ཀྲུང་གོ་བོད་ཀྱི་དྲ་བ།

སློབ་མའི་སློབ་ཁང་གི་སྒྲིག་ལམ་ལས་འགལ་བའི་བྱ་སྤྱོད་ལ་སློབ་ཁྲིད་དགེ་རྒན་གྱིས་སློབ་གསོ་ཇི་ལྟར་གཏོང་དགོས་པའི་སྐོར།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་ཁང་གི་སྒྲིག་ལམ་ནི་སློབ་ཕྲུག་གི་སློབ་སྦྱོང་ཡག་པོ་ཡོང་བའི་རྩ་བའི་འགན་ལེན་ཡིན་ལ། སློབ་ཁྲིད་བདེ་བླག་ཡོང་རྒྱུ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་འགག་རྩའི་དོན་སྙིང་ལྡན་ཡོད། ཡིན་ནའང་སློབ་གྲྭ་དང་འཛིན་གྲྭ་མི་ཉུང་བ་ཞིག་ཏུ་སློབ་ཕྲུག་གིས་སློབ་ཁང་གི་སྒྲིག་ལམ་ལས་འགལ་བའི་སྣང་ཚུལ་རྟག་ཏུ་ཐོན་གྱི་ཡོད་ཅིང་། གནས་ཚུལ་དེས་སློབ་ཁྲིད་ཀྱི་སྤུས་ཚད་ལ་ཐད་ཀར་གནོད་སྐྱོན་ཆེན་པོ་བཟོ་གི་ཡོད། དེར་བརྟེན་སློབ་ཁང་གི་སྒྲིག་ལམ་ལས་འགལ་བའི་བྱ་སྤྱོད་ཁག་སྔོན་འགོག་དང་ཉུང་དུ་གཏོང་ཕྱིར་འདིར་གུས་མོས་ལོ་མང་གི་སློབ་གསོ་སློབ་ཁྲིད་ཀྱི་ཉམས་མྱོང་དངོས་དང་ཟུང་འབྲེལ་བྱས་ཏེ། སློབ་ཁྲིད་དགེ་རྒན(འདིར་བརྗོད་པའི་སློབ་ཁྲིད་དགེ་རྒན་ནི་འཛིན་གྲྭའི་ཀྲུའུ་རེན་མ་ཡིན་པའི་དགེ་རྒན་ལ་ཟེར་བ་ཡིན། གཤམ་དུ་སློབ་ཁྲིད་དགེ་རྒན་ཞེས་བརྗོད་རྒྱུ)གྱིས་སློབ་གསོ་ཇི་ལྟར་གཏོང་དགོས་ཚུལ་ཐད་ཅུང་ཟད་གླེང་བར་བྱ་སྟེ།

དང་པོ། སློབ་ཁྲིད་དགེ་རྒན་གྱིས་སློབ་ཕྲུག་གི་སྦྱོང་འདོད་ཀྱི་སྤྲོ་བ་འཕེལ་བར་བྱེད་དགོས།

སློབ་ཁང་གི་སྒྲིག་ལམ་ནི་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་བའི་འགག་རྩ་ཡིན། གལ་ཏེ་སློབ་ཁང་གི་སྒྲིག་ལམ་ཟང་ཟིང་ཡིན་ཚེ་སློབ་ཁྲིད་ཀྱི་སྤུས་ཚད་དང་ལས་ཕྱོད་གཉིས་ཀར་གནོད་སྐྱོན་ཆེན་པོ་བཟོ་གི་ཡོད། རྒྱུན་དུ་སློབ་ཁྲིད་དགེ་རྒན་ལ་ལས་སློབ་ཁྲིད་བྱ་རྒྱུ་དེ་གཙོ་བོ་དང་། སྒྲིག་ལམ་དམ་བཟུང་བྱ་རྒྱུ་དེ་ཕལ་པར་འཇོག་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། བསམ་ཚུལ་དེ་རིགས་ནི་ནོར་འཁྲུལ་ཞིག་ཡིན། ཁ་རྒྱུན་དུ“གྲི་ལ་བརྡར་རྡོ་བརྒྱབ་པས་ན་ཤིང་ཆ་གཅོད་པར་ཕན་ཆ་ཆེ”ཞེས་བརྗོད་པ་བཞིན་སློབ་ཚན་ཁྲིད་སྐབས། གལ་ཏེ་སློབ་ཕྲུག་ཚོས་གཟབ་ནན་གྱིས་མ་ཉན་པར་སློབ་ཁང་གི་སྒྲིག་ལམ་ལས་འགལ་བའི་གནས་ཚུལ་ཐོན་ཚེ་སློབ་ཁྲིད་དགེ་རྒན་གྱིས་ངེས་པར་དུ་དུས་ཚོད་ཕྲན་ཙམ་སྤྱད་ནས་སློབ་གསོ་རྒྱག་དགོས། དེ་ཡང་སློབ་ཁང་གི་སྒྲིག་ལམ་བཅོས་སྒྲིག་བྱ་རྒྱུར་སྤྱོད་པའི་དུས་ཚོད་ཀྱིས་ཤེས་བྱ་བརྒྱུད་སྤྲོད་བྱེད་པའི་དུས་ཚོད་འཕྲོ་བརླག་གཏོང་བ་མ་ཡིན་པར་དེས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་གཞན་ལས་ལྷག་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་གྱི་ཡོད། དེས་ན། སློབ་ཁྲིད་དགེ་རྒན་ཚོས་སློབ་ཕྲུག་གི་བསམ་བློ་དངོས་དང་སློབ་ཁྲིད་ཀྱི་དམིགས་ཡུལ་གཞིར་བཟུང་སློབ་མར་རིག་ཚན་སྦྱོང་འདོད་ཀྱི་སྤྲོ་བ་འཕེལ་བ་བྱེད་དགོས། ཁ་རྒྱུན་དུ“གསེར་སྲང་སྟོང་གིས་ཀྱང་མིའི་སྤྲོ་བ་འཕེལ་བར་དཀའ”ཞེས་པ་ལྟར་སྐྱེས་བུ་སུ་འདྲ་ཞིག་ཡིན་ནའང་རྒྱུན་པར་བྱ་བ་གང་དང་གང་ཡང་རུང་བ་ཞིག་བསྒྲུབ་འདོད་པའི་དགའ་སྣང་ཡོད་ན། ད་ གཟོད་སེམས་རྣལ་ལ་ཕབ་སྟེ་བསྒྲུབས་པ་མ་ཟད། རང་རྟོགས་རང་མོས་ཀྱིས་དཀའ་ཚེགས་དང་ངལ་དུབ་ལ་མི་འཛེམས་པར་ལེགས་པོར་བསྒྲུབ་ངེས། དེ་ལས་ལྡོག་སྟེ་བྱ་བ་གང་དེ་བསྒྲུབ་འདོད་པའི་དགའ་སྣང་མེད་ན་རང་རྟོགས་ཀྱི་རང་བཞིན་དང་ཧུར་བརྩོན་གྱི་རང་བཞིན་མེད་པ་མ་ཟད། བྱ་བ་གང་ཞིག་བསྒྲུབས་ཀྱང་ལེགས་པར་སྒྲུབ་མི་ཐུབ། དཔེར་ན། རྒྱུན་གཏན་སློབ་གྲྭ་དང་འཛིན་གྲྭ་མི་ཉུང་བ་ཞིག་གི་ནང་སློབ་ཕྲུག་ཚོས་རིག་ཚན་དང་རང་ཚན་གྱི་སློབ་ཚན་འགའ་ཤས་སྦྱང་འདོད་ཀྱིས་དགེ་རྒན་ལ་གསབ་ཁྲིད་གནང་རྒྱུའི་རེ་བ་འདོན་གྱི་ཡོད་པ་མ་ཟད། སྒྲིག་ལམ་ལས་འགལ་བའི་བྱ་སྤྱོད་གཅིག་ཀྱང་སྤེལ་གྱི་མེད། འོན་ཀྱང་སློབ་ཕྲུག་འགའ་རེས་དགེ་རྒན་གྱིས་མ་སྐུལ་དང་བླངས་སྒོ་ནས་གསབ་ཁྲིད་གནང་ནའང་སློབ་ཚན་གཟབ་ནན་ངང་མི་ཉན་པའི་ཁར་སློབ་ཁང་ནང་སྒྲིག་ལམ་ལས་འགལ་བའི་བྱ་སྤྱོད་མང་དག་སྤེལ་གྱི་ཡོད། གནས་ཚུལ་དེ་ལྟ་བུ་ཐོན་པའི་རྒྱུ་མཚན་གཙོ་བོ་ཁོ་ཚོར་སློབ་ཚན་དེ་སྦྱོང་འདོད་ཀྱི་སེམས་པ་དང་སློབ་སྦྱོང་གི་དགའ་སྣང་ལྡན་མིན་ལ་ཐུག་ཡོད། གཞན་ཡང་ཕྱོགས་ཞེན་གྱི་བསམ་པའི་སྐུལ་སློང་དེ་དག་ལས་སློབ་གྲྭ་དང་འཛིན་གྲྭ་མང་དག་ཅིག་ནང་སློབ་མས་སློབ་ཁང་གི་སྒྲིག་ལམ་ལས་འགལ་བའི་གནས་ཚུལ་རྟག་ཏུ་ཐོན་དང་ཐོན་བཞིན་ཡོད།

གཉིས་པ། སློབ་ཁྲིད་དགེ་རྒན་དང་སློབ་མའི་དབར་འབྲེལ་བ་ཟབ་མོ་འཛུགས་དགོས།

སློབ་ཁྲིད་ལེགས་གྲུབ་ཐུབ་མིན་རྒྱུ་རྐྱེན་སྣ་ཚོགས་ལས་མངོན་གྱི་ཡོད་ཀྱང་། རྒྱུ་རྐྱེན་གཙོ་བོ་ནི་སློབ་ཁྲིད་དགེ་རྒན་དང་སློབ་ཕྲུག་དབར་གྱི་འབྲེལ་བ་ཡག་པོ་ཡོད་མེད་ལ་ཐུག་གི་ཡོད། རྒྱུན་དུ་འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་ཁྲིད་བྱས་ན་སློབ་ཁང་གི་སྒྲིག་ལམ་སྤྱིར་ལེགས་པོ་ཡོད་ཀྱང་། སློབ་ཁྲིད་དགེ་རྒན་གཞན་གྱིས་སློབ་ཚན་ཁྲིད་སྐབས་སློབ་ཁང་གི་སྒྲིག་ལམ་ཟང་ཟིང་དུ་གྱུར་པའི་སྣང་ཚུལ་ཐོན་མང་པོ་ཡོད། དེས་སློབ་ཁྲིད་དགེ་རྒན་གྱིས་རྒྱུན་གཏན་ནས་སློབ་ཕྲུག་དང་འབྲེལ་འདྲིས་མང་ཙམ་བྱེད་དགོས་ལ་སློབ་ཕྲུག་དང་མཉམ་དུ་སློབ་ཁང་གི་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་དགོས་པའི་གནས་ལུགས་གསལ་སྟོན་བྱས་ཡོད།

དེ་ཡང་སློབ་གསོ་མཁས་ཅན་ཞིག་གིས“དགེ་རྒན་གྱིས་ཕྱོགས་གཅིག་ནས་རང་ཉིད་ལ་ལྡན་པའི་ཤེས་བྱ་ཕངས་མེད་དུ་སློབ་ཕྲུག་ལ་སྦྱིན་པ་དང་། ཕྱོགས་གཞན་ཞིག་ནས་ངང་པ་ཆུ་མཚོར་འཇུག་པ་བཞིན་དུ་སློབ་ཕྲུག་གི་འཚོ་བའི་ཁྲོད་གཟབ་ཞུགས་ཀྱིས་སློབ་མའི་ལེགས་ཆ་རྣམས་ཚུར་བསྡུ་བ་དང་འབྲེལ་ལེགས་ཆ་དེ་དག་སློབ་མར་ཕར་སྤྲོད་དགོས”ཞེས་གསུངས་ཡོད་པས་སློབ་ཁྲིད་དགེ་རྒན་ཚོས་གོང་གསལ་གྱི་བསླབ་བྱའི་སྡོམ་ཚིག་ལྟར་བྱེད་ཐུབ་ན། སློབ་མས་སློབ་ཁང་གི་སྒྲིག་ལམ་ལས་འགལ་བའི་བྱ་སྤྱོད་ཉུང་དུ་གཏོང་ཐུབ་པ་མ་ཟད། ཁོ་ཚོ་མཚར་སྡུག་ལྡན་ཞིང་། ཡིད་དབང་འཕྲོག་པའི་ཤེས་བྱའི་ཕོ་བྲང་དུ་ཁྲིད་སྟོན་ཐུབ་རྒྱུར་ཐེ་ཚོམ་གང་ཡང་མ་མཆིས་སོ། འོན་ཀྱང་དེ་མ་ཐུབ་ན། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ལྟ་ཞོག་སློབ་ཁང་གི་སྒྲིལ་ལམ་ལེགས་བཅོས་བྱ་རྒྱུ་དེའང་གཏམ་སྟོང་ཙམ་དུ་ཟད་དོ་སྙམ།

གསུམ་པ། སློབ་ཁྲིད་དགེ་རྒན་གྱིས་སློབ་ཕྲུག་ལ་དགའ་ཞེན་བྱེད་དགོས།

དགའ་ཞེན་ནི་སེམས་ཁམས་ཀྱི་བརྩེ་དུང་དང་སྒུལ་ཤུགས་ཀྱི་ཕྱོགས་སྟོན་ཞིག་ཡིན། སློབ་ཕྲུག་ལ་དགའ་ཞེན་བྱས་ན། ད་གཟོད་དཀའ་ཁག་སེལ་བའི་སྟོབས་ཤུགས་འཕེལ་བ་དང་། བྱ་བ་གང་ཞིག་ལེགས་པར་སྒྲུབ་པའི་བློ་རིག་བསྐྱེད་པ། རང་དོན་རྒྱབ་བསྐྱུར་གྱི་སྒེར་སེམས་མེད་པའི་ལྷད་མེད་བརྩེ་བ་སོགས་མཚོན་ཐུབ། གནའ་ནས་དེང་གི་བར་མཛད་རྗེས་ཡོད་པའི་སྐྱེས་བུ་དམ་པ་སུ་དང་སུ་ཡིན་རུང་རང་ཉིད་ཀྱིས་སྒྲུབ་བཞིན་པའི་ལས་དོན་དང་བྱ་བའི་ཡུལ་ལ་སེམས་གཏིང་ནས་དགའ་ཞེན་བྱས་དང་བྱེད་བཞིན་ཡོད། དེ་བས་སློབ་ཁྲིད་དགེ་རྒན་གྱིས་ཀྱང་རང་ཉིད་ཀྱི་སློབ་ཕྲུག་ལ་དགའ་ཞེན་བྱས་ན་སློབ་ཕྲུག་དང་འབྲེལ་བ་ཟབ་མོ་འཛུགས་ཐུབ་ཅིང་། བརྩེ་དུང་ལྡན་ན་སློབ་ཕྲུག་གིས་དགེ་རྒན་ལ་སྙིང་གཏམ་ཤོད་ཕོད་པ་དང་བཤད་འདོད་པ་མ་ཟད། དགེ་རྒན་གྱིས་ཀྱང་སློབ་མའི་སློབ་སྦྱོང་དང་འཚོ་བ་གང་ཅིའི་ཐད་ལ་སེམས་ཁུར་བྱེད་ཤེས་པ་དང་། ནུས་པ་ལྡན་པའི་སློབ་གསོ་གཏོང་ཐུབ། དེས་ན་སློབ་ཁྲིད་དགེ་རྒན་གྱིས་སློབ་ཕྲུག་ལ་དགའ་ཞེན་བྱེད་པ་ནི་སློབ་ཁང་གི་སྒྲིག་ལམ་ལེགས་སུ་གཏོང་བའི་རྨང་གཞི་དང་གཞི་འཛིན་ས་ཡིན་ལ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་གནད་གལ་ཆེན་ཞིག་ཀྱང་ཡིན།

བཞི་པ། སློབ་ཁྲིད་དགེ་རྒན་གྱིས་སློབ་ཕྲུག་ཚང་མར་ལྟ་ཚུལ་གཅིག་མཚུངས་འཛིན་དགོས།

སློབ་ཁྲིད་དགེ་རྒན་གྱིས་སློབ་ཚན་ཁྲིད་པ་དང་། སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་རང་ཉིད་ཀྱི་དགའ་སྡང་ལྟར་སློབ་ཕྲུག་རྣམས་རིམ་པ་མང་པོར་ཕྱེ་ནས། ལ་ལར་དགའ་བ་དང་། ལ་ལར་མི་དགའ་བ་སོགས་གཏན་ནས་བྱེད་མི་རུང་། འཛིན་གྲྭ་ཞིག་ལ་མཚོན་ན། སློབ་ཕྲུག་བཅུ་ཕྲག་ཁ་ཤས་ཡོད་པར་སློབ་སྦྱོང་གི་སྦྱངས་འབྲས་ལེགས་ཞན་དང་། བློ་རིག་གསལ་མི་གསལ་གྱི་ཁྱད་པར་ཡོད་ངེས་པས་དེ་ལ་གཅིག་གྱུར་གྱི་རེ་བ་འདོན་མི་རུང་། སློབ་ཁྲིད་དགེ་རྒན་ལ་ལས་རྒྱུན་གཏན་སློབ་ཁྲིད་བྱེད་རིང་སྦྱངས་འབྲས་ལེགས་པའི་སློབ་ཕྲུག་ལ་བསྟོད་བསྔགས་ཚད་མེད་གཏོང་བ་དང་། སྦྱངས་འབྲས་ཅུང་ཞན་པའི་སློབ་མར་མཐོང་ཆུང་དང་འཕྱ་སྨོད་ཀྱི་རྣམ་འགྱུར་འཛིན་པའི་སྣང་ཚུལ་རྟག་ཏུ་རིག་རྒྱུ་ཡོད། དེ་ལྟར་བྱས་ན་སྦྱངས་འབྲས་ཅུང་ཞན་པའི་སློབ་མའི་ཧུར་བརྩོན་བསམ་པར་ཤུགས་ཐེབས་ནས་སློབ་ཁྲིད་དགེ་རྒན་ལ་ཞེན་ལོག་དང་འགོག་རྒོལ་བྱ་སླ་ཞིང་། དེས་སློབ་ཁང་གི་སྒྲིག་ལམ་ལས་འགལ་བའི་བྱ་སྤྱོད་སྣ་ཚོགས་སྤེལ་སྲིད་སྙམ།

མདོར་ན། རང་ལྗོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མའི་ནང་སློབ་ཕྲུག་གིས་སློབ་ཁང་གི་སྒྲིག་ལམ་ལས་འགལ་བའི་བྱ་སྤྱོད་སྤེལ་བ་དེ་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན་པས། སྒྲིག་ལམ་ལས་འགལ་བའི་རྗེས་ཀྱི་སློབ་གསོ་དང་ཐག་གཅོད་བྱ་རྒྱུའི་ཐད་ཀྱི་གནད་དོན་དེ་ནི་དཀའ་ཚེགས་ཆེ་བ་ཞིག་ལགས་ན། སློབ་གྲྭ་དང་། འཛིན་གྲྭའི་ཀྲུའུ་རེན། ཁྱིམ་བདག་ཁོ་ནའི་འགན་འཁྲི་ཙམ་མ་ཡིན་པར་སློབ་ཁྲིད་དགེ་རྒན་གྱིས་སློབ་གསོ་ལེགས་པོ་གཏོང་རྒྱུ་དེའང་གལ་འགངས་ཤིན་ཏུ་ཆེའོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།