ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཁྲོད་ཀྱི་གནད་དོན་འགའ་རགས་ཙམ་གླེང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀླུ་བྱམས་རྒྱལ།   སྤེལ་དུས། : 2017-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་མ་ནི་མ་འོངས་པའི་བདག་པོ་དང་རེ་བ་ཡིན་ལ། སློབ་གསོའི་དམིགས་འབེན་གཙོ་བོ་ཡང་སློབ་མ་ཡག་པོ་ཞིག་སྐྱེད་སྲིང་བྱེད་དགོས་པ་དེ་ཡིན་ཏེ། སློབ་སྒྲུབ་བྱ་བའི་གནད་ཚིག་ཏུའང“ཡོད་ཚད་སློབ་མའི་ཆེད་དུ། སློབ་མའི་ཡོད་ཚད་ཀྱི་ཆེད་དུ། སློབ་མ་ཡོད་ཚད་ཀྱི་ཆེད་དུ”ཞེས་བརྗོད་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད། ཡིན་ནའང་། བོད་ཁུལ་དང་ལྷག་པར་གཞི་རིམ་ས་ཁུལ་གྱི་སློབ་གསོའི་ཁྲོད་དུ་གནད་དོན་འགའ་གནས་ཤིང་། དེ་དག་གིས་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡག་པོ་ཞིག་སྐྱེད་སྲིང་བྱེད་པར་གོལ་ནོར་བཟོས་ཡོད་པས། འདིར་གནད་དོན་དེའི་སྐོར་གླེང་བར་བྱ་བ་ལ།

གཅིག མི་སྐྱོང་བྱ་བ་སྣང་མེད་དུ་བཞག་པའི་གནད་དོན།

ད་ལྟའི་སྤྱི་ཚོགས་སུ་མི་ཞིག་ལ་མི་གཤིས་བཟང་པོ་ཞིག་ཡོད་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། འཛམ་གླིང་སྤྱི་དང་སྒོས་སུ་རང་རྒྱལ་ལ་མཚོན་ནའང་། ཁྲིམས་ཁོ་ན་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ནི་ནོར་འཁྲུལ་ཞིག་ཏུ་བརྩིས་ཏེ་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་དགོས་པའི་ཕྱོགས་སུ་བསྐྱོད་ཅིང་སྙེག་ལ། མི་སུ་དང་སུ་ཞིག་ཡིན་ཡང་མི་གཤིས་བཟང་པོ་ཞིག་མེད་ན་སྤྱི་ཚོགས་ལ་ཕན་མི་ཐོགས་པ་དང་། མིའི་རིན་ཐང་ནི་མ་གཞི་ནས་མིའི་རང་གཤིས་ཀྱི་སྟེང་ནས་མགོ་བརྩམས་ཏེ་མངོན་འགྱུར་བྱེད་དགོས་པ་ཡིན། དེ་བས། ཀུན་སྤྱོད་བཟང་བོ་སྟེ་མི་གཤིས་ལེགས་སྒྱུར་ནི་ལོ་རྒྱུས་ཀྱི་བསླབ་བྱ་དང་དུས་རབས་ཀྱི་རེ་བ་ཡིན། ཡིན་ནའང་། བོད་ཁུལ་གྱི་ས་ཆ་མང་ཤོས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་གནས་བབ་ལ་གཞིགས་ན། སྤྱོད་ཡོན་གཉིས་ལྡན་ཞེས་པའི་སྤྱོད་པ་དང་དཔེ་ཁྲིད་མི་སྐྱོང་གི་མི་སྐྱོང་བྱ་བ་སྣང་མེད་དུ་བཞག་ཡོད་དེ། སློབ་མ་བཟང་པོ་ཞིག་འཁྱོངས་མིན་ནི་མི་གཤིས་ལ་འབྲེལ་བ་ཅི་ཡང་མེད་པ་ལྟ་བུ་ཞིག་ཏུ་ཆགས་འདུག གནད་དོན་འདི་ནི་མིག་སྔར་ཐག་གཅོད་དང་བཅོས་བསྒྱུར་བྱེད་དགོས་པའི་སློབ་གསོའི་འགག་རྩ་ཞིག་ཡིན་པར་མ་ཟད། ཆོས་དང་འཇིག་རྟེན་གང་ནས་བལྟས་ཀྱང་མི་གཤིས་བཟང་པོ་བསྐྲུན་རྒྱུ་ནི་དགེ་བའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བར་གྱུར་ཡོད་པས། ང་ཚོས་སློབ་མའི་མི་གཤིས་ལེགས་སྒྱུར་བྱེད་པ་གཞི་རྩར་བཟུང་སྟེ་དེ་ལ་ཤུགས་སྣོན་བྱེད་དགོས་ཤིང་། མི་གཤིས་བཟང་བའི་ཁར་ཡོན་ཏན་ལྡན་པ་སྟེ་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་སྐྱེད་སྲིང་བྱས་ན་མ་འོངས་པར་རྒྱལ་ཁབ་དང་མི་དམངས། མི་རིགས་བཅས་ལ་ཕན་པ་ཆེན་པོ་ཐོགས་པ་ནི་གདོན་མི་ཟའོ། །

གཉིས། སྐར་འབྲས་གཙོར་འཛིན་པ་ཐལ་དྲགས་པའི་གནད་དོན།

བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གང་ལ་མཚོན་ནའང་། དགེ་རྒན་དང་སློབ་མའི་འཇོན་ཐང་གི་ཚད་ནི་སྐར་མས་འཇལ་གྱིན་ཡོད་ལ། ཁྱིམ་བདག་གི་རེ་བ་ཡང་སྐར་མ་ཁོ་ན་ལ་བཅངས་ཡོད། འདི་ནི་སློབ་གསོའི་ཐད་ཀྱི་གོལ་ནོར་གྱི་གནད་དོན་ཆེ་ཤོས་ཤིག་སྟེ། སྤྱིར་སློབ་མའི་བཟང་ངན་དང་འཇོན་ཐང་གི་ཚད་ནི་སྤྱི་ནས་ཀུན་སྤྱོད་དང་སློབ་སྦྱོང་། སྒྲིག་ལམ། གཙང་སྦྲ་སོགས་ལ་བལྟ་དགོས་ཤིང་། བྱེ་བྲག་ཏུ་སློབ་སྦྱོང་ལ་མཚོན་ནའང་། སློབ་སྦྱོང་གི་འབྲས་བུ་ནི་སྐར་འབྲས་ཁོ་ནར་བལྟ་མི་རུང་བར་སློབ་ཁྲིད་ལ་གཟབ་ནན་གྱིས་ཉན་མིན་དང་། དྲི་བ་དང་དོགས་སློང་བྱེད་ཕོད་མིན། ལས་བྱ་ཞིབ་ཚགས་ཡིན་མིན་དང་ཡིག་གཟུགས་གྲ་དག་མིན། བསམ་གཞིག་དང་དབྱེ་ཞིབ་ཀྱི་ནུས་པ་ཡོད་མེད་སོགས་ལ་བལྟ་དགོས་ཤིང་། གཞན་ཡང་གླུ་དབྱངས་དང་ཞབས་བྲོ། རྩལ་སྦྱང་སོགས་རིག་རྩལ་ལ་དགའ་མོས་ཡོད་པའམ་དེ་དག་གི་འབྲས་བུའི་ཕྱོགས་ལའང་བལྟ་རུང་བ་ཡིན། དེ་བས། ང་ཚོས་སློབ་མའི་བཟང་ངན་དང་འཇོན་ཐང་གི་ཚད་ནི་སྐར་མ་ཁོ་ནས་མཚོན་མི་རུང་བ་ཤེས་དགོས་པར་མ་ཟད། སློབ་མ་ཡོངས་ལ་གནས་ཚུལ་དེ་གསལ་པོར་རྟོགས་སུ་འཇུག་དགོས། སློབ་མའི་བཟང་ངན་དང་འཇོན་ཐང་གི་ཚད་སྐར་འབྲས་ཁོ་ནས་ཚད་འཇལ་ན། དགེ་རྒན་གྱིས་སློབ་མའི་རྨང་གཞི་སྲ་བརྟན་དུ་གཏོང་བ་ཕར་ཞོག སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་སྔོག་འདོན་དང་འཕེལ་རྒྱས་སུ་གཏོང་བ་ལའང་འདང་ཅི་ཡང་མི་རྒྱག་པར་སྐར་འབྲས་ཁོ་ན་ལེན་ཐབས་ལ་འབད་པ་དང་། སློབ་མས་ཀྱང་རྒྱུགས་འབྲས་ཁོ་ནར་འབད་པ་བྱེད་པས། དེ་ནི་ངེས་པར་བསྒྱུར་བཅོས་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཞིག་གོ ། །

གསུམ། རང་རྟོགས་རང་འགུལ་གྱི་གོམས་གཤིས་མེད་པའི་གནད་དོན།

སྔོན་ཐོན་གྱི་ས་ཆའི་སློབ་གྲྭ་དག་ལ་མཚོན་ན། སློབ་མའི་རྒྱུད་ལ་རང་རྟོཊ་རང་འགུལ་གྱི་གོམས་གཤིས་ཤིག་གཞི་ནས་ཆགས་ཡོད་པ་རེད། དེ་ནི་དགེ་རྒན་དང་ཕ་མ་སོགས་འཚོ་བའི་ཁོར་ཡུག་གི་མི་ལ་འབྲེལ་ནས་བྱུང་བ་ཞིག་རེད། ཡིན་ནའང་། ང་ཚོའི་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དག་ལ་མཚོན་ན། རང་རྟོགས་རང་འགུལ་གྱི་གོམས་གཤིས་ཆགས་ཡོད་མཁན་ཧ་ཅང་ཉུང་ལ། དགེ་རྒན་དང་ཕ་མ་རྣམས་ཀྱིས་ཀྱང་སློབ་མར་རང་རྟོགས་རང་འགུལ་གྱི་གོམས་གཤིས་ཤིག་ཆགས་པར་འབད་པ་མི་བྱེད་པར་ལྡོག་ཕྱོགས་ཀྱི་ནུས་པ་འདོན་སྤྲོད་བྱེད་ཀྱིན་ཡོད་དེ། སློབ་མ་དག་གིས་དགེ་རྒན་དང་ཕ་མ་རྣམས་ཀྱིས་ལྟ་རྟོག་དང་སྐུལ་མ་བྱས་ན་ད་གཟོད་སྦྱང་བ་བྱེད་པ་དང་། དེ་ལས་ལྡོག་སྟེ་ལྟ་རྟོག་དང་སྐུལ་མ་མ་བྱས་ཚེ་རང་དགར་དུས་བདའ་བཞིན་ཡོད་པ་དང་སློབ་མས་སློབ་སྦྱོང་བྱེད་པ་ནི་དགེ་རྒན་དང་ཕ་མའི་ཆེད་དུ་ཡིན་པ་ལྟ་བུ་ཞིག་ཆགས་འདུག འདི་ནི་དགེ་རྒན་དང་ཕ་མ་རྣམས་ཀྱིས་སློབ་མ་དག་ལ་རང་རྟོགས་རང་འགུལ་གྱི་འདུ་ཤེས་དང་ཁོར་ཡུག་སྔར་ནས་རྒྱུན་གོམས་སུ་འགྱུར་བར་འབད་པ་མ་བྱས་པས་ལན་པ་ཡིན། གཞན་ཡང་གཞི་རིམ་གྱི་ས་ཆ་ཁ་ཤས་ཤིག་ན་སློབ་ཆུང་གི་སློབ་མ་ཞིག་ལའང་རྒྱུགས་ལེན་དུས་མནོལ་བསང་གདུག་པ་དང་། རི་བསང་གཏོང་བ། བཅའ་བ་རིམ་གྲོ་བསྒྲུབ་པ་སོགས་ཀྱང་བྱེད་བཞིན་ཡོད། དེ་ལ་དགོས་པ་མེད་ཅེས་སྨྲ་ཁེགས་ནའང་། སློབ་མའི་རྒྱུད་ལ་ཆུང་ངུའི་དུས་ནས་གཞན་བརྟེན་གྱི་འདུ་ཤེས་ཤིག་ཆགས་སུ་བཅུག་ན་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པས། ང་ཚོས་བོད་ཁུལ་དང་ལྷག་པར་གཞི་རིམ་གྱི་སློབ་མ་དག་ལ་རང་རྟོགས་རང་འགུལ་གྱི་གོམས་གཤིས་ཤིག་ཆགས་པར་འབད་པ་བྱེད་དགོས་པ་དང་། བྱ་བ་ཅི་དང་ཅི་བསྒྲུབ་ཀྱང་གཙོ་བོ་རང་ལ་རག་ལས་པའི་ངེས་ཤེས་བརྟན་པོ་ཞིག་འདྲོང་བར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེའོ། །

བཞི། སློབ་སྦྱོང་བྱེད་ཤེས་མཁན་ཉུང་དྲགས་པའི་གནད་དོན།

སློབ་མ་ཞིག་ཡིན་ཕྱིན་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེ་ཞིང་སློབ་སྦྱོང་བྱེད་ཤེས་རྒྱུ་དེ་ལས་ཀྱང་གལ་ཆེ་བ་ཞིག་རེད། ང་ཚོའི་བོད་ཁུལ་དང་ལྷག་པར་གཞི་རིམ་གྱི་སློབ་མ་དག་ལ་མཚོན་ན། སློབ་སྦྱོང་བྱེད་མཁན་མང་ནའང་སློབ་སྦྱོང་བྱེད་ཤེས་མཁན་མང་པོ་མི་འདུག་སྟེ། སློབ་མ་མང་པོ་ཞིག་གིས་སློབ་སྦྱོང་ལ་སྡུག་རུས་མང་བོ་ཞིག་སྤྱོད་ཀྱིན་ཡོད་ནའང་དེ་བཞིན་དུ་འབྲས་བུ་མང་པོ་ཞིག་ལེན་ཐུབ་མེད། དེ་ནི་མདོར་དེད་ན་སློབ་སྦྱོང་བྱེད་ཐབས་མ་འགྲིག་པས་རེད། དཔེར་ན། འདྲི་གཞི་ཞིག་ལ་མཚོན་ནས་བཤད་ན། དེ་དྲི་བ་དྲིས་ལན་གྱི་ཚུལ་གྱིས་བློར་འཛིན་རྒྱུ་ནི་གཙོ་བོ་མ་ཡིན་ཏེ། གཙོ་བོ་ནི་དྲི་བ་དྲིས་ལན་དེ་ལ་བསམ་གཞིག་དང་དབྱེ་ཞིབ་བྱས་པ་བརྒྱུད་ཤེས་བྱ་དེ་དྲི་བ་དྲིས་ལན་གྱི་རྣམ་པ་ཕུད་གཞན་བརྡར་གཅོད་ཀྱི་ཚུལ་དང་། འདེམ་སྐོང་གི་ཚུལ། ཁ་སྐོང་གི་ཚུལ་སོགས་ཡར་དཀྱོགས་མར་དཀྱོགས་ཇི་ལྟར་བྱས་ཀྱང་གསལ་པོར་ཤེས་ཐུབ་པའི་ནུས་པ་ཞིག་ཡོད་དགོས་པ་ཡིན། ལྷག་པར་ད་ལྟའི་དུས་སུ་དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་མཇུག་རྒྱུགས་སོགས་ཀྱི་བརྒྱ་ཆའི་མང་ཤོས་ནི་བསམ་གཞིག་དང་དབྱེ་ཞིབ་ཀྱི་ནུས་པའི་ཚད་འཇལ་རྒྱུགས་གཞི་ཞིག་ཡིན་པས། ང་ཚོས་དེ་ལུགས་བཞིན་བསམ་གཞིག་དང་དབྱེ་ཞིབ་ཀྱི་སློབ་སྦྱོང་བྱེད་ཐབས་ལ་ཁ་ཕྱོགས་རྒྱུ་གཙོ་བོར་བཟུང་སྟེ་སློབ་མ་ཚོ་སློབ་སྦྱོང་བྱེད་མཁན་ཞིག་ནས་སློབ་སྦྱོང་བྱེད་ཤེས་མཁན་ཞིག་ཏུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེ་ཞིང་། ཕྱི་ཚུལ་གྱི་རྣམ་པ་ཙམ་དང་ནེ་ཙོའི་འདོན་པ་ལྟ་བུའི་སློབ་སྦྱོང་བྱེད་སྟངས་ཀྱིས་ཅི་ཡང་མི་འོང་བ་ཤེས་དགོས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།