ཀྲུང་གོ་བོད་ཀྱི་དྲ་བ།

སློབ་འབྲིང་སློབ་མའི་རྩོམ་ཡིག་གི་ནང་དོན་ཇི་ལྟར་འཚོ་བ་ལ་ ཁ་ཕྱོགས་དགོས་པའི་ཐད་ཀྱི་བསམ་ཚུལ་འགའ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གདུགས་དཀར་ཚེ་རིང་།   སྤེལ་དུས། : 2017-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག སྤྱི་ཚོགས་འཚོ་བར་རྒྱུས་ལོན་དང་དགའ་ཞེན་གྱི་འདུན་པ་སྐྱེད་སྲིང་བྱེད་པ།

རྩོམ་ཡིག་ནི་སློབ་མའི་སྣ་འཛོམས་རང་བཞིན་གྱི་བསླབ་ཚན་ཞིག་ཡིན་པ་དང་། སློབ་མའི་ཤེས་ཡོན་གྱི་ཆུ་ཚད་མཚོན་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་ཀྱང་རེད། དེ་བས་རྩོམ་ཡིག་གིས་སྐད་ཡིག་སློབ་ཁྲིད་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། ལྷག་པར་སློབ་འབྲིང་སློབ་མ་ཞིག་ལ་མཚོན་ནས་བཤད་ན།  ལུས་སེམས་གཉིས་ཀ་བྱིས་པའི་ན་ཚོད་ནས་ན་གཞོན་གྱི་དུས་སྐབས་སུ་བརྒལ་བའི་མཚམས་ཤིག་ཏུ་སླེབས་མ་ཐག་ཡིན་པས། ཕྱི་རོལ་གྱི་བྱ་དངོས་སྣ་ཚོགས་ལ་དྲན་རྟོག་རྒོད་པའི་དུས་སྐབས་ཤིག་ཀྱང་ཡིན་པས། ཁོ་ཚོའི་རང་ཉིད་ཀྱི་བསམ་ཚུལ་ཐམས་ཅད་ཡི་གེའི་ལམ་ནས་འབྲི་འདོད་ཀྱི་འདུན་པ་དྲག་པོ་དེར།དགེ་རྒན་གྱིས་ངེས་པར་སྐབས་དང་བསྟུན་ནས་གཟབ་ནན་དང་ཡང་དག་གིས་སྣེ་ཁྲིད་གང་ལེགས་བྱེད་དགོས་ཤིང་།  རྩོམ་ཡིག་གི་བརྗོད་བྱ་གདམ་ཚུལ་དང་བསམ་བློའི་འཁྱེར་སོ་གསལ་འདོན་བྱེད་ཐབས།  འཚོ་བའི་ཉམས་སྣང་ཞིབ་འབྲི་བྱེད་སྟངས་སོགས་རྩོམ་འབྲིའི་ཤེས་བྱ་སྣ་ཚོགས་ལ་ཕྱོགས་ཡོངས་ནས་མཛུབ་སྟོན་བྱེད་དགོས་པ་རེད།  དེས་ན་ཇི་ལྟར་བྱས་ནས་སློབ་འབྲིང་སློབ་མའི་རྩོམ་ཡིག་གི་ནང་དོན་འཚོ་བར་ཁ་ཕྱོགས་སུ་འཇུག་དགོས་ཤེ་ན།

སྤྱི་ཚོགས་འཚོ་བ་ནི་རྩོམ་ཡིག་གི་གཤིན་ས་ཤ་སྟག་ཡིན་ལ། རྩོམ་ཡིག་གང་དང་གང་ཞིག་ཡིན་རུང་སྤྱི་ཚོགས་འཚོ་བ་དང་མ་འབྲེལ་བ་ཞིག་ཕལ་ཆེར་མེད། སྤྱི་ཚོགས་ནི་མ་གཞི་ནས་ཧ་ཅང་སྣེ་འཛིང་ཅན་དང་མཚར་སྣང་ཅན་ཞིག་ཡིན་པས་ན། དགེ་རྒན་གྱིས་དེའི་དགེ་སྐྱོན་ལེགས་ཉེས་ཀྱི་དབྱེ་བ་རྣམས་མ་འཁྲུལ་མ་ནོར་བར་སྙིགས་དོར་བཅུད་ལེན་གྱིས་སློབ་སྟོན་མཛད་དེ་སློབ་མའི་རྒྱུད་ལ་སྤྱི་ཚོགས་དང་མིའི་བར་གྱི་འབྲེལ་བ་མཐུན་སྦྱོར་ཡོང་བར་མཐུན་རྐྱེན་སྒྲུབ་དགོས་པ་དང་། དེ་དང་མཉམ་དུ་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དོན་སྙིང་ལྡན་ཞིང་གསོན་ཉམས་དོད་པའི་བྱ་དངོས་ཁ་ཤས་གཙིགས་སུ་བཟུང་སྟེ་རེ་རེ་བཞིན་མཚམས་སྦྱོར་འོས་འཚམ་བགྱིས་ཏེ། དེ་དག་སློབ་མ་རང་ཉིད་ཀྱི་རྩོམ་ཡིག་ཁྲོད་ཇི་ལྟར་བཀོལ་སྤྱོད་བྱེད་པའི་ཐབས་ལམ་སྟོན་དགོས་ཤིང་།  སློབ་མ་ཚོར་བྱ་དངོས་ཀྱི་རང་མཚན་དང་སྤྱི་མཚན་སོགས་ཀྱི་ཆོས་ཉིད་རགས་རིམ་ཙམ་ཞིག་བློ་ངོར་ངེས་སུ་བཅུག་སྟེ། ཁོ་ཚོ་དངོས་སུ་སྤྱི་ཚོགས་འཚོ་བ་ཞེས་པའི་དོ་ར་ཆེན་པོ་དེའི་ནང་ཁྲིད་པར་བྱས་ཏེ།  དངོས་སུ་འཚོ་བར་རྒྱུས་ལོན་དང་ཉམས་ལེན། འབྲེལ་འདྲིས། ཚུར་སྣང་བཅས་བྱས་ཏེ་འཚོ་བར་དགའ་ཞེན་བྱེད་པའི་འདུན་པ་ལེགས་པོ་སྐྱེད་སྲིང་བྱེད་དགོས།

གཉིས།  རྩེད་མོ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཏེ་དེའི་མྱོང་ཚོར་འབྲི་རུ་འཇུག་པ།

རྩེད་མོ་ནི་སློབ་མ་ཕལ་ཆེ་བ་ཞིག་ཆེས་དགའ་བའི་བྱ་འགུལ་གྱི་རིགས་ཤིག་ཡིན་ལ། འཚོ་བ་དང་ཤིན་ཏུ་ཐག་ཉེ་བའི་རྩེད་མོ་སྣ་ཚོགས་ཀྱི་ཁྲོད་ནས་སློབ་མའི་དྭངས་གཙང་ལྷད་མེད་ཀྱི་གཤིས་ཀ་དེ་མཚོན་ཐུབ་ཅིང་། འཚོ་བར་འབྲེལ་འདྲིས་ཅི་ཙམ་མཆིས་པའམ་ཉམས་མྱོང་ཅི་ཙམ་ལྡན་པ་བཅས་འཚོ་བར་བཟུང་བའི་རྣམ་འགྱུར་ཡོངས་སུ་མངོན་ཐུབ་པ་རེད། དེ་ལ་དགེ་རྒན་གྱིས་ཆེད་དུ་ཁོ་ཚོར་དེ་དག་གི་མྱོང་ཚོར་འབྲི་རུ་བཅུག་པས་ན། སློབ་མའི་ལྷན་སྐྱེས་ཀྱི་སེམས་ཁམས་ཀྱི་ཆ་དང་སྤྲོ་སྣང་གི་ཆ།  གཞན་ཡང་རིག་པ་མྱུར་བའི་ཆ་དང་སྐད་བརྡར་བྱང་བའི་ཆ་རྣམས་རེ་རེ་བཞིན་རྩོམ་ཡིག་ཁྲོད་བཀོལ་སྤྱོད་ཐུབ་པར་མ་ཟད།  སློབ་མ་རྣམས་རྩོམ་ཡིག་འབྲི་བར་དགའ་ཞེན་དང་རྩོམ་ཡིག་འབྲི་ཤེས་པའི་ཚོར་སྣང་སྐྱིད་པོ་ཞིག་ཆགས་ཐུབ་པ་དང་།  ད་དུང་དེ་ལས་ལྷག་པའི་བརྗོད་བྱ་གང་མང་ཞིག་ཀྱང་འབྲི་འདོད་སྐྱེ་ངེས་རེད། དེས་དུས་སྐབས་ཐུང་ངུ་ཞིག་གི་ནང་དུ་སློབ་མའི་རྩོམ་འབྲིའི་ནུས་པ་ཇེ་མཐོར་གཏོང་བར་ཕན་ཐོགས་ཆེན་པོ་ཡོད།

གསུམ།  དུས་རྒྱུན་གྱི་ལྟ་ཞིབ་གོ་རིམ་དང་སེམས་ཁམས་ཞིབ་འབྲི་བྱེད་དུ་འཇུག་པ།

རྩོམ་ཡིག་མ་བྲིས་སྔོན་ལ་འཚོ་བའི་གྲུ་ག་སོ་སོ་དང་བྱ་དངོས་ཀྱི་ཟུར་ངོས་རེ་རེར་ལྟ་ཞིབ་བྱ་རྒྱུ་ནི་གལ་ཆེ་བའི་དོན་ཞིག་རེད།  ཡང་བྱ་དངོས་ལ་ལྟ་ཞིབ་བྱེད་པ་དང་མཉམ་དུ་ནང་སེམས་ཀྱི་སྣང་ཚུལ་ངོ་མ་དེ་ཞིབ་འབྲི་བྱ་རྒྱུའང་དེ་ལས་མ་འདས། དེའི་ཕྱིར་དགེ་རྒན་གྱིས་རྒྱུན་དུ་སློབ་མར་བྱ་དངོས་འགའ་བཀོད་སྒྲིག་མཛད་དེ། དེར་དམིགས་སུ་ཞིབ་ལྟ་ལེགས་པོ་ཞིག་བྱེད་དུ་བཅུག་རྗེས་དེའི་རྣམ་པ་དང་ཁྱད་ཆོས། འགྱུར་ལྡོག་སོགས་ཞིབ་འབྲི་བྱེད་དུ་འཇུག་དགོས་པར་མ་ཟད། དེ་དང་འབྲེལ་བའི་ཟུར་དང་ངོས་མི་འདྲ་བ་ལས་བྱུང་བའི་སེམས་ཁམས་ཀྱི་སྣང་ཚུལ་མཐའ་དག་རང་ཉིད་ཀྱི་བསམ་གཞིག་ལ་སྦྱར་ནས་འབྲི་རུ་བཅུག་ན།  སློབ་མའི་ལྟ་ཞིབ་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཐུབ་པར་མ་ཟད། ཡུལ་དུས་གང་རུང་ནས་སློབ་མས་ལྟ་ཞིབ་ཀྱི་མིག་ཟུང་རྣོན་པོས་བྱ་དངོས་ལ་བརྟག་ཞིབ་དང་འཚོ་བར་ཟབ་ཞུགས་བགྱི་བའི་གོམས་གཤིས་བཟང་པོ་ཆགས་ཐུབ་པ་དང་།  དེ་དག་ཐམས་ཅད་ཀྱིས་ད་གཟོད་རྩོམ་ཡིག་འབྲི་སྦྱངས་ཐད་བསམ་བློའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་དང་རྩོམ་འབྲིའི་རྒྱུ་ཆ་གསར་པ་མང་དུ་རྙེད་ཐུབ་པར་མཐུན་རྐྱེན་ལེགས་པོ་བསྐྲུན་ཐུབ།

བཞི། ཡིད་འགུག་པའི་གཏམ་གླེང་ལ་ཉན་རྗེས་རྩོམ་ཡིག་འབྲི་རུ་འཇུག་པ།

སློབ་འབྲིང་སློབ་མ་ནི་དར་མའི་ཚོགས་ཁག་ཅིག་ཡིན་པའི་ཆ་ནས།  རང་ཉིད་ཀྱི་བསམ་བློའང་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད། དེ་བས་དགེ་རྒན་གྱིས་ཀྱང་ཁོ་ཚོ་བྱིས་པའི་ཚད་དུ་མི་འཇོག་པར་བསམ་བློ་ནར་སོན་པའི་ཚད་མཐོན་པོ་ཞིག་ཏུ་བཟུང་སྟེ།  རྒྱུན་དུ་སྤྱི་ཚོགས་ཁོར་ཡུག་ཁྲོད་དངོས་སུ་བཞུགས་པའི་མི་སྣ་གྲགས་ཅན་དང་ཡང་ན་འཚོ་བའི་ཁྲོད་དངོས་སུ་བྱུང་བའི་རླབས་ཆེན་གྱི་དོན་བྱ་སོགས་གཏམ་གླེང་བྱས་ཏེ།  སློབ་མའི་རྒྱུད་ལ་འཚོ་བའི་ལེགས་ཉེས་སྤང་བླང་གི་གནས་ངེས་སུ་འཇུག་པ་དང་།  ཁོ་ཚོའི་སྙིང་སྟོབས་དང་ཕུགས་འདུན་ལ་བར་མ་ཆད་པར་སྐུལ་སློང་བྱ་དགོས།  དེ་ཡང་མི་ཞིག་གི་སྙིང་སྟོབས་དང་ཕུགས་འདུན་ནི་ཐུན་མོང་གིས་ཁས་ལེན་པའི་རྩོམ་ཡིག་གི་བརྗོད་གཞིར་འགྱུར་ངེས་ཤིང་། དེ་ལྟ་བུའི་སྙིང་སྟོབས་དང་སྤོབས་པ་བསླང་ཐུབ་པའི་གཏམ་གླེང་གིས་སློབ་མའི་རྩོམ་ཡིག་ལ་ཁྲག་རྒྱུན་གསར་པ་ཞིག་སྣོན་ཐུབ་ལ། རྩོམ་ཡིག་གི་སྐད་བརྡར་ཡང་གསོན་ཤུགས་ཆེན་པོ་སྣོན་ཐུབ་པ་རེད།

ལྔ།  གཞན་གྱི་རྩོམ་ཡིག་ལེགས་གྲས་ལ་ལད་མོ་བྱེད་དུ་འཇུག་པ།

སློབ་འབྲིང་སློབ་མའི་ནང་སེམས་ནི་ཕུན་སུམ་ཚོགས་པ་ཞིག་ཡིན་ན་ཡང་། དེ་ནི་འཚར་ལོངས་འབྱུང་བཞིན་པའི་སྒང་དུ་གནས་པས། ཁྱད་པར་ཅན་གྱི་དོན་བྱ་སོགས་ལ་ལད་མོ་བྱེད་རྒྱུར་ཧ་ཅང་དགའ་བོ་ཡོད། དེ་ཡང་ཞིབ་ཏུ་བརྗོད་ན་ཁོ་ཚོའི་མཚར་འཛིན་གྱི་བློ་དང་ཤེས་རྟོགས་ཀྱི་འདུན་པའི་མཚོན་སྟངས་ཤིག་ཡིན་པས།  དགེ་རྒན་གྱིས་གཞན་གྱི་རྩོམ་ཡིག་ལེགས་གྲས་རེ་འགའ་འདོན་སྤྲོད་བྱས་ཏེ། དེའི་བརྗོད་བྱ་དང་རྗོད་བྱེད་ཐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གསལ་དུ་བཏོན་ནས་དཔྱད་བརྗོད་ཐུང་ངུ་རེ་སྤེལ་བ་དང་།  ཁོ་ཚོར་ཟུར་ལྟ་དང་ལད་མོའི་བར་སྟོང་ཞིག་མཁོ་སྤྲོད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། དེ་ལྟར་གཞན་གྱི་རྩོམ་ཡིག་ལེགས་གྲས་མ་གཞིར་བཟུང་སྟེ་རང་གི་བསམ་ཚུལ་དང་སྦྱར་ཏེ་བྲིས་ན། རྩོམ་ཡིག་དེ་སྔར་ཡོད་ཀྱི་བསམ་ཚུལ་ལས་འགོངས་པའི་སྣང་བ་སྟེར་ལ། བསམ་བློ་གསར་པ་ཞིག་རྙེད་པ་ལྟ་བུའི་མཚར་སྣང་ཞིག་ཀྱང་སྟེར་ནུས། གཞན་ད་དུང་སློབ་མའི་རྩོམ་འབྲི་ལ་ཁ་ཕྱོགས་གཞན་ཞིག་སྟོན་ནུས་པ་དང་བསམ་བློའི་རྒྱ་བསྐྱེད་ཐུབ་པ་སོགས་ཀྱི་རམ་འདེགས་གང་མང་ཐོབ་སྲིད་པས། དེ་ནི་སློབ་འབྲིང་སློབ་མའི་རྩོམ་ཡིག་འབྲི་སྦྱོང་གི་སྐབས་སུ་མེད་དུ་མི་རུང་བའི་བརྒྱུད་རིམ་ཞིག་ཡིན།

དྲུག འཕྲིན་ཡིག་འབྲི་སྦྱོང་བྱས་ཏེ་བརྩེ་བ་མཚོན་དུ་འཇུག་པ།

འཕྲིན་ཡིག་ནི་སྤྱི་ཚོགས་འཚོ་བའི་ཁྲོད་རྒྱུན་འབྱམས་སུ་སོང་བའི་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་སྤྱད་ཅིག་རེད། ཡིན་ནའང་འཕྲིན་ཡིག་ལ་ཁྱད་ཆོས་གཞན་ཞིག་མཆིས་པ་ནི་བརྩེ་བ་མཚོན་བྱེད་ཀྱི་རྩོམ་གྱི་རྣམ་པ་མཆོག་ཏུ་གྱུར་པ་ཞིག་ཡིན་པས་ན། སློབ་མ་རྣམས་ཀྱིས་འཕྲིན་ཡིག་འབྲི་བ་བརྒྱུད་རང་སེམས་ཀྱི་བརྩེ་བ་མཚོན་ཐབས་སྦྱང་ཆོག  དེ་བས་འཕྲིན་ཡིག་ནི་སློབ་འབྲིང་སློབ་མའི་རང་ཉིད་ཀྱི་བརྩེ་བ་གསོ་སྐྱོང་དང་བརྩེ་སེམས་ཕྱིར་མཚོན་བྱེད་པར་སྦྱོང་བརྡར་བགྱི་བའི་ཐབས་ལམ་ཡག་པོ་ཞིག་རེད་སྙམ།  དེར་མ་ཟད་ད་དུང་བསམ་བློ་བརྗེ་རེས་ཁྲོད་ནས་མི་དང་མིའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་ལ་ཡང་ཕན། དེ་ལ་དགེ་རྒན་གྱིས་སློབ་མའི་བསམ་བློའི་དགོས་མཁོ་ལྟར། རྒྱུན་དུ་རང་གི་ཕ་མ་དང་སློབ་གྲོགས་ཕན་ཚུན་བར་འཕྲིན་ཡིག་འབྲི་བའི་གོམས་སྲོལ་ཆགས་སུ་བཅུག་ནས།  རྗེས་ཕྱོགས་ཀྱི་རྩོམ་འབྲིའི་ཁྲོད་ཀྱི་བརྩེ་བ་མཚོན་ཐབས་ལ་རྨང་གཞི་ལེགས་པོ་ཞིག་འདིང་དགོས།

མདོར་ན།  གོང་གསལ་གྱི་བསམ་ཚུལ་དེ་དག་ནི་དུས་རྒྱུན་གྱི་སློབ་ཁྲིད་ཁྲོད་བསགས་པའི་ཉམས་མྱོང་ཙམ་དུ་ཟད་མོད།  འོན་ཀྱང་དེར་མི་མཐུན་པའི་ལྟ་བ་སོགས་ཡོད་ཚེ་ཕན་ཚུན་བར་དུ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་བཀོད་པ་ཡིན་པས། འདིས་ཀྱང་སློབ་འབྲིང་སློབ་མའི་རྩོམ་ཡིག་འབྲི་སྦྱོང་ཐད་རོགས་རམ་ཅུང་ཙམ་རེ་ཐོན་ནུས་པར་སྨོན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།