ཀྲུང་གོ་བོད་ཀྱི་དྲ་བ།

སློབ་ཆུང་སློབ་མའི་དཔེ་ཀློག་དང་རྩོམ་འབྲིའི་སྐོར་མདོ་ཙམ་གླེང་བ།

ཡོང་ཁུངས། : མཆོད་མེ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཕུན་ཁང་རྣམ་རྒྱལ་ཚེ་རིང་།   སྤེལ་དུས། : 2017-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་ཆུང་སློབ་མ་ནི་མེས་རྒྱལ་གྱི་མེ་ཏོག་དང་། མེས་རྒྱལ་གྱི་མ་འོངས་པའི་བདག་པོར་བརྗོད་ཀྱི་ཡོད། དེ་དག་ལས་སློབ་ཆུང་སློབ་མའི་གལ་ཆེའི་རང་བཞིན་ནམ་དེ་ལྟར་བཤད་དགོས་པའི་དམིགས་ཡུལ་ཡང་ངེས་ཅན་མཚོན་གྱི་ཡོད། དེ་བས་སློབ་ཆུང་སློབ་མའི་ཀུན་སྤྱོད་དང་། གཙང་སྦྲ། སློབ་སྦྱོང་སོགས་གང་ས་སྤྱི་ཐད་ལ་དོ་སྣང་དང་འགན་འཁུར་རྒྱུ་ནི་དགེ་རྒན་དང་ཁྱིམ་བདག་གི་བསུབ་ཐབས་མེད་པའི་འོས་འགན་ཞིག་དང་། གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན། འདིར་ཁོ་བོས་དམིགས་སུ་སློབ་ཆུང་སློབ་མའི་དཔེ་ཀློག་དང་རྩོམ་ཡིག་འབྲི་བའི་སྐོར་མདོ་ཙམ་གླེང་འདོད་པ་གཤམ་གསལ། 

དང་པོ། དཔེ་ཀློག་གི་སྐོར།

དཔེ་ཀློག་ནི་མིའི་རིགས་ཀྱི་བསམ་བློ་ཡར་ཐོན་གྱི་སྐས་འཛེགས་དང་འདྲ་ལ། དཔེ་ཀློག་ནི་མི་གཞན་གྱི་བསམ་བློ་ལས་སོ་སོའི་བསམ་བློ་སྒྲུབ་པར་ངོས་འཛིན་ནམ་བདེན་སྒྲུབ་བྱེད་ཀྱི་ཡོད། དེས་ན་སློབ་ཆུང་སློབ་མར་དཔེ་ཀློག་སྐོར་ལ་ཤེས་དགོས་པའམ་དེའི་ཐད་ལ་དམིགས་ཚད་ཅིག་ཡོད་དགོས་ལ་དེ་བས་སློབ་ཆུང་སློབ་མའི་དཔེ་ཀློག་སྐོར་ལ་ལྷག་འདས་པའི་སྐྱོན་ཆའམ་མི་འདང་བའི་ཆ་ངེས་ཅན་ཡོད་པ་སྟེ། 

༡﹒བསླབ་ཚན་དུ་འཁོད་པའི་ནང་དོན་ལས་ཁ་བྲལ་མི་ཐུབ་པ། 

དེ་ཡང་སློབ་ཆུང་སློབ་མར་བསླབ་ཚན་གྱི་ནང་དོན་མང་དྲགས་པས་དང་། སློབ་མའི་རང་འགུལ་གྱི་ནུས་པ་ཞན་པ། སློབ་གྲྭའི་ཁོར་ཡུག་གམ་ཆ་རྐྱེན་དམའ་བ། སློབ་མའི་དཔེ་ཀློག་ཐད་ལ་བསམ་བློ་གཏོང་མཁན་ཉུང་བ་སོགས་ཀྱི་རྐྱེན་པས་སློབ་མར་བསླབ་ཚན་གྱི་ནང་བཀོད་པའི་ཤེས་བྱ་ཕུད་པའི་དེ་མིན་གྱི་སློབ་ཕྱིའི་དཔེ་དེབ་སོགས་འབྲེལ་ཡོད་དཔེ་དེབ་བལྟ་བའི་དུས་སྐབས་བྲལ་བ། 

༢﹒བསླབ་ཚན་བཀོད་སྒྲིག་གི་ནང་དོན་དག་གཙོ་བོར་བཟུང་བ། 

སློབ་ཆུང་ཁག་གི་བསླབ་ཚན་བཀོད་སྒྲིག་ནང་དོན་ཧ་ཅང་མང་བོ་ཡོད་ལ་དེ་བས་སློབ་མ་ཚོ་སློབ་སྦྱོང་བྱེད་པ་དེ་ཡང་སྦྱངས་འབྲས་ཡག་པོ་ཞིག་ཐོན་ན་འགྲིག་པ་ལས་གཞན་གྱི་བསམ་བློ་མི་གཏོང་། ད་དུང་སློབ་ཆུང་དགེ་རྒན་དག་གིས་གལ་སྲིད་སློབ་མ་ཚོས་བསླབ་ཚན་གྱི་ནང་དོན་ཧྲིལ་པོ་ཇི་མ་ཇི་བཞིན། ཆུ་ལ་ཆུ་བཞག་མ་ཤེས་ན་སློབ་མ་ཚོ་ཧ་ལམ་ནག་ཉེས་ཚབས་ཆེན་ཕོག་པའི་ཉེས་ཅན་པ་ཞིག་དང་འདྲ་བར་ལག་པ་བསྐུལ་ཤག་ཤག་དང་བཀོད་པ་གཏོང་ཤག་ཤག་སོགས་ཀྱི་ཐབས་ཤེས་སྐྱོན་ཅན་སྣ་ཚོགས་སྤྱད་ནས་སློབ་མ་ཚོའི་ལྷན་སྐྱེས་ཀྱི་སྐྱེ་སྟོབས་དང་གཞན་དང་མི་འདྲ་བའི་དགེ་མཚན་དག་འཕྲོ་བརླག་གཏོང་བར་འབད་ཀྱི་ཡོད། 

༣﹒དགེ་རྒན་གཙོ་བོར་བཟུང་བ་ལས་སློབ་མར་བསམ་བློ་གཏོང་བའམ་བསམ་ཚུལ་བརྗོད་པའི་གོ་སྐབས་མེད་པ། 

ནམ་རྒྱུན་སློབ་ཆུང་ཁག་ཏུ་དགེ་རྒན་གྱིས་སློབ་ཚན་འཁྲིད་སྐབས་མང་ཆེ་བས་སློབ་ཚན་གྱི་ནང་དོན་མགྱོགས་ཙམ་ཁྲིད་ཚར་ན་སྙམ་པ་ལས་སློབ་མས་ཤེས་ཡོད་པ་ལ་བསམ་བློ་གཏོང་མཁན་ཉུང་ཉུང་རེད། མ་གཞི་བསླབ་ཚན་གསར་པའི་འཁྲིད་ཐབས་ཁྱབ་གདལ་དུ་ཕྱིན་ཡོད་ཀྱང་སློབ་ཚན་སྐར་མ་བཞི་བཅུ་དེ་མང་ཆེ་བ་དགེ་རྒན་གཙོ་བོ་ཡིན་པས་དགེ་རྒན་ནས་བཤད་ཀྱང་སློབ་མས་ཉན་ཀྱང་དེས་སློབ་མར་བསམ་བློ་གཏོང་བའི་དུས་ཚོད་དང་བསམ་ཚུལ་བརྗོད་པའི་གོ་སྐབས་མེད་དུས་བསླབ་ཚན་གསར་བའི་ནང་གི་དགེ་རྒན་ནི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་དང་སློབ་མ་ནི་སློབ་ཁང་སློབ་ཁྲིད་ཀྱི་གཙོ་གཞི་ཡིན་ཞེས་བརྗོད་ན་ག་ལ་འགྲིག

 གཉིས་པ། རྩོམ་འབྲིའི་སྐོར། 

སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཡིན་ནའང་འདྲ། ནམ་རྒྱུན་རྩོམ་ཡིག་འབྲི་མཁན་སུ་འདྲ་ཞིག་ཡིན་རུང་རྩོམ་ཡིག་འབྲི་བར་སྔོན་འགྲོ་དཔེ་ཀློག་མང་ཙམ་བྱ་དགོས་པ་དང་འཚོ་བར་རྒྱུས་མངའ། མིང་བརྡ་མང་ཙམ་གསོག་འཇོག་བྱེད་པ། ལག་པ་མང་ཙམ་འགུལ་བ། བསམ་བློ་མང་ཙམ་གཏོང་བ་སོགས་དེ་དང་དེ་འདྲ་བའི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་རྩོམ་ཡིག་འབྲི་ཐུབ་པ་ཞིག་ཡིན་རུང་དེང་སང་གི་སློབ་ཆུང་ཁག་ཏུ་སློབ་མས་རྩོམ་ཡིག་འབྲི་དཀའ་བ་དང་འབྲི་ཉུང་བའི་སྐྱོན་ཆའམ་མི་འདང་བའི་ཆ་ཡོད་པ་སྟེ། 

༡﹒སློབ་ཆུང་སློབ་མར་རང་འགུལ་གྱི་ནུས་པ་ཞན་པ། 

བོད་ཁུལ་དུ་སློབ་ཆུང་སློབ་མ་ཚུད་པའི་སློབ་མ་ཡོངས་ལ་ཐུན་མོང་དུ་ཡོད་པའི་སྐྱོན་ཆ་ནི་རང་འགུལ་གྱི་ནུས་པ་ཧ་ཅང་ཞན་པས་དགེ་རྒན་གྱི་བཀོད་སྒྲིག་བྱས་པའི་ངག་སྐྱོར་གཏོང་རྒྱུ་དང་སྦྱོང་ཚན་འབྲི་རྒྱུ། སྔོན་སྦྱོང་བྱེད་རྒྱུ་ཕུད་པའི་སློབ་མ་རང་ཉིད་ཀྱི་རང་འགུལ་ངང་དེ་མིན་གྱི་དཔེ་དེབ་བལྟ་རྒྱུ། ཉིན་ཐོའམ་རྩོམ་ཐུང་འབྲི་རྒྱུ་སོགས་སྤྲོས་བྲལ་རེད། ཐ་ན་སློབ་མས་དགེ་རྒན་གྱི་བཀོད་སྒྲིག་མེད་པའི་ཐོག་ལ་སློབ་སྦྱོང་སོགས་ཕན་ཐོགས་ཡོད་པའི་བྱ་བ་བྱས་ན་དགེ་རྒན་ཁོ་ན་ལ་དགོས་པ་ཡོད་པ་སྙམ་པ་ལས་སོ་སོའི་ཆེད་དུ་ཡིན་པ་ཚོར་གྱི་མེད། 

༢﹒སློབ་མའི་རྩོམ་འབྲིའི་སྐོར་ལ་དགེ་རྒན་གྱི་རམ་འདེགས་སམ་དོ་སྣང་ཉུང་བ། 

    ནམ་རྒྱུན་བསླབ་ཚན་གསར་བའི་ནང་དུ་བཀོད་སྒྲིག་གཞིར་བཟུང་སློབ་ཆུང་ཁག་ནང་སློབ་རིམ་དང་པོར(ལོ་རིམ་དང་པོ་དང་གཉིས་པ།)ཡི་གེ་ངོས་འཛིན་དང་ཡི་གེ་འབྲི་ཚུལ། མིང་བརྡ་བློ་ལ་ངེས་རྒྱུ་སོགས་རྨང་གཞིའི་ཤེས་བྱ་སྦྱང་དགོས་པ་དང་། སློབ་རིམ་གཉིས་པར(ལོ་རིམ་གསུམ་པ་བཞི་བ།)སློབ་རིམ་དང་པོའི་རྨང་གཞིའི་ཐོག་བྱ་དངོས་ལ་ཉམས་ཞིབ་བྱས་ནས་མཐོང་ཐོས་མྱོང་གསུམ་ཡི་གེར་ཕབ་ཐུབ་པ་དང་ཕུལ་བྱུང་སྙན་ངག་བློ་འཛིན་དང་། ཉིན་ཐོ་འབྲི་བ་སོགས་གཞི་རྩའི་ཤེས་བྱ་ལ་རྒྱུས་ལོན་བྱ་དགོས། སློབ་རིམ་གསུམ་པར(ལོ་རིམ་ལྔ་བ་དྲུག་པ།) རྒྱུན་བཀོལ་ཡིག་རིགས་དང་རྩོམ་ཡིག་རང་རྐྱ་ཐུབ་པའི་སྒོ་ནས་འབྲི་ཐུབ་པ་སོགས་དགོས་ངེས་ཤེས་བྱ་དག་ཁོང་དུ་ཆུད་པ་བྱ་དགོས་པ་འཆར་འགོད་བྱས་ཡོད་ཀྱང་། དགེ་རྒན་ནི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་ཞིག་གི་ངོས་ནས་དེ་ཚོར་དོ་སྣང་དང་ལག་ལེན་དངོས་ཀྱི་ཐོག་ལ་དོན་འཁྱོལ་མེད་པས་དེས་ཐད་ཀར་སློབ་མའི་མིང་བརྡ་གསོག་འཇོག་དང་རྩོམ་ཡིག་འབྲི་བ་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། 

༣﹒སློབ་ཆུང་སློབ་མར་རང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་སྦྱོང་བའི་ཤེས་བྱ་ཉུང་བ། 

    དེ་ཡང་དེང་སང་སློབ་ཆུང་ཁག་ཏུ་བོད་ཡིག་སློབ་ཚན་ཕུད་དེ་མིན་གྱི་སློབ་ཚན་ཚང་མ་རྒྱ་ཡིག་ལ་བསྒྱུར་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པས་སློབ་མས་རང་མི་རིགས་ཀྱི་སྐད་ཡིག་དེར་དོ་སྣང་། སྤྱོད་སྒོ། ཕན་ནུས་སོགས་མི་རྟོགས་པ། དེ་བས་རྟག་ཏུ་སློབ་ཚན་བོད་ཡིག་ཡིན་རུང་དགེ་རྒན་མང་བོ་ཞིག་གི་རྒྱ་སྐད་སོགས་སྐད་རིགས་གཞན་བེད་སྤྱད་ནས་སློབ་ཁྲིད་བྱེད་དུས་མ་གཞི་འགྲེལ་པ་སོགས་གནད་དུ་འཁེལ་བ། ཕན་ནུས་ཆེ་བར་མངོན་རུང་དེས་སློབ་མས་མིང་ཚིག་གང་ཡང་རུང་བ་ཞིག་བོད་ཡིག་ཐོག་ནས་ངོས་འཛིན་དང་གོ་དོན་རྟོགས་པར་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད་སློབ་མའི་རྩོམ་ཡིག་འབྲི་བར་ཕན་པ་ཅི། དེ་བས་སློབ་མར་བག་ཆགས་ངན་པ་ཞིག་བཟོ་ངེས་རེད། 

གསུམ་པ། སློབ་ཆུང་སློབ་མའི་དཔེ་ཀློག་དང་རྩོམ་འབྲིའི་སྐོར་ལ་རང་ཉིད་ཀྱི་བསམ་ཚུལ་འགའ། 

༡﹒ནམ་རྒྱུན་སློབ་ཚན་ཐོག་སློབ་མར་སློབ་ཚན་མང་ཙམ་ཀློག་ཏུ་འཇུག་རྒྱུ་དང་། བསམ་བློ་མང་ཙམ་གཏོང་རྒྱུ། མིང་ཚིག་མང་ཙམ་གསོག་འཇོག་བྱེད་པ། ལག་པ་མང་ཙམ་འགུལ་རྒྱུར་དགེ་རྒན་ནས་གཞོགས་འདེགས་དང་སྐུལ་སློང་བྱ་དགོས་པ་མ་ཟད་སློབ་མས་རང་འགུལ་ངང་རྩོམ་ཡིག་འབྲི་སྦྱོང་བྱེད་པར་སྐུལ་མ་ཡང་ཡང་གཏོང་དགོས། 

༢﹒དགེ་རྒན་ནས་སློབ་མར་དཔེ་ཀློག་དང་རྩོམ་ཡིག་འབྲི་བའི་དགེ་མཚན་དང་དེའི་སྤྲོ་སྣང་ཤེས་སུ་འཇུག་ཐོག་དཔེ་ཀློག་དང་རྩོམ་ཡིག་འབྲི་བའི་ལས་ཀ་དེ་བདེ་སྐྱིད་ཅིག་དང་བདེ་བ་ཞིག་ལས་སྡུག་བསྔལ་ཞིག་དང་ཁུར་བོ་ཞིག་ལ་ངོས་འཛིན་བྱེད་མི་རུང་། དེ་བས་དགེ་རྒན་ནས་སློབ་མར་བལྟ་རིན་ཡོད་པའི་དཔེ་དེབ། སྤྱོད་སྒོ་ཆེ་བའི་དཔེ་དེབ། འཚོ་བ་དངོས་དང་འབྲེལ་ཆེ་བ་སྟེ། སློབ་མའི་གནས་བབ་དང་བསྟུན་པའི་དཔེ་དེབ་ངོ་སྤྲོད་དང་མངགས་ཉོ་བྱེད་རྒྱུ། 

༣﹒རྒྱུན་དུ་སྦྱོང་ཚན་ནམ་རང་སྦྱོང་ཐོག་ལ་མིང་ཚིག་ངེས་པ། བརྗོད་པ་བཟོ་རྒྱུ། རྒྱུན་བཀོལ་ཡིག་རིགས་འབྲི་རྒྱུ། ཉིན་ཐོ་འབྲི་རྒྱུ་བཀོད་སྒྲིག་བྱ་དགོས་ལ་སྐབས་རེ་དགེ་རྒན་ནས་དཔེ་མཚོན་ཡོད་པའི་སློབ་མའི་རྩོམ་ཡིག་འགའ་ཀློག་པ་དང་སློབ་མས་ལད་རྩོམ་བྱེད་རྒྱུར་དོ་སྣང་བྱ་དགོས།

༤﹒སློབ་མས་བྲིས་ཟིན་པའི་རྩོམ་ཡིག་གི་དགེ་མཚན་དང་ཧུར་བརྩོན་རང་བཞིན་ལ་མཐོང་ཆེན་ཆེན་པོ་བྱེད་པ་དང་། ཁོ་ཚོའི་ཁྲོད་ཀྱི་ལེགས་ཆ་དང་དགེ་མཚན་ལ་དུས་ཐོག་ཏུ་བསྔགས་བརྗོད་བྱེད་པ་དང་། ཞན་ཆའམ་མི་འདང་བའི་ཆ་ལ་འོས་འཚམས་ཀྱི་སྐྱོན་བརྗོད་བྱ་དགོས། དེ་བས་རྩོམ་ཡིག་དག་ལ་བཟོ་བཅོས་བྱས་ཐོག་རྗེས་སུ་སྐྱོན་གཅིག་པ་མི་ཡོང་བ་དང་སྔར་ལས་ལྷག་པའི་ཡར་རྒྱས་ཡོང་བར་ཤུགས་སྣོན་རྒྱག་དགོས། 

༥﹒དཔེ་ཀློག་དང་རྩོམ་ཡིག་འབྲི་བའི་སྐོར་ནི་སློབ་ཆུང་སྐད་ཡིག་སློབ་ཁྲིད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ལ་ངོས་འཛིན་བྱས་ནས་སློབ་ཆུང་སློབ་མའི་བསམ་བློའི་ཆུ་ཚད་དང་། སྐད་ཆ་ཤོད་པའི་ནུས་པ། སློབ་ཚན་དང་སློབ་ཕྱིའི་དཔེ་དེབ་ཀྱི་ནང་དོན་གོ་བ། རྩོམ་རྩལ་དང་བལྟ་རྒྱ་ཐོས་རྒྱ་སོགས་ལ་དོ་སྣང་དང་མཐོང་ཆེན་བྱ་དགོས་པ། 

བཞི་བ། མཇུག་བསྡུའི་གཏམ། 

གོང་དུ་གླེང་བ་ནང་བཞིན་སློབ་ཆུང་སློབ་མའམ་བྱིས་པ་ཚོ་ནི་ང་ཚོའི་མེས་རྒྱལ་ལམ་མི་རིགས་འདིའི་རེ་བ་བཅོལ་ས་ཡིན་ལ་ང་ཚོའི་ཡོད་ཚད་ཀྱི་ཡོད་ཚད་དུ་བརྩི་རུང་བས། དེས་ན་ན་ཆུང་བྱིས་པ་ཚོར་སློབ་གྲྭའི་སློབ་གསོ། ཁྱིམ་ཚང་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་ཀྱི་གཞོགས་འདེགས་འོག་དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོའི་ལྷན་སྐྱེས་ཀྱི་སྐྱེ་སྟོབས་ལ་དོ་སྣང་དང་བརྩི་འཇོག་བྱ་དགོས་ལ་ཁོ་ཚོའི་དམིགས་བསལ་གྱི་དགའ་ཕྱོགས་ལ་མཐོང་ཆེན་དང་བརྒྱུད་སྤེལ་བྱེད་པར་སྐུལ་མ་ངེས་ཅན་ཞིག་གཏོང་དགོས། དེ་བས་སློབ་ཆུང་སློབ་མར་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་ནས་འགོ་བརྩམས་ཏེ་དགེ་རྒན་ནས་ལེགས་པར་སློབ་རྒྱུ་དང་སློབ་མས་ཉམས་ལེན་དོན་ལ་འཁྱོལ་བ་བྱས་ཐོག་སློབ་མས་རྟག་ཏུ་རང་འགུལ་ངང་དགོས་ངེས་ཀྱི་ཤེས་བྱ་སྦྱོང་བའི་ནུས་པ་སྐྱེད་སྲིང་ཡོང་བར་དགེ་རྒན་ནས་སྒྲིག་འཛུགས་དང་མཛུབ་སྟོན་བྱ་དགོས། སློབ་ཆུང་སློབ་མའི་དཔེ་ཀློག་དང་རྩོམ་ཡིག་འབྲི་བའི་ཐད་ལ་དེ་བས་དོ་སྣང་ཆེར་བསྐྱེད་བྱ་དགོས་པ་ནི་འགོ་ཚུགས་སྟངས་ཡག་པོ་ཞིག་བྱ་བ་དེ་ལེགས་འགྲུབ་ཡོང་བའི་ཕྱེད་ཀ་ཞེས་བརྗོད་ཀྱི་ཡོད་པ་བཞིན་སློབ་མས་རང་རྐྱ་ཐུབ་པའི་སྒོ་ནས་སོ་སོས་ལག་པ་འགུལ་ཏེ་དཔེ་ཀློག་མྱོང་བ་དང་རྩོམ་ཡིག་བྲིས་ཚར་རྗེས་ཀྱི་གྲུབ་འབྲས་དག་ལ་དགེ་རྒན་ནས་བསྔགས་བརྗོད་དང་སློབ་མ་སོ་སོའི་གཟེངས་སུ་ཐོན་པའི་གྲུབ་འབྲས་རླབས་ཆེན་དག་སློབ་མ་སོ་སོ་ནས་དེའི་སྤྲོ་སྣང་ལོངས་སུ་སྤྱོད་པ། སོ་སོའི་ལེགས་འབྲས་ལས་ཕྱི་འབྱུང་གི་བྱ་བ་དག་ལ་ཡིད་ཆེས་དང་དགའ་སྤྲོས་འཇུག་པར་སྔོན་འགྲོའི་ཆ་རྐྱེན་བཟང་བོ་བསྐྲུན་ཐུབ་པར་འབད་དགོས་སོ། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།