ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲྭ་ཆུང་འབྲིང་གི་གླུ་དབྱངས་སློབ་ཁྲིད་ཁྲོད་དུ་དམངས་གླུའི་སློབ་ཁྲིད་ལ་དོ་སྣང་བྱེད་དགོས་པའི་སྐོར་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རིན་ཆེན་སྐྱིད།   སྤེལ་དུས། : 2017-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་ཚོའི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་གླུ་དབྱངས་སློབ་དེབ་ཏུ་བཀོད་པའི་གླུ་དབྱངས་ཕལ་ཆེ་བ་ནི་མི་རིགས་གཞན་གྱི་གླུ་དབྱངས་ཡིན་པས།རང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་དབྱངས་རྟ་དང་གླུ་ཚིག་ལ་ཆུང་བྱིས་པའི་དུས་ནས་བག་ཆགས་འཇོག་དཀོན་པའི་གནས་ཚུལ་ལྷགས་ཡོད། བོད་རང་གི་དམངས་གླུ་ལ་རྣམ་པ་མང་ཞིང་ནང་དོན་ཡང་ཕུན་སུམ་ཚོགས་པར་མ་ཟད།དེའི་ཁྲོད་དུ་བོད་མི་རིགས་ཀྱི་བསམ་པའི་བརྩེ་དུངས་དང་མཛེས་རྟོག་གི་ལྟ་བ།སྤང་བླང་གི་རྣམ་གཞག་དང་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས།མི་རིགས་ཀྱི་སྙིང་སྟོབས་སོགས་ཀྱི་ཁྱད་ཆོས་ཕྱུར་བུར་གཏམས་ཡོད་པས།གླུ་དབྱངས་ཀྱི་སློབ་ཁྲིད་ཁྲོད་དུ་ཨ་མདོའི་དམངས་གླུ་ཁྲིད་དེ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་བྱེད་པ་དང་དེ་ལ་དགའ་བའི་སྤྲོ་སྣང་སྐྱེད་སྲིང་བྱེད་རྒྱུ་ནི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་གླུ་དབྱངས་སློབ་ཁྲིད་ཁྲོད་གཡོལ་མི་རུང་བའི་འོས་འགན་ཞིག་ཏུ་གྲུབ་འདུག

“གླུ་གར་གྱི་སློབ་གསོ་ནི་ཆུང་བྱིས་པ་ནས་ཆེ་རྒན་པའི་བར་གྱི་མི་སོ་སོར་འཚམ་པའི་ལུས་ཀྱི་སྟངས་སྟབས་དང་དབྱངས་ཀྱི་སྦྱོར་བ་སྣ་ཚོགས་ལ་བརྟེན་ནས་ལུས་ཕུང་གི་བདེ་ཐང་དང་སེམས་ཁམས་ཀྱི་སྤྲོ་སྣང་ལ་རམ་འདེགས་བྱེད་པའི་སློབ་གསོའི་རྣམ་པ་ཞིག་སྟེ།དེ་ཉིད་རིམ་བཞིན་ལུས་དང་།ངག་དང་།ཡིད་ཀྱི་རྒྱུ་སྤུས་མཐོར་འདེགས་ཀྱི་གྲོགས་སུ་གྱུར་ནས་མི་ཚེ་གཅིག་གི་མཛེས་སྡུག་དང་།ཀུན་སྤྱོད།ཤེས་རིག་འཕེལ་བའི་སློབ་གསོའི་ཆ་ལག་ངེས་ཅན་ཞིག་ཏུ་གྱུར་ཡོད”ཅེས་བརྗོད་ཡོད་པ་ལས་སྲོལ་རྒྱུན་གྱི་ངག་གི་རིག་གནས་འདིས་མིའི་རིགས་ཀྱི་སློབ་གསོའི་ཐད་ལ་རམ་འདེགས་ཆེན་པོ་བྱེད་ཐུབ་པ་གསལ་པོར་བསྟན་ཡོད།

གཅིག ད་ལྟའི་བོད་ཀྱི་གླུ་དབྱངས་སློབ་ཁྲིད་ཀྱི་གནས་བབ།

གཅིག་ནས་སློབ་གསོ་ལས་ཁུངས་ཀྱིས་གླུ་དབྱངས་ཀྱི་སློབ་ཁྲིད་ལ་ཤུགས་སྣོན་བྱེད་དགོས།

དེ་ཡང་རྒྱལ་ཁབ་ཀྱི་བསླབ་ཚན་བཀོད་སྒྲིག་གཙོར་བཟུང་བའི་རྨང་གཞིའི་སྟེང་ས་གནས་ཀྱི་སློབ་གསོའི་གནས་ཚུལ་དངོས་དང་འབྲེལ་ཏེ་གླུ་དབྱངས་བསླབ་ཚན་བཀོད་སྒྲིག་བྱས་ན་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་ངེས་ཡིན།ས་གནས་མི་རིགས་ཀྱི་དམངས་སྲོལ་སློབ་གསོ་འཕེལ་རྒྱས་སུ་གཏོང་དགོས་ཞེས་གཞུང་སྒེར་གང་གི་ངོས་ནས་བསྒྲགས་པ་མང་ཡང་སློབ་ཁྲིད་དངོས་སུ་ལག་བསྟར་བྱེད་མཁན་ཧ་ཅང་དཀོན་པར་འདུག དེའི་རྒྱུ་མཚན་གཙོ་བོ་ནི་སློབ་གསོ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དག་གིས་རང་མི་རིགས་ཀྱི་དམངས་ཁྲོད་ཀྱི་ངག་ཐོག་རྩོམ་རིག་གི་ཁྱད་ཆོས་དང་རིན་ཐང་གི་ཕྱོགས་ལ་རྒྱུས་ལོན་ཅུང་ཞན་པའི་རྟགས་ཨེ་ཡིན་སྙམ།ཡང་ཕྱོགས་གཞན་ཞིག་ནས་སློབ་གྲྭ་རིམ་པའི་མགོ་ཁྲིད་དང་དགེ་རྒན་རྣམས་ཀྱིས་སློབ་གྲྭའི་རིག་རྩལ་གྱི་བྱ་འགུལ་སྣ་ཚོགས་སྤེལ་སྐབས་སློབ་མས་བླངས་པའི་གླུ་དབྱངས་ཀྱི་རིགས་དང་ཆུ་ཚད།ཁ་ཕྱོགས་གང་འདྲ་ཞིག་ཏུ་འགྱུར་བཞིན་ཡོད་པ་ལ་དོ་སྣང་མི་བྱེད་པར་ཁྲ་ཁྲ་རིག་རིག་གི་རིག་རྩལ་ཁོ་ནར་དགའ་བ་ཡིན་པར་འདོད།རོང་འབྲོག་ས་ཁུལ་གྱི་སློབ་མ་རྣམས་ནི་རང་མི་རིགས་ཀྱི་གླུ་དང་གཞས་ལ་མ་སྤྲོ་བ་ག་ལ་ཡིན་ཏེ།ཁོ་ཚོའི་མེས་པོ་རྣམས་ཀྱིས་གླུ་དང་གཞས་ལ་བརྟེན་ནས་ཤེས་རིག་སྤེལ་བ་ཡིན་ལ།ཁོ་ཚོའི་ཟུངས་ཁྲག་གི་རྒྱུན་དུ་མེས་པོའི་ཟུངས་ཁྲག་ཐིམ་ཡོད་པ་དང་བག་ཆགས་བཞག་ཡོད་པ་གདོན་མི་ཟའོ། ། གཙོ་བོ་འབྲེལ་ཡོད་མི་སྣས་རང་མི་རིགས་ཀྱི་དམངས་ཁྲོད་རྩོམ་རིག་སྟེ་གླུ་དང་གླུ་དབྱངས་ཀྱི་སློབ་ཁྲིད་ལ་དོ་སྣང་ཆེན་པོ་མ་བྱས་པས་ཡིན་སྙམ།

གཉིས་ནས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་གླུ་དབྱངས་སློབ་དེབ་ལེགས་སྒྲིག་བྱེད་དགོས།

མཚོ་ལྷོ་ས་ཁུལ་གྱི་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་གླུ་དབྱངས་སློབ་ཁྲིད་ལ་དཔེ་བཞག་ནས་བཤད་ན།གླུ་དབྱངས་སློབ་དེབ་ནང་དུ་འཁོད་པའི་གླུ་དབྱངས་ཚང་མ་མི་རིགས་གཞན་གྱི་གླུ་དབྱངས་མ་གཏོགས་རང་མི་རིགས་ཀྱི་དབྱངས་དང་གླུ་ཚིག་གཅིག་ཀྱང་མེད།རྒྱུ་མཚན་དེའི་ཕྱིར་སློབ་མས་རང་གི་མི་རིགས་ཀྱི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱེད་རྒྱུ་ཕར་ཞོག ཐ་ན་བག་ཆགས་ཉག་རྐང་ཙམ་ཡང་འཇོག་དཀའ་བའི་གནས་བབ་ཉམ་ང་བ་ཞིག་ལ་ལྷུང་ཡོད།ཏང་གི་མི་རིགས་སྲིད་ཇུས་བཟང་པོ་འདི་དང་བསྟུན་ཏེ་རང་ཅག་བོད་རིགས་ས་ཁུལ་དུའང་ཕྱོགས་གང་ཐད་ནས་འཕེལ་འགྱུར་ཆེན་པོ་བྱུང་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་ལྟར་རེད། ཡིན་ཡང་འཕེལ་རྒྱས་མྱུར་མོ་འདི་དང་བསྟུན་ཏེ་རང་རེའི་དམངས་སྲོལ་རིག་གནས་མང་པོ་ཞིག་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་སྟེ། ལྷག་པར་དམངས་ཁྲོད་རྩོམ་རིག་དང་ཡུལ་སྲོལ་གོམས་གཤིས། བསམ་བློའི་འདུ་ཤེས་སོགས་ལ་ཕྱོགས་མང་པོ་དང་ཟུར་མི་འདྲ་བའི་ངན་ཤུགས་ཐེབས་དང་ཐེབས་ཀྱིན་འདུག རྐྱེན་དེའི་དབང་གིས་ད་ལྟ་ལོ་ཆུང་བྱིས་པ་དང་ལྷག་པར་གྲོང་ཁྱེར་དུ་ཡོད་པའི་བོད་རིགས་བྱིས་པ་དང་སློབ་མ་སོགས་ཀྱིས་བོད་ཀྱི་དམངས་ཁྲོད་རྩོམ་རིག་ལ་འཛིན་པའི་རྣམ་འགྱུར་དང་ལྟ་སྟངས་བག་ལ་ཞ་སྟེ། ཨ་མདོའི་གླུ་དང་བྱིས་གླུ་སོགས་དབྱངས་རྟ་ལ་བསྡེབས་ནས་གྱེར་ལེན་ཤེས་པ་ལྟ་ཞོག་ཐ་ན་གླུ་ཟེར་བ་དེས་ཅི་ཞིག་མཚོན་པ་དང་དེའི་ཐ་སྙད་ཙམ་ཡང་གོ་མེད་པའི་གནས་སུ་ལྷུང་ཡོད།

གསུམ་ནས་ཆེད་ལས་ཀྱི་གླུ་དབྱངས་དགེ་རྒན་གསོ་སྐྱོང་བྱེད་དགོས།

སློབ་གྲྭའི་བསླབ་ཚན་གྱི་ནང་དུ་གླུ་དབྱངས་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་རུང་ཆེད་ལས་ཀྱི་དགེ་རྒན་མེད་པས།སློབ་མ་རྣམས་ལ་གོང་ནས་བཤད་ཟིན་པའི་མི་རིགས་གཞན་གྱི་གླུ་དབྱངས་གྲ་དག་མོ་ཞིག་ཁྲིད་ཐུབ་མཁན་མེད་བཞིན་དུ།དགེ་རྒན་ལ་ལས་རང་འདོད་ཀྱིས་གླུ་དབྱངས་སློབ་ཐུན་གྱི་ནང་དུ་བསླབ་ཚན་གཞན་པ་ཁྲིད་པའི་གནས་ཚུལ་འབྱུང་བཞིན་ཡོད།རང་མི་རིགས་ཀྱི་གླུ་དང་བྱིས་གླུ་མགོ་རྔ་ཚང་བ་ཞིག་ཀྱང་ཁྲིད་དཀའ་བར་གྱུར་པ་དང་བསྟུན། སློབ་ཐུན་དེའི་དུས་ཚོད་ཀྱང་འཕྲོ་བརླག་ཏུ་སོང་ཡོད་པ་ངང་གིས་ཤེས་ཐུབ།

ཉེ་བའི་ལོ་འགའི་རིང་ལ་བོད་དུ་རིག་གནས་སྤྱི་དང་ཁྱད་པར་གླུ་གར་རིག་གནས་རྒྱ་ཆེར་དར་བས། དེང་རབས་ཀྱི་གླུ་དབྱངས་ཞེས་པའི་སྒྱུ་རྩལ་གྱི་རྣམ་པ་གསར་པ་ཞིག་རོང་འབྲོག་ས་ཁུལ་ཡོངས་སུ་དར་ཁྱབ་བྱུང་ཡོད། དེས་བོད་མི་རང་གི་ཉན་ན་རྣ་བའི་དབང་པོ་གསོ་ཞིང་བླངས་ན་ངག་ལ་བདེ་བའི་དམངས་གླུའི་རིགས་ལ་ངན་ཤུགས་མི་དམན་པ་ཐེབས་ཡོད་ལ། སློབ་མ་ཚོས་རང་མི་རིགས་ཀྱི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ངོས་འཛིན། ཡ་རབས་གུས་སྲོལ།མཛེས་རྟོག་གི་ལྟ་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་གླུའི་རིགས་ལ་སྤྲོ་སྣང་དང་རྒྱུས་ལོན་མེད་པར་གྱུར་ཡོད།དེ་བས་ང་ཚོས་ངེས་པར་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཨ་མདོའི་གླུའི་ཤེས་བྱ་ངོ་སྤྲོད་དང་། གླུ་ལ་ཉན་དུ་འཇུག་པ། ལེན་རྒྱུར་སྤྲོ་བའི་སློབ་གསོ་གཏོང་དགོས།

གཉིས། ཨ་མདོའི་གླུ་སློབ་ཁྲིད་བྱེད་པའི་དོན་སྙིང་།

གཅིག་ནས་རང་གི་མི་རིགས་ལ་དགའ་བའི་འདུ་ཤེས་སྐྱེད་སྲིང་བྱེད་ཐུབ།

ང་ཚོ་བོད་མི་རིགས་ནི་གླུ་ལེན་གར་རྩེ་ལ་མོས་ཤིང་དུངས་པའི་མི་རིགས་ཤིག་ཡིན་ལ། ཐགས་འཐག་པ་དང་གཡུལ་གཅོག་པ།གྱང་རྡུང་བ་སོགས་ཀྱི་སྐབས་སུ་གཞས་མི་འདྲ་བ་རེ་དང་ལོ་གསར་དུས་སྟོན་སོགས་ཀྱི་མཛད་སྒོ་མི་འདྲ་བ་རེ་ལ་གླུ་རེ་ཡོད་པས།བོད་ནི་ངལ་རྩོལ་དང་སྒྱུ་རྩལ་གྱི་སྤྲོ་སྐྱིད་ལ་མྱོང་རོལ་བྱེད་མཁས་པའི་མི་རིགས་ཤིག་ཡིན་ལ།གླུ་ནི་རང་མི་རིགས་ཀྱི་རིག་གནས་སྤྱིའི་གྲུབ་ཆ་གཙོ་བོ་རུ་གྱུར་ཡོད།དེ་བས་སློབ་མ་རྣམས་ཀྱི་རྒྱུད་ལ་གཟི་འོད་ལྡན་པའི་རིག་གནས་འདི་ལྟ་བུ་ཞིག་འཇོག་རྒྱུ་ནི་སློབ་གྲྭའི་འོས་འགན་དང་དགེ་རྒན་རྣམས་ཀྱི་ལས་ཀ་གཙོ་བོ་ཞིག་ཡིན། སློབ་མ་ཚོར་ཆུང་བྱིས་པའི་དུས་ནས་འདི་ལྟ་བུའི་རིག་གནས་ལ་དགའ་བའི་འདུན་པ་སྐྱེད་སྲིང་བྱེད་རྒྱུ་ནི་སློབ་གསོ་རིག་པ་བ་དང་བོད་རང་གི་དགེ་རྒན་རྣམས་ལ་རག་ལས་ཡོད།

གཉིས་ནས་སློབ་མའི་མི་གཤིས་དང་ཀུན་སྤྱོད་སློབ་གསོའི་ཐད་ལ་རམ་འདེགས་བྱེད་ཐུབ།

ཐུན་མོང་མ་ཡིན་པའི་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཨ་མདོའི་གླུ་ནི། བོད་རིགས་མི་དམངས་ཀྱིས་ཐོན་སྐྱེད་ངལ་རྩོལ་ཁྲོད་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གསར་སྐྲུན་བྱས་པ་ཞིག་ཡིན། དེས་མི་གཤིས་དང་ཀུན་སྤྱོད་ཐད་སློབ་གསོའི་ནུས་པ་ཐོན་བཞིན་ཡོད་དེ།

དཔེར་ན།

ཕ་རྒྱུད་གངས་རི་དཀར་པོ་ཡིན། །

གངས་རི་དཀར་པོར་ནག་ཐིག་མེད། །

མ་རྒྱུད་རྫ་རི་སྨུག་པོ་ཡིན། །

རྫ་རི་སྨུག་པོར་གས་ཁ་མེད། །

བུ་རྒྱུད་རྨ་ཆུ་སྔོན་མོ་ཡིན། །

རྨ་ཆུ་སྔོན་མོར་རྒྱུན་ཆད་མེད། །①ཅེས་པ་ལྟ་བུ།

སློབ་མས་ཨ་མདོའི་གླུ་འདི་དང་འདི་ལྟ་བུ་ལ་སློབ་སྦྱོང་བྱས་པ་བརྒྱུད་ནས་རང་གི་ཕ་རྒྱུད་དང་མ་རྒྱུད་ཀྱི་གཤིས་ཀ་དང་རང་གི་འཚོ་གནས་ཅི་འདྲ་ཡིན་པའང་ངང་ངམ་ཤུགས་ཀྱིས་ཤེས་ཐུབ་པ་རེད།

ཡང་དཔེར་ན།

བན་སེར་མོ་སྐྱེ་ས་དབུས་གཙང་རེད། །

རིག་ཡོན་ཏན་སློབ་ནོ་དགེ་རྒན་དྲིན། །

དྲིན་ཆེ་ནོ་མ་བརྗེད་དགེ་ཕྲུག་ཚོ། །

བུ་དཔའ་བོ་སྐྱེ་ས་རང་སྡེ་ཡིན། །

གཏམ་ཁ་ལྕེ་བདེ་ནོ་ཕ་སྐད་དྲིན། །

དྲིན་ཆེ་ནོ་མ་བརྗེད་བུ་ཚ་ཚོ། །

མ་བུ་མོ་སྐྱེ་ས་རང་ཡུལ་རེད། །

ལག་ལས་ཀ་བཟང་ནོ་ཕ་མའི་དྲིན། །

དྲིན་ཆེ་ནོ་མ་བརྗེད་བུ་ཕྲུག་ཚོ། །②ཞེས་པ་ལྟ་བུ།

དེ་ལས་ཕ་མ་དང་དགེ་རྒན་གྱི་དྲིན་ལན་ཤེས་དགོས་པའི་ཡ་རབས་སྤྱོད་བཟང་གི་ཕྱོགས་ལ་སློབ་གསོ་བཏང་ཡོད་པ་ལྟ་བུ། དེ་མིན་ད་དུང་ཨ་མདོའི་དམངས་ཁྲོད་ཀྱི་གླུ་ལས་གཡོ་སྒྱུ་དང་ཧམ་སེམས། རྫུན་དང་ཕྲ་མ། ཕྲག་དོག་སོགས་ཀྱི་ཉེས་དམིགས་བསྟན་ཏེ་འཇིག་རྟེན་གྱི་མི་རྒན་གཞོན་ཐམས་ཅད་ཀྱིས་དེ་དག་རིང་དུ་སྤང་དགོས་ཚུལ་བསྟན་ཡོད་ལ།དེ་བཞིན་གོང་དཔོན་པོས་སྡེ་ཁམས་སྐྱོང་ལུགས་དང་ནང་འབངས་མི་འགྲིག་མཐུན་ཡོང་ལུགས།ཡུལ་ཕ་མས་བུ་ཆུང་སྐྱོང་ལུགས།ཟས་ཇ་ཆང་ཤ་མར་ལ་རོལ་ལུགས།ངན་སྤྱོད་སྤོང་ལུགས།གྲོགས་ལ་འགྲོགས་ལུགས།ལས་ལ་བརྩོན་ལུགས་སོགས་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ཚུལ་དང་ལྡན་པར་བྱེད་པའི་སྐོར་གདམས་པའི་ཁ་ཏ་བསླབ་བྱའང་ཤིན་ཏུ་མང་།སློབ་མ་ལ་ཨ་མདོའི་གླུ་འདི་དག་སློབ་ཁྲིད་བྱས་ན་ཁོ་ཚོའི་ཀུན་སྤྱོད་ཀྱི་ཕྱོགས་ལ་ཕན་པ་ཆེན་པོ་ཡོད་པ་གདོན་མི་ཟའོ། །

གསུམ་ནས་སློབ་མའི་རྩོམ་འབྲི་བའི་ཐད་ལ་རམ་འདེགས་བྱེད་ཐུབ།

སློབ་ཆུང་ལོ་རིམ་གསུམ་པ་ནས་བཟུང་སློབ་མར་རྩོམ་ཐུང་འབྲི་དགོས་པའི་སློབ་སྦྱོང་གི་འགན་ཁུར་ཡོད་པས། སྙན་ཞིང་གོ་བདེ་བ་དང་།ཁྲིགས་སུ་བསྡེབས་པའི་ཚིག་གི་ཕྲེང་བ།མངོན་བརྗོད་དང་བརྡ་རྙིང་གིས་མ་བཅིངས་པའི་ཨ་མདོའི་གླུ་ལ་སློབ་མར་བློར་འཛིན་བདེ་བ།སློབ་མས་རྩོམ་འབྲི་དུས་གང་ལ་གང་འཚམ་གྱིས་རང་གི་རྩོམ་གྱི་ནང་དུ་བཀོལ་ན་རྩོམ་ཡིག་འབྲི་དུས་རམ་འདེགས་དང་རྩོམ་འབྲིའི་སྤྲོ་བ་བསྐྱེད་ཐུབ་པའི་དགེ་མཚན་ལྡན་པ་ཡིན།“བོད་རང་གི་ཁྱད་ཆོས་ཡོད་པའི་ངག་རྩོམ་དེ་དག་ནི་ཕྱིས་འབྱུང་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་ཁུངས་ལྟ་བུ་ཡིན་ཏེ། རིག་གནས་པ་རྣམས་ཀྱི་སྨྱུག་རྩེས་མ་རེག་པའི་གོང་རོལ་ནས་བཟུང་དམངས་ཁྲོད་དུ་རླུང་ལྟར་གྲགས་ཤིང་། ངག་ནས་ངག་ཏུ་བརྒྱུད་དེ་སྲེག་བཅད་བརྡར་བའི་གསེར་བཞིན་འཛམ་གླིང་རྩོམ་རིག་པད་ཚལ་མཛེས་པའི་རྒྱན་དུ་གྱུར་ཡོད་ལ། ཡིག་རྩོམ་གྱི་རྩ་བའི་གྲུབ་ཆ་རྣམས་ཚང་ཞིང་། སྒྲིག་གཞི་དང་བྱུང་རིམ། མི་སྣའི་སྣང་བརྙན་འབྲི་སྟངས།དོན་རྐྱེན་དང་མི་སྣའི་སྐད་ཆ་འབྲི་སྟངས་སོགས་ཕྱོགས་གང་ཐད་ནས་ཡིག་རྩོམ་འབྱུང་བར་རྨང་གཞི་བརྟན་པོ་ཞིག་བཞག་ཡོད”ཅེས་གསུངས་ཡོད་པ་ལས་ཆུང་བྱིས་པ་ནས་བཟུང་དམངས་ཁྲོད་ཀྱི་གླུ་གཞས་ལ་སློབ་སྦྱོང་བྱས་ན་ནར་སོན་རྗེས་རྩོམ་ཡིག་ལེགས་པོ་འབྱུང་བའི་རྨང་གཞི་ཡིན་པ་གསལ་བར་བསྟན་ཡོད།

བཞི་ནས་རང་མི་རིགས་ཀྱི་དམངས་ཁྲོད་རྩོམ་རིག་ལ་རྒྱུས་ལོན་བྱེད་ཐུབ།

དེང་རབས་གླུ་དབྱངས་ཀྱི་ཚ་རླབས་དང་། ཚོང་རའི་དཔལ་འབྱོར་གྱི་སྐུལ་འདེད་འོག སྡེ་བའི་མི་རྣམས་ཚོང་དང་ཞོར་ལས་ལ་བྲེལ་ནས་གླུ་དང་རྩེད་རིགས་སོགས་ལེན་པའི་དུས་ཚོད་ཉུང་། སྔོན་ཆད་ལོ་སར་དང་སྟོན་མོ་ལ་ཉེ་དུས་རྒན་པ་དག་གིས་ཉིན་མོ་རང་ཁྱིམ་གྱི་ལས་ཀ་ལ་བརྩོན་པ་དང་དགོང་མོར་དུས་ཚོད་ངེས་ཅན་ཞིག་བཀོལ་ཏེ་སྡེ་བའི་ན་ཆུང་དག་ལ་གླུ་ལེན་སྲོལ་དང་ཨ་རྩེད་འཁོར་སྲོལ་སོགས་ཁྲིད་པ་ཡིན་ལ།དེ་ལ་ལྟ་མཁན་ཡང་ལོ་ཆུང་བྱིས་པ་མང་པོ་ཡོད་པས་ཁོ་ཚོའི་རྒྱུད་ལ་སྲོལ་རྒྱུན་གྱི་སྒྱུ་རྩལ་རིག་གནས་ཀྱི་བག་ཆགས་བཞག་ཡོད།དེང་གི་དུས་འདིར་བོད་ཀྱི་ལོ་ཆུང་དག་གིས་གླུ་ཚིག་ཕར་ཞོག་དབྱངས་རྟ་འགྲིག་མོ་ཞིག་ཀྱང་ལེན་མི་ཤེས།དེ་བས་སློབ་གྲྭ་ནི་རིག་གནས་དར་སྤེལ་གྱི་གཞི་མ་ཡིན་པས་སློབ་ཆུང་རིམ་པ་ནས་བཟུང་ཨ་མདོའི་གླུ་ལ་མཁས་པའི་དགེ་རྒན་རྣམ་པས་དང་དུ་བླངས་ནས་རང་གི་སྲོལ་རྒྱུན་གྱི་རིག་གནས་འདི་ལ་བག་ཆགས་ཟབ་མོ་ཞིག་འཇོག་དགོས།

གསུམ།དམངས་གླུའི་སློབ་གསོ་འཕེལ་རྒྱས་སུ་གཏོང་བ།

གཅིག་ནས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་པ།

ཆེད་ལས་ཀྱི་དགེ་རྒན་སྐྱེད་སྲིང་བྱེད་པའི་ཕྱོགས་ནས་དམངས་ཁྲོད་ན་ཡོད་པའི་གླུ་བ་གླུ་མ་མིང་གྲགས་ཅན་གདན་འདྲེན་ཞུས་ཏེ།རོལ་མོའི་དགེ་རྒན་དག་ལ་ཆེད་ཁྲིད་གནང་སྟེ་ཨ་མདོའི་གླུ་ཡི་དབྱངས་རྟ་འགུག་སྲོལ།གླུ་ཚིག་དབྱངས་ལ་སྦྱོར་སྲོལ།ལུས་ཀྱི་སྟངས་སྟབས།བཞིན་གྱི་འཛུམ་ཉམས་སྟོན་ཚུལ་སོགས་ལ་ཟབ་སྦྱོང་ལེགས་པོ་བྱས་ཏེ་སློབ་ཁྲིད་དངོས་སུ་རང་གི་སློབ་མ་ལ་ཁྲིད་ན་ལེགས་པོ་འདུག་སྙམ།དེ་མིན་ད་དུང་གླུ་ལ་དགའ་བའི་དགེ་རྒན་འགའ་རེ་ཞིང་ཆེན་དང་ཁུལ་རིམ་པའི་ཨ་མདོའི་དམངས་གླུ་འགྲན་ཚོགས་ཀྱི་བྱ་འགུལ་སོགས་ལ་ཞུགས་སུ་བཅུག་ནས་རང་སྟེང་གི་གླུའི་སྒྱུ་རྩལ་གྱི་ཤེས་བྱ་མཐོར་འདེགས་སུ་གཏོང་བ་དང་། སློབ་གསོའི་ལས་ཁུངས་དང་སློབ་གྲྭ་རིམ་པའི་དགེ་རྒན་གྱི་རིགས་ལ་སྲོལ་རྒྱུན་གྱི་གླུ་ཡི་དགེ་རྒན་ཡིན་ཞེས་འཛིན་ཡིག་སྟེར་བ་བཅས་ཀྱི་བྱེད་ཐབས་སྤྱད་དེ་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་རིག་གནས་འདི་ཁྱབ་གདལ་དུ་གཏོང་རྒྱུ་ཡང་འོས་འགན་དུ་འཛིན་དགོས།

གཉིས་ནས་དམངས་གླུའི་སློབ་གསོ་སྤེལ་བར་དེང་རབས་ཀྱི་བརྡ་འཕྲིན་ལག་རྩལ་བེད་སྤྱོད་པ།

བརྡ་འཕྲིན་ཆེས་ཆེར་མྱུར་བའི་དུས་སྐབས་འདི་ལྟ་བུར་མཚོན་ན་མི་རིགས་རིག་གནས་བརྒྱུད་སྒྲོག་དང་ཁྱབ་གདལ་དུ་གཏོང་བའི་ཐད་ཀྱི་ཐབས་ལམ་ཤིན་ཏུ་མོད་ལ།དེང་རབས་ཅན་གྱི་སློབ་ཁྲིད་ཀྱི་ཁྲིད་ཆས་ཡང་དེ་བཞིན་སྣ་མང་ཅན་དང་སྤུས་ལེགས་ཅན།སྟབས་བདེ་ཅན་དུ་གྱུར་ཡོད།གསོན་ཉམས་ལྡན་པའི་གཟུགས་རིས་དང་རྣའི་དབང་པོ་གསོ་བའི་དབྱངས་རྟས་སློབ་མ་ལ་རང་མི་རིགས་ཀྱི་ཨ་མདོའི་གླུ་སློབ་པའི་སྤྲོ་སྣང་བསྐྱེད་ཐུབ། དེ་དག་བརྒྱུད་ནས་གླུ་གར་སྒྱུ་རྩལ་གྱི་ཤེས་བྱ་སྣ་མང་ཕྱོགས་ཡོངས་ནས་གསོག་འཇོག་བྱེད་ཐུབ། ཨ་མདོའི་གླུ་སློབ་ཁྲིད་མ་བྱས་པའི་གོང་ལ་ཐོག་མར་སློབ་མ་རྣམས་ལ་ས་ཕྱོགས་སོ་སོ་ནས་སྤེལ་བའི་དམངས་གླུ་འགྲན་ཚོགས་དང་དུས་སྟོན་ཀྱི་མཛད་སྒོ་སྟེང་དང་།ད་ལྟ་སྤེལ་དང་སྤེལ་བཞིན་པའི་བོད་ཀྱི་དམངས་ཁྲོད་ལོ་གསར་དགོང་ཚོགས་ཀྱི་འོད་སྡེར་སྣ་ཚོགས་ལ་བལྟ་རུ་བཅུག་སྟེ་སློབ་མ་རྣམས་ཀྱི་སྤྲོ་སྣང་སྐྱེད་སྲིང་བྱེད་རྒྱུ་དང་། བར་དུ་རོང་འབྲོག་ས་ཁུལ་ནས་ཡོང་བའི་གླུ་ལེན་པར་དགའ་བའི་སློབ་མ་དག་ལ་དངོས་སུ་ལེན་དུ་འཇུག་པ། ཐ་མར་ཆེད་ལས་དགེ་རྒན་གྱིས་མཛུབ་སྟོན་བྱས་ཏེ་ཇེ་བཟང་ཇེ་ལེགས་སུ་གཏོང་དགོས། དགེ་རྒན་གྱིས་ཁྲིད་ཆས་བཀོལ་སྤྱོད་བྱེད་སྐབས་གླུ་ཚིག་གསལ་ཞིང་དག་པར་སྒོ་སམ་སྟེང་ལ་བྲིས་ནས་སློབ་མར་བློར་འཛིན་དུ་འཇུག་པ།དེ་ནས་གླུ་ཚིག་དང་དབྱངས་རྟ་སྦྱར་ནས་ལེན་སྲོལ་སློབ་པ།འདི་ལྟར་ཁྲིད་ན་སློབ་མ་ལ་སྤྲོ་སྣང་ཡོད་པར་མ་ཟད།སློབ་ཁྲིད་ཀྱི་དམིགས་ཚད་ཡང་འགྲུབ་ངེས་ཡིན།དེ་ལས་གཞན་སློབ་རའི་རྒྱང་སྒྲོག་ནང་དུའང་ཉིན་གུང་དང་ཕྱི་དྲོའི་སློབ་གསེང་གི་དུས་ཚོད་བེད་སྤྱད་ནས་ཨ་མདོའི་གླུ་བཏང་ན་སློབ་མར་བག་ཆགས་ཟབ་མོ་འཇོག་པར་ཕན་ཐོགས་ཡོད།སློབ་རའི་ནང་དུ་དམངས་གླུ་འགྲན་བསྡུར་བྱེད་པ་དང་།སློབ་མ་ལ་སྐུལ་འདེད་ཀྱི་བྱ་དགའ་བྱིན་ན་ཁོ་ཚོར་ལྷག་ཏུ་སྤྲོ་བ་ཆེན་པོ་སྐྱེ་ངེས་ཡིན། ཨ་ལགས་དོར་ཞི་ཚང་གིས“མི་རིགས་རིག་གནས་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་གཙིགས་འཛིན་མི་བྱེད་པའམ་མཐོང་ཆུང་བྱེད་པ་ནི་རིག་གནས་དང་བསམ་བློ་སྟེང་ནས་ཆེས་ཆེར་རྗེས་ལུས་ཀྱི་རྟགས་ཡིན་ལ།རིག་གནས་ཀྱི་ཡོན་ཚད་དང་བསམ་བློའི་སྟེང་ནས་ཇི་ལྟར་སྔོན་ཐོན་དུ་སོང་ན་དེ་ལྟར་མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་རིན་ཐང་ཤེས་ནས་བརྩི་མཐོང་ཇེ་ཆེར་འགྲོ་བ་ཡིན”ཞེས་གསུངས་པ་ལྟར། ང་ཚོས་མི་རང་ཉིད་དང་མི་རིགས་ཀྱི་གནས་བབ་ནས་མགོ་བརྩམས་ཏེ་རང་རེའི་མཚར་སྡུག་འོད་སྟོང་འབར་བའི་རིག་གནས་འདི་ལ་སློབ་སྦྱོང་དང་རྒྱུན་འཛིན།དར་སྤེལ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་དང་གླུ་གར་གྱི་སློབ་གསོ་ནི་སྤྱིར་བཏང་གི་སློབ་གསོའི་ཐབས་ལམ་གཞན་དང་བསྡུར་ན་སྤྲོ་སྣང་དང་གུ་ཡངས་ཀྱི་ངང་ནས་སློབ་གསོ་གཏོང་བའི་དམིགས་གསལ་གྱི་ཁྱད་ཆོས་ལྡན་ཞིང་། ལྷག་ཏུ་ང་ཚོའི་བོད་ལ་གླུ་དང་གར་གྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པས། མི་རྣམས་ལ་སྤྱི་ཚོགས་ཀྱི་གནོན་ཤུགས་ལྕི་བ་དང་འཚོ་བའི་འགྲོས་མགྱོགས་པའི་འཚོ་སྟངས་འདི་ལྟ་བུ་ཞིག་གི་སྐབས་སུ་སླེབས་ཙ་ན་གླུ་གར་སློབ་གསོའི་དགོས་མཁོ་སྔར་ལས་ཆེ་བར་འགྲོ་བས།དམངས་གླུའི་སློབ་གསོ་དར་སྤེལ་གཏོང་བར་གོ་སྐབས་བསྐྲུན་ཡོད་པར་སྙམ། །

མཆན།

①②ཧོར་ཀྱཱ་ནོར་བུས་བསྡུ་བསྒྲིགས་བྱས། མདོ་སྨད་དམངས་གླུ་ཁུ་བྱུག་མགྲིན་དབྱངས།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་པར་གཞི། P126 P161

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།