ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ཙཱ་བར་བསམ་བློའི་ཀུན་སློང་ཅི་ཞིག་ལྡན་དགོས་ཚུལ་སྐོར་གླེང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། : བོད་ལྗོངས།(སྐར་མ་ཚེ་རིང)   སྤེལ་དུས། : 2017-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་ཙཱ་བ་ནི་མིའི་རིགས་ཀྱི་ཤེས་རིག་ངོ་སྤྲོད་དང་མཚམས་སྦྱོར་བྱེད་མཁན་གྱི་ཞིག་པས། སྔར་ནས་འཇིག་རྟེན་གྱི་མིག་དང་། འདྲེན་བྱེད་ཀྱི་ཟམ་པ། བསྒྱུར་བྱའི་རྩོམ་པ་པོའི་མགྲིན་ཚབ་པ་ཞེས་པ་སོགས་ཀྱི་ཆོ་ལོ་མང་པོ་སྦྱར་ཡོད་ལ། ལོ་ཙཱ་བར་ལས་རིགས་གཞན་དང་མི་འདྲ་བར་དམིགས་བསལ་གྱི་བླང་བྱ་མང་པོ་བཏོན་ཡོད། དེས་ན། གལ་ཏེ་ལོ་ཙཱ་བར་གཟབ་གཟེངས་ཁུར་ལེན་དང་། དཀའ་སྤྱད་སྡུག་རུས་སོགས་ཀྱི་ཀུན་སློང་ངམ་སྙིང་སྟོབས་མེད་ཚེ། ལོ་ཙཱ་བར་ཤེས་རྒྱ་ཆེ་ཞིང་སྒྱུར་རྩལ་ལེགས་རུང་། འགྱུར་ཡག་པོ་ཞིག་འཁྱོངས་པའི་ངེས་པ་མེད། དེར་བརྟེན་འདིར་ཁོ་བོས་ལོ་ཙཱ་བས་བསམ་བློའི་ཀུན་སློང་ཅི་ཞིག་ལ་བརྟེན་ནས་ལོ་ཙཱའི་ལམ་དུ་འཇུག་དགོས་དགོས་ཚུལ་རགས་ཙམ་གླེང་བར་བྱའོ།

དང་པོ། གཟབ་གཟེངས་ཁུར་ལེན་གྱི་བསམ་བློ་དགོས།

ལོ་ཙཱ་བའི་གཟབ་གཟེངས་ཁུར་ལེན་གྱི་བསམ་བློ་ཞེས་པ་གང་འདྲ་ཡིན་ཞེ་ན། ལོ་ཆེན་འཕྲིན་ལས་ཆོས་གྲགས་ཀྱིས། ལོ་ཙཱ་བའི་འགན་འཁྲི་ཁུར་ལེན་གྱི་བསམ་བློའི་ངོས་འཛིན་དང་གཟབ་ནན་ཏན་ཏིག་གི་ལས་ཀའི་རྣམ་འགྱུར་ལ་ཟེར་བ་ཡིན་ཞེས་གསུངས་པ་ལྟར། ཡུལ་གྱི་ངོ་བོ་ཕྲ་རག་ལ་རྟོག་དཔྱོད་ཟབ་མོས་ངེས་ཤེས་དྲོངས་པ་བྱས་ཏེ། ལོ་ཙཱའི་ལམ་ནས་རིག་གནས་དར་སྤེལ་གཏོང་བའི་ཁུར་བཟོད་པ་བྱེད་དགོས། དེའང་དང་པོ་གཟབ་ནན་དགོས་པ། ལོ་ཙཱ་བ་རང་ཉིད་ནས་ཤེས་བྱའི་བྱང་ཚད་དང་བསམ་བློའི་བྱང་ཚད་སྐོར་དང་། ལོ་ཙཱའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་ཤེས་ཚད་དང་། མ་ཡིག་གི་གོ་དོན་གསལ་རྟོགས་དང་བུ་ཡིག་ལ་ཇི་བཞིན་ཕབ་སྒྱུར་བྱེད་ཐབས་སོགས་ཕྱི་ནང་གི་ཆ་རྐྱེན་རྣམས་ལ་གཟབ་ཅིང་ནན་དགོས། གཉིས་པ་གདེང་ཚོད་ཡོད་དགོས་པ། དེའང་ལོ་ཙཱའི་ལས་ལ་གཞོལ་བ་ནི་དོན་ཆེ་ལ་འབྲས་བུ་ཆེ་བ་ཞིག་ཡིན་ཞིང་། དེ་ལས་ལྡོག་ན་དོན་ཆུང་ལ་འབྲས་བུ་དམན་པའི་གནས་ཡིན། ལོ་ཙཱའི་མཁས་དབང་འཕྲིན་ལས་ཆོས་གྲགས་ཀྱིས་བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས་ཞེས་བྱ་བའི་ནང་འཁོད་པར། དེའང་མཁས་བཙུན་ཀུ་མ་ར་ཤྲིས་དོན་སྒྱུར་བྱེད་པའི་རྩ་དོན་གསུམ་བསྟན་པའི་ནང་། ཚིག་དོན་གཉིས་ཀར་གདེང་ཚོད་རྙེད་མཚམས་ད་གཟོད་ཡིག་ལམ་དུ་འཇུག་དགོས་ཞེས་གསུངས་པ་ལྟར། བསྟན་བྱའི་ནང་དོན་དང་། རྗོད་བྱེད་ཚིག་འགྲོས། བརྗོད་པའི་ཉམས་འགྱུར་བཅས་ལ་གཞིགས་པ་མ་ཟད། སྒྱུར་བར་ངས་ནུས་སོ་སྙམ་ནས་གདེང་ཚོད་དང་ཡིད་ཆེས་པའི་སྒོ་ནས་ལོ་ཙཱའི་ལམ་དུ་འཇུག་དགོས། གསུམ་པ་ཁུར་བཟོད་པ་ནི། ལོ་ཙཱའི་མཁས་དབང་འཕྲིན་ལས་ཆོས་གྲགས་ཀྱིས། འགྲོ་བ་མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་དར་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ལོ་ཙཱ་བ་ཚོས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་དགོས་མཁོ་དང་མཐུན་པའི་འགན་བབ་ཁུར་དུ་བླངས་པ་དང་། ཞེས་གསུངས་པ་ལྟར། དེང་གི་དུས་སུ་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་བསྟུན་ནས། སྲིད་འབྱོར་རིག་གསུམ་དར་སྤེལ་གཏོང་བར་འགན་འཁྲི་འཁུར་དགོས་ལ། དཀའ་ཁག་མང་དག་བཟོད་དགོས་པས། རིག་པའི་གནས་མང་དག་ཁོང་དུ་ཆུད་པ་བྱས་ཏེ། ཕབ་སྒྱུར་ཁྲོད་ཀྱི་ལས་རྙོག་མང་པོ་དང་ལེན་ཁུར་བཟོད་ཐུབ་པ་བྱེད་དགོས་སོ། བཞི་པ། ཧུར་སྐྱེད་བྱེད་དགོས་པ། དེའང་ལོ་ཆེན་འཕྲིན་ལས་ཆོས་གྲགས་ཀྱིས། རིག་གནས་ནོར་བུའི་ཟོང་མང་ལེགས་པར་དྲངས་ཏེ་ཤེས་རིག་དཔལ་གྱིས་ཕྱུག་པར་མཛད་པོ་སྐད་གཉིས་སྨྲ་བའི་དྲན་དབང་ཚོར་འཇིག་རྟེན་མིག་ཅེས་མཚན་དུ་གསོལ་བར་དགོས་པ་ངེས་ཅན་ལྡན་ཡོད་པ་སྟེ། ཞེས་གསུངས་པ་ལྟར་ལོ་ཙཱའི་བྱ་བས་མིའི་རིགས་ཀྱི་རིག་གནས་སོགས་གང་ཅིར་ཕན་པའི་བྱེད་ནུས་ལ་ལེགས་པར་བསམས་ནས། ཆེས་རླབས་ཆེ་བའི་ལས་རིགས་འདིར་བརྩོན་པ་ཧུར་སྐྱེད་བྱེད་དགོས་སོ། ལྔ་པ་གཞན་ཕན་གྱི་བློ་འཆང་དགོས། དེའང་ལྕང་སྐྱ་རོལ་པའི་རྡོ་རྗེས་བསྒྱུར་བྱེད་ལོ་ཙཱ་རྣམས་ཀྱིས་ཀྱང་ཚུལ་འདི་ཉིད་འཇིག་རྟེན་དུ་ཡུན་རིང་གནས་ན་ཅི་མ་རུང་སྙམ་པའི་བསམ་པས་ཐུབ་བསྟན་གཅེས་པ་འབབ་ཞིག་ཡིད་ལ་བརྣབས་ཞེས་གསུངས་པ་ལྟར་ལོ་ཙཱ་བས་མིའི་རིགས་ལ་ཤེས་རིག་གི་དཔལ་ཡོན་དར་བ་དང་། མ་རྟོགས་ལོག་རྟོག་དང་ཐེ་ཚོམ་གྱི་འཆིང་རྒྱ་བཀྲོལ་བ། བདེ་སྐྱིད་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་པ་བཅས་བྱེད་ཐུབ་པའི་བློ་ཞིག་འཆང་དགོས།

གཉིས་པ། གཟུར་གནས་བློ་ལྡན་དོན་དུ་གཉེར་དགོས།

ཆ་འཕྲིན་དང་དཔལ་འབྱོར་གོང་ནས་གོང་དུ་འཕེལ་བའི་དེང་གི་དུས་སུ། ལོ་ཙཱའི་སྤྱོད་སྒོ་ཆེ་ལ། རིན་ཐང་དང་དོན་སྙིང་ལྷག་པར་མངོན་པས། དང་ཐོག་ང་ཚོས་ལོ་ཙཱར་ངོས་འཛིན་གང་ལེགས་ཡོད་དགོས་ཏེ། དེའང་ལོ་ཙཱའི་བྱ་བ་ལ་ལྟ་ཚུལ་དང་འདུ་ཤེས་ཇི་ལྟར་བཅངས་མིན་ནི། ལོ་ཙཱའི་ལས་རིགས་ཀྱི་ལྟ་སྤྱོད་འཛུགས་སྐྱོང་ལ་ཐུག་ཡོད། ལྕང་སྐྱ་རོལ་པའི་རྡོ་རྗེའི་དག་ཡིག་མཁས་པའི་འབྱུང་གནས་ལས། གཟུ་བོའི་བློས་ཚིག་དང་དོན་གྱི་ཆ་ལ་ལེགས་པར་དཔྱད། རང་གིས་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལ་ཡང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཚོམ་བཅད་ནས། ཚིག་གསལ་ཞིང་གོ་བདེ་བ་དོན་དང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་ན། རང་གཞན་གྱི་རྒྱུད་ལ་ལེགས་ཚོགས་དུ་མ་སྤེལ་བར་ནུས་ཞེས་གསུངས་པ་ཇི་བཞིན་དུ། རང་རེ་ལོ་ཙཱ་བ་ནི་རིག་གནས་ཀྱི་ཁ་ལོ་སྒྱུར་མཁན་དང་། དར་སྤེལ་གཏོང་མཁན་ཞིག་ཡིན་པས། མ་ཡིག་གི་རིན་ཐང་དང་རིག་གནས་ཀྱི་འཕེལ་ཕྱོགས། སྤྱི་ཚོགས་ཀྱི་དགོས་མཁོ། ལོ་ཙཱ་བའི་བྱང་ཚད་དང་མཚན་ཉིད་སོགས་གང་སྤྱི་ནས་དོ་སྣང་ཆེན་པོ་ཡོད་དགོས་སྟབས། རིག་པའི་གནས་གང་ལ་སློབ་གཉེར་བྱས་རུང་། ཉན་པ་པོའི་ངོས་ནས་ཕྱོགས་ལྷུང་གི་ལྟ་བ་མེད་པ་ཞིག་དང་། གཉེར་བྱའི་གནས་ལ་དད་པ་དང་འདུན་པ། བརྩོན་འགྲུས་སོགས་དགོས། དེའང་ལམ་རིམ་ཆེན་མོ་ལས། དེ་ལ་གཟུ་བོར་གནས་པ་ནི། ཕྱོགས་ལྷུང་མེད་པ་སྟེ་དེ་ཡོད་ན་དེས་བསྒྲིབས་ནས་ཡོན་ཏན་མི་མཐོང་བས་ལེགས་པར་བཤད་པའི་དོན་མི་རྙེད་དེ་ཅེས་དང་། ཕྱོགས་ལྷུང་ནི། རང་གི་ལུགས་ལ་ཆགས་པ་དང་གཞན་གྱི་ཆོས་ལུགས་ལ་ཞེ་སྡང་བའོ། ། ཞེས་གསུངས་པ་ལྟར། གཟུར་གནས་བློ་ལྡན་དོན་དུ་མ་གཉེར་པར་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་རིག་གནས་ལ་མཁྲེགས་བཟུང་བྱས་ཏེ། དེ་ནི་བླ་ན་མེད་ཅིང་རྩེ་མོར་སོན་པར་རློམས་ནས། གཞན་གྱི་རིག་གནས་དང་དུ་མི་ལེན་པའི་བསམ་སྤྱོད་ཡིན། དེའང་མཐའ་གཉིས་སུ་མ་ལྷུང་བའི་གཟུ་བོའི་བློས་ལེགས་ཉེས་བླང་དོར་གྱི་གནས་ལ་དཔྱོད་པ་དང་། ཚིག་དོན་དང་གཞུང་ལུགས་ཀྱི་དོན་ལ་སྒྲོ་འདོགས་བཅད་དེ། མ་ཡིག་གི་བརྗོད་དོན་རྣམས་བུ་ཡིག་གི་ལམ་ནས། ཚིག་ཁ་གསལ་ཞིང་གོ་བདེ་བ། དོན་དང་མི་འགལ་བ་བཅས་ཡོང་བར་དོན་དུ་གཉེར་ཏེ། མཁས་པར་གྲགས་པ་མཆོག་དམན་ཀུན་ལ་ལེགས་པར་དྲིས་ཏེ་བསྒྱུར་དགོས། སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བའི། །ཉན་པོ་སྣོད་ཅེས་བྱ་བར་བཤད། ། ཅེས་ཤེས་བྱ་རིག་གནས་སློབ་གཉེར་བས་གཟུ་བོའི་བློས་གཞན་གྱི་ཤེས་བྱ་རིག་གནས་ཀྱི་དཔལ་ཡོན་རྣམས་ལ་སློབ་སྦྱོང་དང་དང་ལེན་བྱ་བ་ཡིས། དེས་མིའི་རིགས་ཀྱི་འཕེལ་རྒྱས་ལ་བཀག་འགོག་དང་ཞི་མཐུན་མཉམ་གནས་ལ་གནོད་པའི་སྦྱོར་བ་ཅི་ཡང་མེད་དོ། །དེས་ན། ལོ་ཙཱ་བར་གཟུ་བོར་གནས་ཤིང་ཕྱོགས་སུ་མི་ལྷུང་བའི་བློ་དང་ལྡན་ནའང་། ལེགས་བཤད་དང་ཉེས་བཤད། འཕེལ་རྒྱས་དང་བདེ་སྐྱིད་ལ་སྨན་པའི་གནས་ལ་ཞིབ་མོའི་བློས་དཔྱོད་ཅིང་། འཇུག་ལྡོག་ཚུལ་བཞིན་བྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་མེད་ཚེ། རང་གིས་ལྷག་བསམ་དང་ངལ་བ་དུ་མས་འབད་ཀྱང་། ལོ་ཙཱའི་ལས་འདིས་མིའི་རིགས་ལ་ཕན་ཐོགས་ཐུབ་མིན་ནི་བརྗོད་ཁག་པོ་ཞིག་ཡིན་པས། ལོ་ཙཱ་བ་རང་ཉིད་ནས་ལོ་ཙཱའི་ཁྱད་འཕགས་ལྡན་པའི་དགེ་མཚན་དང་ཡོན་ཏན་རྣམས་ལ་ངེས་ཤེས་འདྲོངས་ཏེ། འབད་པ་དང་བརྩོན་པ་ཆེན་པོ་བསྐྱེད་དགོས།

གསུམ་པ། ལོ་ཙཱའི་ལས་ལ་དགའ་ཞེན་དང་དཀའ་སྤྱད་སྡུག་རུས་བྱེད་དགོས།

ས་སྐྱ་ལེགས་བཤད་ལས། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་གསུངས་པ་ལྟར་རིག་གནས་སྤྱི་བྱེ་བྲག་གང་བསླབ་རུང་། སློབ་པའི་དུས་ན་དཀའ་སྤྱད་སྡུག་རུས་དགོས་ཤིང་། རིག་གནས་གང་དེའི་དགེ་མཚན་མཐོང་བ་བྱས་ནས་སྤྲོ་སྣང་ངང་འཇུག་དགོས། ལེ་ལོ་ངན་ཞེན་གྱི་དབང་དུ་སོང་ནས་བདེ་བར་འདོད་ན་དེ་མཁས་པར་འགྱུར་མི་སྲིད་པས། བདེ་བ་ཆུང་ངུ་ལ་མ་ཆགས་པར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཚེ། མཐར་ཐུག་རང་གཞན་སྤྱི་ལ་ཕན་པ་ཞིག་ཡོང་ཐུབ། དེས་ན་ལོ་ཙཱ་བ་ཞིག་ལ་མཚོན་ན། མ་ཡིག་གི་བརྗོད་དོན་ལོག་པར་རྟོག་པ་དང་། གོ་བ་ཕྱིན་ཅི་ལོག་ཏུ་ཞུགས་ནས་མ་རྟོགས་པ། འོལ་ཚོད་ཙམ་དུ་སོང་བ། ཇི་བཞིན་ཕབ་སྒྱུར་གྱི་ཐབས་ལམ་དང་རྩལ། རྩ་དོན་དང་ཚད་གཞི་འཛིན་ཚུལ་སོགས་ལ་ཐེ་ཚོམ་བྱེད་པ། ཚིག་བརྡ་མ་འཕྲོད་པ་དང་། མ་ཡིག་གི་གཏན་ཚིགས་དང་། རྩོམ་ལུས་སོགས་མུན་སྤྲུལ་དུ་བསྒྱུར་བ། རྗོད་བྱེད་ཚིག་གི་ཉམས་ཤོར་བ། ལོ་ཙཱ་བྱེད་སྐབས་ཉོབ་མདངས་དང་། སུན་སྣང་དང་སྒྱིད་ལུག་སོགས་ཀྱི་དབང་དུ་ཤོར་བ། མ་ཡིག་མཐོང་བའི་ཚེ་རང་གིས་སྒྱུར་མི་ནུས་པར་བག་ཁུམ་ཞིང་ཕྱིར་བཤོལ་བ་སོགས་མི་བྱེད་པར། རྒྱུ་རྐྱེན་རྣམ་འཇོག་གི་བལྟོས་བཅས་དང་། རྟེན་འབྲེལ་གྱི་ངང་ཚུལ་ལ་བསམས་ནས། ཐོས་བསམ་སློབ་གཉེར་གྱི་ལས་ལ་འབུངས་དགོས་པ་དང་། ལོ་ཙཱའི་ལག་ལེན་ལ་ཡང་ནས་ཡང་དུ་གོམས་པར་བྱས་ཏེ། ཐབས་ཤེས་ཟུང་འཇུག་ལ་བརྟེན་ནས་ལོ་ཙཱའི་ལས་ལ་རིན་ཐང་བསྐྲུན་དགོས། དེའང་ཐབས་ཤེས་ཟུང་འཇུག་ཅེས་པའི་ཐབས་ནི་ལོ་ཙཱའི་རིག་གནས་དང་འབྲེལ་བའི་རིགས་པའི་གཞུང་ལུགས་དང་། ཤེས་རབ་ནི་རིག་པའི་གཞུང་ལུགས་དེ་ལག་ལེན་དངོས་ཀྱི་ཁྲོད་དུ་བླང་དོར་གྱི་འཇུག་པ་མ་ནོར་ཚུལ་བཞིན་སྤྱོད་དགོས།

བོད་མི་རིགས་ལ་མཚོན་ན་རྣམ་དཔྱོད་དོ་ཟླ་བྲལ་བའི་མེས་པོ་ཚོས། རིག་གནས་ལ་དོ་གལ་ཆེན་པོས། ནང་རིག་པ་གཙོ་བོར་གྱུར་པའི་བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། ཚད་མ་རིག་པ་སོགས་ཀྱི་གཞུང་ཆེན་བཀའ་པོད་ལྔ་ཙམ་མ་ཡིན་པར་མདོ་སྔགས་ཡོངས་རྫོགས་དང་། དེ་མིན་སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་སོགས་ཆེ་ཆུང་བཅུ་ཕྲག་རིག་པས་ཕ་ཁྱིམ་བྱུར་པོར་བཏམས་ཤིང་། འཛམ་གླིང་ཡོངས་ལ་བླ་ན་མ་མཆིས་པའི་ཤེས་རིག་གི་ལེགས་སྐྱེས་ཕུལ་ཡོད་པ་ནི་ཧང་སང་དགོས་པ་ཞིག་རེད། དེས་རང་རིགས་ཙམ་མ་ཟད་མིའི་རིགས་ལ་ཆེས་རླབས་ཆེ་བའི་མཛད་རྗེས་བཞག་གནང་ཡོད་པས། ལོ་ཙཱའི་ལམ་ནས་ཞི་བདེ་དང་ཡར་རྒྱས་ལ་སྨན་པའི་ཤེས་བྱ་རིག་གནས་ཁག་གོ་ལ་ཡོངས་ལ་བསྒྱུར་ཅིང་སྤེལ་ཡོད། དེས་ན་དེང་གི་ཆར་རྒྱལ་སྤྱིའི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས། སླར་ཡང་ལོ་ཙཱའི་ལམ་ནས་གསར་དར་རིག་གནས་ཁག་སྤེལ་བ་དང་། སྔར་སྲོལ་དང་སྲོལ་རྒྱུན་རིག་གནས་ཁག་འཛིན་སྐྱོང་སྤེལ་གསུམ་གྱིས་འཕེལ་རྒྱས་གཏོང་དགོས་པས། རྗེས་འཇུག་ལོ་ཙཱ་བའི་ཁུར་པོ་དེ་བས་ལྕི་བས་ལྷག་པར་འབད་པར་རིགས། དེའང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་སྐད་ཡིག་དང་སློབ་གསོ་ལས། འགའ་ཞིག་རྒྱ་གར་སྐད་དུ་ཡོད་པ་རྣམས་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་དུ་བསྒྱུར་ནས་ང་ཚོས་སོ་སོའི་མི་རིགས་རང་གི་སྐད་ཀྱི་ཐོག་ནས་ལྟ་ཀློག་བྱས་ཏེ་གོ་དོན་རྟོགས་ཐུབ་པ་བྱུང་བ་ཡང་ལོ་ཙཱ་བ་ཁོང་རྣམས་ཀྱི་བོད་སྐད་ཡིག་གི་ཡིག་སྒྱུར་ཐད་ལ་སྟབས་བདེ་སླ་བཅོས་དང་འོལ་ཚོད་ཙམ་མ་ཡིན་པར་མི་རིགས་གཞན་དག་གི་སྐད་ཡིག་གཉིས་ཀའི་ཚིག་དོན་ཆ་ཚང་བ་མཁྱེན་རྟོགས་གནང་རྗེས་སྒྱུར་བ་ཞིག་ཡིན་པའི་རྟགས་མཚན་གསལ་པོ་ཞིག་རེད། ཁོང་རྣམ་པས་བསྒྱུར་གནང་མཛད་པའི་ནང་དོན་རིག་པས་མཚོན་པའི་རིག་གནས་ཆེ་ཆུང་བཅུ་ཕྲག་གཅིག་ཡོད་པ་དེ་དག་བོད་མི་རིགས་ཀྱི་རིག་གནས་སློབ་གསོ་མི་རིགས་ཅན་དུ་འགྱུར་བའི་ཐད་ལ་དཀའ་སྤྱད་འབད་བརྩོན་གནང་བར་བརྟེན། དེང་སང་འཛམ་གླིང་རིག་གནས་ཀྱི་གྲལ་སྟར་ནང་བོད་རིག་པ་ཞེས་གཟི་བརྗིད་འོད་སྟོང་ལྡན་པའི་གྲས་སུ་གྱུར་ཏེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཞིབ་འཇུག་བྱ་ཡུལ་དུ་གྱུར་པ་དེ་ལྟ་བུའི་རླབས་ཆེན་གྱི་མཛད་རྗེས་བཞག་ཡོད། སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བོད་ཀྱི་རིག་གནས་གོང་འཕེལ་གཏོང་ཆེད་དཀའ་སྤྱད་འབད་བརྩོན་གནང་བའི་སྙིང་སྟོབས་ལ་ང་ཚོས་སློབ་སྦྱོང་བྱེད་དགོས་ཞེས་གསུངས་ཡོད་པས་ལོ་ཙཱ་བ་ཚོས་ལོ་ཙཱའི་ལས་རིགས་ལ་ཡང་དག་པའི་འདུ་ཤེས་བཟུང་ཐོག ལོ་ཙཱའི་བྱ་གཞག་དང་ལས་རིགས། ལོ་ཙཱའི་རིག་གནས་ལ་སློབ་སྦྱོང་དང་དར་སྤེལ། དགའ་ཞེན་བཅས་བྱས་ཏེ། ལོ་ཙཱའི་རིག་གནས་ཀྱི་ཡང་དག་ནུས་པ་སྤེལ་ཕྱིར། དཀའ་སྤྱད་སྡུག་རུས་བྱེད་དགོས། ལོ་ཙཱའི་ལས་ལ་དགའ་ཞེན་དང་དཀའ་སྤྱད་སྡུག་རུས་བྱེད་དགོས་ཞེས་པ་ནི། ལས་ཀ་གང་ཞིག་དོན་དུ་གཉེར་བ་དང་རིག་གནས་གང་ཞིག་ལ་སློབ་སྦྱོང་བྱས་རུང་། ཐོག་མར་གཉེར་བྱའི་དོན་དེར་དགའ་ཞེན་དང་སྤྲོ་སྣང་ཡོད་དགོས། དགའ་ཞེན་ཡོད་ཚེ་རིག་གནས་སམ་ལས་རིགས་དེའི་ཆེད་དུ་འབད་བརྩོན་དང་དཀའ་བ་སྤྱོད་ཐུབ་ཅིང་། གང་དེའི་ཁྱད་འཕགས་ཀྱི་དགེ་མཚན་དང་བྱེད་ནུས་སྔར་བས་ལྷག་པའི་སྒོ་ནས་འདོན་སྤེལ་ཐུབ། དེ་ལས་ལྡོག་སྟེ་ལོ་ཙཱའི་བྱ་བར་དོ་སྣང་དང་དགའ་ཞེན་མེད་ཚེ། དེའི་དོན་དུ་དཀའ་བ་མི་སྤྱོད་ལ་ལོ་ཙཱའི་ལས་ལ་ཁྲལ་སེལ་སླ་བཅོས་ཀྱིས་འགྱུར་མ་བཟང་པོ་ཞིག་ཐོན་དཀའ་བས། ལོ་ཙཱའི་ཁྲོད་གནད་དོན་མང་པོ་ཞིག་ཐོན་གྱི་ཡོད། དེས་ན་ལོ་ཙཱ་བ་ཚོས་ལོ་ཙཱའི་རིག་གནས་དང་ལས་རིགས་ལ་དགའ་ཞེན་དང་སྤྲོ་སྣང་འཕེལ་བ་བྱས་ཏེ། ལོ་ཙཱའི་རིན་ཐང་དང་རང་ཉིད་ཀྱི་ཕུགས་འདུན་མངོན་ཕྱིར། དཀའ་སྤྱད་སྡུག་རུས་དང་ངལ་བ་ཁྱད་བསད་བྱེད་དགོས། དེའང་ལོ་ཙཱ་བ་རང་ཉིད་ནས་ལོ་ཙཱའི་གཞུང་ལུགས་དང་ལོ་ཙཱའི་མྱོང་དཔྱད་སོགས་ལ་ལྟ་ཀློག་གང་ཐུབ་ཀྱིས་ལོ་ཙཱའི་བྱེད་ནུས་དང་དགོས་མཁོར་གཞིགས་ཏེ། རླབས་ཆེ་བའི་ལས་རིགས་འདིར་རང་ཉིད་ཀྱིས་སློབ་སྦྱོང་དང་རྒྱུན་འཛིན་བྱེད་སེམས་ཡོད་དགོས། ལོ་ཙཱའི་ལས་རིགས་ལ་དགའ་ཞེན་དང་དཀའ་སྤྱད་སྡུག་རུས་ཡོད་ཚེ། དེས་ལོ་ཙཱའི་རིག་པ་སྤྱི་ལ་འཕེལ་རྒྱས་དང་དོ་སྣང་བྱེད་ཤུགས་ཇེ་ཆེར་འགྲོ་སྲིད་ལ། མ་ཡིག་གི་བསྟན་དོན་གསལ་རྟོགས་དང་གོ་དོན་ཇི་བཞིན་ཕབ་སྒྱུར་ལ་ནུས་པ་ཐོན་པ་མ་ཟད། འགྱུར་མའི་སྤུས་ཚད་དང་། མ་ཡིག་གི་རིན་ཐང་མངོན་པར་ལྷག་པར་སྨན་པ་ཞིག་རེད། དེའི་ཕྱིར་ལོ་ཙཱ་བས་ངེས་པར་དུ་ལོ་ཙཱའི་ལས་རིགས་ལ་དགའ་ཞེན་དང་སྤྲོ་སྣང་འཕེལ་བ་བྱེད་དགོས་ཤིང་། དཀའ་སྤྱད་སྡུག་རུས་ཀྱིས་ལོ་ཙཱ་ཚད་ལྡན་ཞིག་ཡོང་བར་འབད་བརྩོན་དྲག་པོས་བསྟེན་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།