྩ་ཁང་རྩར་གཅིན་པ་གཏོང་བཞིན་ཡོད། མི་མང་པོ་ཡོད་སྐབས་ཚང་མས་གྲལ་བསྒྲིག་ནས་དམག་དཔུང་ཞིག་དང་མཚུངས།

  གོང་གསལ་བོད་ཀྱི་འཚོ་བའི་ཁྲོད་ཀྱི་གཙང་མ་དང་བཙོག་པའི་ལྟ་སྟངས་ལ་དཔྱད་པ་བྱས་ན་བོད་ཀྱི་གཙང་བཙོག་གི་འདུ་ཤེས་ནི་མགོ་མེད་རྔ་མེད་གཅིག་མ་ཡིན་པར་བོད་ཀྱི་རིག་གནས་དང་འབྲེལ་བའི་རྩ་དོན་གསུམ་ལས་མཆེད་པ་ཡིན། རྩ་དོན་འདི་དག་ནི་བདག་ཅག་བོད་པ་ཚོས་ལེགས་ཉེས་དང་འཇིག་རྟེན་ལ་ངོས་འཛིན་ཇི་ལྟར་བྱེད་པའི་མཚོན་རྟགས་ཡིན་པར་སྙམ།

  གཉིས་པ། གཙང་སེལ་གྱི་ལས་ཀ་བཤད་པ།

  འཇིག་རྟེན་དང་འཇིག་རྟེན་པའི་གྲིབ་ཀྱིས་མི་རང་དང་ལྷ། གནས། བཙན་པོ་སོགས་མནོལ་སོང་བའི་རྣམ་རྟོག་གཞིར་བྱས་ནས། "འགྲོ་བ་མི་རང་དང་ཡུལ་ལྗོངས་ལ་བཙོག་སྐྱོན་བཏང་བའི་འབྲས་བུར་ལྷས་སྐྱེ་བོ་དེ་དག་ལ་ཁོང་ཁྲོ་བྱེད་ལ་རོགས་ཕན་ཡང་མི་བྱ"⑩ཟེར་བས། མི་སུ་ཡིན་རུང་མི་རང་དང་ལྷ། གནས་བཙན་པོ་ལ་བཙོག་སྐྱོན་བཏང་ན་ངེས་པར་དུ་གཙང་སེལ་གྱི་ལས་ཀ་སྒྲུབ་དགོས། དེ་ན་གཙང་གསེལ་གྱི་ལས་ཀར་རིགས་མང་པོ་ཡོད་དེ། དེ་ལས་ཁ་ཤས་སྤྱི་ཡི་ཚབ་ཏུ་དཔེ་རུ་དྲངས་ན།

  གཅིག བསང་མཆོད།

  དུས་ཡུན་རིང་པོའི་འགྱུར་ལྡོག་ཁྲོད་བསང་མཆོད་ནི་ཡུལ་ལྷ་གཞི་བདག་ལ་ཟ་མ་མཆོད་པ་ལྟ་བུར་འགྱུར་ཡོད། ཡིན་ན་ཡང་མཁར་རྨེའུ་བསམ་གཏན་ལགས་ཀྱིས"གནའ་བོའི་དཔེ་ཆ་དག་ལ་ཞིབ་མོར་བརྟག་ནས་དཔྱད་པ་བྱས་ན། བསང་ཞེས་པའི་བྱ་ཚིག་ནི'བསང་བ'ཞེས་པ་ལས་མཆེད་པ་དང་། 'བསང་བ'ཞེས་པ་དེ་དང'སངས་པ'ཞེས་པའི་ཚིག་གཉིས་ནི་གཅིག་ལས་གཅིག་མཆེད་ཀྱི་འབྲེལ་བ་ལྡན་པ་ཞིག་ཡིན་ཚུལ་རྟོགས་ཐུབ། དེར་བརྟེན'བསང་བ'ཞེས་པའི་ཚིག་ནི་མེ་ལ་བརྟེན་པའི་གཙང་སེལ་བྱེད་པའི་ཆོ་ག་ཞིག་ཡིན"ཞེས་གསུང་། དེས་ན་བསང་ཞེས་པ་ཇི་ལྟར་ཕུད་ཞེ་ན། རང་རང་གི་ཁྱིམ་དུ་ཡོད་པའི་བསང་ཁྲི་དང་ལབ་རྩེ་སོགས་སུ་ཕུད་དགོས། ད་དུང་ཐབ་ཀར་ཕུད་པའི་ཐབ་བསང་ཞེས་པའང་ཡོད། གང་ལྟར་འབུད་ཤིང་ངམ་ལྕི་བ་སོགས་མེ་འབར་བྱེད་རན་ཙམ་ཞིག་བསང་ཁྲིའི་སྟེང་བརྟན་པོར་སྒྲིག་ནས་མེ་འབུད་དགོས་ཤིང་། མེ་ལྕེ་ཆེན་པོར་འབར་བ་ན་དེའི་སྟེང་དུ་ཤུག་པ་སྲེག་ནས་དེའི་དུ་བས་བསང་རྩི(ཡོས་དང་རྩམ་སྐྱ་བསྲེས་མ)དང་ཆབ(ཆུ་དང་འོ་མ་སོགས)རླུང་རྟ་སོགས་བདུགས་ནས་གཙང་མ་བཟོས་རྗེས། བསང་འབོད(ཡུལ་ལྷ་གཞི་བདག་སོགས་ལ་རང་གི་གྲོགས་སུ་མཛོད་པར་ཞུ་བ་བྱེད་པའི་ཚིག)བྱེད་ཞོར་དུ་བསང་རྩི་མེའི་སྟེང་དུ་བླུགས་ཤིང་དེའི་སྟེང་མར་ཅུང་ཟད་ཅིག་བཞག་ནས་ཆབ་གཏོར། མུ་མཐུད་དུ་བསང་འབོད་བྱེད་བཞིན་རླུང་རྟ་བསྐུར། བསང་འབོད་བྱས་ཚར་རྗེས་མཇུག་རྫོགས་པ་ཡིན། འོ་ན་ཆོ་ག་འདིས་ཅི་ཞིག་ལ་གཙང་སེལ་བྱེད་ཟེར་ན། དེ་ཡང《བསང་གི་དག་གཙང་སྔོན་འགྲོ》ལས། "སྟེང་གི་ལྷ་ཡང་བསང་བར་བྱ། །འོག་གི་ཀླུ་ཡང་བསང་བར་བྱ། །བར་གྱི་གཉན་ཡང་བསང་བར་བྱ། །གདན་ཁྲི་རྣམས་ཀྱང་བསང་བར་བྱ། །ཆས་གོས་རྣམས་ཀྱང་བསང་གྱུར་ཅིག"ཅེས་ལྷ་ཀླུ་གཉན་གསུམ་དང་གདན་ཁྲི། ཆས་གོས་སོགས་བཙོག་གྲིབ་ཀྱི་འབགས་པ་རྣམས་ཕྱིར་དག་གཙང་དུ་བསྒྱུར་ནས་སྔར་བཞིན་རོགས་ཕན་བྱེད་པར་བཏོན་པའི་རེ་བའོ། །

  གཉིས། ཤུག་བདུག

  ཤུག་པ་ནི་བོད་ཀྱི་རིག་གནས་ལས་སྤྱིར་བཏང་གི་ཤིང་ཞིག་མ་ཡིན་པར་གཙང་སེལ་གྱི་ནུས་པ་ལྡན་པའི་ཤིང་ཁྱད་པར་བ་ཞིག་ཡིན་ཏེ། མཛོད་དགེ་ས་ཁུལ་གྱི་བསང་འབོད་དུ་ "གསོལ་ལོ་གསོལ་ལོ། ལྷ་གསོལ་ལོ། རི་ཤུག་སྔོན་མོས་མ་བསང་བ་མེད། རྫ་ཆུ་བསིལ་མས་མ་དག་པ་མེད"ཅེས་ཆུ་ཡིས་མི་གཙང་དྲི་མ་དག་ཐུབ་པའི་ནུས་པ་དང་འདྲ་མཉམ་དུ་གནས་ཡོད། དེས་ན་ཤུགས་པས་ཅི་ཞིག་དག་པར་བྱེད་ཅེ་ན། ཁྱབ་ཧ་ཅང་ཆེ་སྟེ། གོང་གི་མཆོད་ཆ་མཆོད་རྫས་དང་འོག་གི་ཉལ་ས་དང་གྱོན་ཆས། མི་ལ་སོགས་འཚོ་བའི་ཁྲོད་ཡོད་ཅིང་བཙོག་གྲིབ་ཀྱིས་མནོལ་ཐུབ་པ་ཞིག་ཡིན་པ་ཕལ་ཆེར་གཙང་སེལ་བྱེད་ཐུབ། བོད་པའི་ཁྱིམ་དུ་མཆོད་ཁྲི་དང་མཆོད་ཁང་ཡོད་པ་དང་དེ་ལ་བཙོག་སྐྱོན་གཏོང་མི་རུང་བ་གོང་དུ་བཤད་ཟིན། ཡིན་ན་ཡང་དེར་བཙོག་སྐྱོན་མ་བཏང་བའི་ངེས་པ་མེད་ཅིང་ལྷག་པར་ང་ཚོའི་མ་ཤེས་ས་ནས་བཙོག་སྐྱོན་གཏང་བའི་ཉེན་ཁ་ཡོད་པས། དེ་དག་ཏུ་ཉིན་རེ་བཞིན་དུ་ཤུག་བདུག་བྱ་དགོས། དེའི་ཕྱིར་ང་ཚོ་དགོན་པ་དང་ལྷ་ཁང་ཆེན་པོ་ཡོད་ས་དཔེར་ན་ལྷ་ས་ལྟ་བུར་སོང་ན། ཤུག་པའི་དྲི་ཞིམ་ནི་གནས་དེའི་ཁྱད་ཆོས་ཆེས་གཙོ་བོ་ཞིག་ཡིན། ད་དུང་ཁྱིམ་ཚང་གཞན་པ་དང་ཁྲོམ་ལ་སོགས་ནས་འཁུར་ཡོང་བའི་དངོས་པོ་ཡིན་རུང་རང་ཁྱིམ་དུ་མ་འཁུར་སྔོན་ཤུག་པ་བདུགས་ནས་དེའི་སྟེང་གི་གྲིབ་ལ་སོགས་པར་གཙང་སེལ་བྱེད་པ་ཡིན། བསང་ཕུད་སྐབས་ཀྱང་བསང་རྫས་རྣམས་གཙང་མ་ཡིན་པ་ཁག་ཐེག་བྱེད་པའི་ཐབས་ནི་ཤུག་བདུག་བྱེད་པ་ཡིན་པས། བསང་ཕུད་སྐབས་སྔོན་ལ་མེའི་སྟེང་དུ་ཤུག་པ་བསྲེགས་ནས་བསང་རྫས་ལ་གཙང་སེལ་བྱ་དགོས།

  གསུམ། བྱབས་ཁྲུས།

  ཆོ་ག་འདི་ལ་མེ་ལོང་དང་ཁྲུས་གཞོང་། བུམ་པ་དྲི་བཟང་གི་ཆུས་བཀང་བ་ལ་ཁ་རྒྱན་རྨ་བྱའི་སྒྲོ་དང་ཀུ་ཤས་བརྒྱན་པ། རྡོ་རྗེ་དྲིལ་བུ། སྣོད་གཞན་ཞིག་གི་ནང་ཁྲུས་ཀྱི་ཡོ་བྱད་དྲི་གླུད་དབང་པོ་སྐྱེ་མཆེད་ཚང་བ་རྣམས་ཚོགས་པར་བྱས་ནས་ལྷ་བླ་མར་གསོལ་འདེབས་དང་བཅས་བསྒྲུབ་དགོས། བྱབས་ཁྲུས་ཀྱིས་ཅི་ཞིག་ལ་གཙང་སེལ་བྱེད་པར《རྒྱུན་མཁོའི་ཆོ་ག་ཕྱག་ལེན་སྣ་ཚོགས》ལས"དཀར་ཕྱོགས་སྐྱོང་བའི་སྲུང་མ་ལྷ་ཀླུ་གཞི་བདག་རྣམས་དང་རི་ཀླུང་གནས་ཁང་སོགས་ལ་ཉམས་གྲིབ་སེལ་ཕྱིར"དང"དཔལ་རྡོ་རྗེ་རྣམ་པར་འཇོམ་པ་ཞི་བ་ལས་བྱུང་བའི་བུམ་པའི་ཆུས་རྡོ་རྗེ་སློབ་མའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཕྱི་ནང་ཐམས་ཅད་ཁྱབ་པར་བཀྲུས་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དབང་བའི་སྒོ་དང་བ་སྤུའི་བུ་ག་སོགས་གནས་ཐོན་ཏེ་བྱང་ཞིང་དག་པར་གྱུར"ཞེས་བསང་ལ་སོགས་དང་འདྲ་བར་ལྷ་ཀླུ་གཞི་བདག་སོགས་ལ་གཙང་སེལ་བྱེད་ཅིང་། ཁྱད་པར་དུ་ནད་པ་ལའང་གཙང་སེལ་བྱས་ནས་དེའི་ལུས་ཀྱི་ནད་གདོན་སྡིག་སྒྲིབ་སེལ་བར་བྱེད་པའོ། །

  བཞི་བ། གླུད།

  《ཇོ་བོ་རྗེའི་རྟེན་འབྲེལ་འཆི་བསླུ》ལས"ཚེ་སྲོག་ལ་གནོད་པར་བྱེད་པའི་ལོ་སྲི། ཟླ་སྲི……རྒྱལ་པོའི་ཀེག ཞག་དམག མིའི་ཀེག……གདོན་རིགས་སྟོང་ཕྲག་བཅོ་བརྒྱད། རྐྱེན་ངན་ཉི་ཁྲི་ཆིག་སྟོང"ལ་སོགས་ཞི་བའི་ཆེད"དངོས་པོ་གཏོང་བའི་གླུད་འདི་གཏོང་། །མི་འདིའི་ལུས་ངག་ཡིད་གསུམ་གྱི། །ནད་གདོན་མ་ལུས་ཞི་འགྱུར་ཅིག །མི་ལས་དགའ་བའི་གླུད་གཏོར་འདི"ཞེས་གཏོར་མ་ཞིག་གིས་མིའི་ཚབ་བྱས་ནས་མི་དེའི་ལུས་ལ་གནོད་པ་བྱེད་མཁན་ཚང་མ་གཏོར་མའི་སྟེང་དུ་བཀུག་ནས་གཏོར་མ་དང་མཉམ་དུ་ཕྱིར་འཕེན་པའི་ཆོ་ག་ཞིག་ལ་ཟེར། གླུད་ཅེས་པ་གཏོར་མས་བཟོས་པ་ཕུད་ད་དུང་མི་ངོ་མས་ཚབ་བྱས་པའང་ཡོད་དེ། ཆེས་ཐོག་མར་ལྷ་སར་སླེབས་པའི་ཕྱི་རྒྱལ་གྱི་བུད་མེད་དེ་ཧྥ་རན་སའི་ཨ་ལིག་ཟན་ཏཱས"ཧེ་པོ་ལའི་མི(ཚྲོཏྲཧྟལེཾ)དང་འདྲ་བར་བོད་པ་ཚོས་ལོ་རེ་རེར་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་དགོས་ཤིང་། དེའི་རྗེས་སུ་ཁོ་ཚོས་གླུད་གཅིག་མཐར་སྐྲོད་གཏོང་དགོས། བོད་པའི་གླུད་དང་དམ་པའི་གསུང་རབ་ནང་གི་ལུག་གླུད་གཉིས་ཀྱི་འདྲ་ས་ནི་ཉེས་ཚབ་བྱེད་པ་ཙམ་ལས། བོད་པའི་གླུད་ནི་རང་ཉིད་ཀྱིས་ཅི་ཞིག་སྒྲུབ་བཞིན་པ་གསལ་བོར་ཤེས་པའི་མི་ངོ་མ་ཞིག་ཡིན"ཞེས་པའི་མི་ངོ་མ་ནི་ང་ཚོས་རྒྱུན་པར་མི་ལ་དམོད་པ་བྱེད་སྐབས་གླུད་འགོང་ཞེས་པ་དེ། སྔོན་ཆད་འཚོ་སྡོད་ཀྱི་གནས་བབས་ཤིན་ཏུ་ཞན་པའི་མི་ཚོས་ལྟོ་རྒྱབ་ཀྱི་ཆེད་དུ་གླུད་བྱས་ནས་གླ་བྱེད་པའི་ལས་རིགས་ཤིག་ཡིན་ནོ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།