བོད་གནའ་རབས་ཀྱི་སློབ་གསོ་རིག་པའི་བྱུང་རིམ་ལ་ཅུང་ཟད་དཔྱད་པ།

5556663.jpg

བོད་གནའ་རབས་ཀྱི་སློབ་གསོ་རིག་པའི་བྱུང་རིམ་ལ་ཅུང་ཟད་དཔྱད་པ།

ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།(1922—2013)

དང་པོ།

བོད་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ལ་མི་ལོ་སྟོང་ཕྲག་མང་པོའི་རྗེས་ཤུལ་ཡོད་མོད།  འོན་ཀྱང་བོད་རིགས་ཀྱི་སློབ་གསོ་རིག་པའི་སྐོར་ལ་སྔོན་ཆད་ཞིབ་འཇུག་གནང་མཁན་རིགས་བྱུང་ཡོད་པ་མ་ཐོས་ཤིང་།  ཉེ་བའི་ལོ་ཤས་གོང་བོད་ཀྱི་མཁས་དབང་རེ་ཟུང་གིས་དེའི་ཐད་ལ་དཔྱད་རྩོམ་གནང་བ་ལྟར་ན།  བོད་དུ་སློབ་གསོ་རིག་པའི་ཐོག་མ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དཀྱིལ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་དགོན་པ་བཞེངས་རྗེས།  སྒྲ་སྒྱུར་རྒྱ་གར་གླིང་དུ་ཡིག་བསྒྱུར་ཁང་ཚུགས་པ་ཡིན་པའི་བཞེད་ཚུལ་ཞིག་མཆིས་ཀྱང་།  ཁོ་བོའི་རྨོངས་བསམ་ལྟར་ན་དེ་ནི་སངས་རྒྱས་ཆོས་ལུགས་བོད་དུ་དར་བའི་སློབ་གསོ་རིག་པའི་འགོ་ཚུགས་ས་ཞིག་ཡིན་སྲིད་པ་ལས།བོད་མི་རིགས་རང་ཉིད་ཀྱི་སློབ་གསོ་རིག་པ་ནི་དེ་བས་ཆེས་སྔ་བའི་དུས་ནས་མེད་པ་ག་ལ་སྲིད་སྙམ།  གལ་ཏེ་གོང་ལྟར་རྩིས་ན་བོད་ཀྱི་སློབ་གསོ་རིག་པའི་འབྱུང་ཁུངས་དེ་རྒྱ་གར་ལ་གཏུགས་དགོས་པ་དང་།  བོད་རྒྱུད་ནང་བསྟན་ཆོས་ལུགས་ལས་མཆེད་པར་ཁས་མི་ལེན་ཀ་མེད་དུ་མི་འགྱུར་རམ།དེ་འདྲ་བྱས་ཚེ་མཐར་ཐུག་བོད་རིགས་རང་ཉིད་ལ་སློབ་གསོ་རིག་པའི་ཁུངས་གཏུགས་ས་ཅི་ཡང་མེད་པ་ལྟ་བུར་འགྱུར་བ་ལས་མ་འདས།  གདོད་མའི་དུས་ནས་བོད་ཀྱི་གནའ་མི་ཚོའི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་འགྲོ་བ་དང་བསྟུན་ནས་རིམ་བཞིན་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་དར་བའི་ནང་སྐྱེ་ཞིང་འཕེལ་བའི་སློབ་གསོ་རིག་པའི་བསམ་བློ་ཐོག་མ་དེ་དུས་ནམ་ཞིག་དང་།  ཚུལ་ཇི་ལྟ་བུ་བྱུང་བ་ངེས་རྙེད་ཅིག་ད་ལྟ་སུས་ཀྱང་བརྗོད་མི་ཐུབ་ན།  རྨོངས་རྒན་བདག་ལྟ་བུས་བརྗོད་བྱའི་ཡུལ་ལས་ཡོངས་སུ་འདས་པ་ནི་སྨོས་ཅི་དགོས།  འོན་ཀྱང་བོད་ཀྱི་ལོ་རྒྱུས་ཡིག་ཐོག་འཁོད་པ་ད་ཕན་རང་ཉིད་ཀྱིས་མཐོང་ཐོས་བྱུང་བའི་ཁྲོད།  ཏུན་ཧོང་ས་ཕུག་ནས་ཐོན་པའི་བོད་ཀྱི་གནའ་ཡིགP.T.1283པ་ཕུ་བོས་ནུ་བོར་《བཏམས་ཤིང་བསྟན་པའི་མདོ》ཞེས་བྱ་བའི་གནའ་བོའི་འཇིག་རྟེན་ལུགས་ཀྱི་བསླབ་བྱ་དྲི་བ་དྲིས་ལན་གྱི་ཚུལ་དུ་བརྩམས་པའི་སློབ་ཚན་བདུན་ཅུ་རྩ་དགུ་ཡོད་པ་ཞིག་མཆིས་པ་དེའི་ནང་གསེས་སློབ་ཚན་ལྔ་བཅུ་རྩ་གསུམ་པ་དང་།  ལྔ་བཅུ་རྩ་བཞི་པ་དེ་གཉིས་ཀྱི་ནང་སྐབས་དེའི་སློབ་གསོ་རིག་པའི་ནང་དོན་མཚོན་པ་ལྟ་བུ་དེའི་ཐོག་ནས་རང་གི་ལྟ་ཚུལ་གླེང་བར་འདོད་པ་ལགས་སོ།། 

གཉིས་པ། 

ཐོག་མར་གནའ་ཡིག་སློབ་ཚན་དེ་གཉིས་ཆ་ཚང་ཇི་མ་ཇི་བཞིན་དྲངས་ཐོག དེའི་གཤམ་ཅུང་གོ་བདེ་བའི་འབྲུ་འགྲེལ་རེ་འགོད་རྒྱུ་དང་།  དེ་ཡང་གཟིགས་སླ་བའི་ཕྱིར་སློབ་ཚན་སྔ་མ་དེ་དུམ་མཚམས་ལྔ་དང་ཕྱི་མ་དེ་དུམ་མཚམས་གཉིས་ལ་ཕྱེ་ནས་འབྲུ་འགྲེལ་ཞུ་རྒྱུ་ཡིན། སློབ་ཚན་ལྔ་བཅུ་རྩ་གསུམ་པ། 1.ནུ་ན་རེ།ཤེས་པ་ཆི་ལྟར་བྱ། ཕུ་ན་རེ། ཡོངས་ནི། མ་བསྟན་པར་ཤེས་པ་དང་། མ་བསླབས་པར་ལོབས་པ་མྱེདེ། འཛངས་པ་ཆི་ཡང་ཤེས་པ་ཡང་། བསླབ་པ་ལ་ནི་འགྲུས། བསྟན་པ་ལ་ནི་ཉན། ལེགས་པ་ལ་ནི། དགྲ་ལ་ཡོད་ཀྱང་ལེན། ཉེས་པ་ལ་ནི། བདག་ལ་ཡོད་གྱང་འདོར། དྲང་པོར་སྟོན་པ་ནི་གཤེ་ཡང་དགའོ། ལོག་པར་སྟོན་པ་ནི། བྱམས་གྱང་སྤང་ངོ་། ཞེས་པ་སྟེ། གཅུང་པོས།ཡོན་ཏན་ཤེས་པར་ཇི་ལྟར་བྱ་དགོས་ཟེར་དྲིས་པར།གཅེན་པོས་ལེན་དུ།སྤྱིར་ན་མ་བསླབ་པ་ལ་ཤེས་པ་དང་།མ་སྦྱངས་པ་ལ་མཁས་པར་གྱུར་པ་ནི་མེད་དོ་ཞེས་སྔོན་སྦྱངས་ཀྱི་མཐུ་ཟེར་བ་སོགས་ཁས་མ་བླངས་པར་ཤེས་ཡོན་དང་ལྡན་པ་ཞིག་ཡིན་ཕྱིན་གང་ཞིག་དོན་དུ་གཉེར་བྱའི་བསླབ་པ་ལ་བརྩོན་འགྲུས་དང་།སློབ་དཔོན་གྱིས་ཇི་ལྟར་བསྟན་པ་རྣམས་མཉན་ཅིང་ཡིད་ལ་བཟུང་བ།རང་ཉིད་འདོད་མི་འདོད་ཀྱི་དབང་དུ་མ་བཏང་བར་བཟང་ངན་ཕྱེ་སྟེ།ལེགས་པ་ནི་དགྲ་ལ་ཡོད་ཀྱང་འབད་པས་དང་དུ་ལེན་པ་དང་།ཉེས་པ་ནི་རང་ལ་ཡོད་ཀྱང་འབད་པས་སྤོང་བར་བྱ་ལ།དྲང་ཕྱོགས་ལེགས་པར་སྟོན་པ་ཚིག་རྩུབ་མོས་བསྡིགས་ཀྱང་དགའ་བར་བྱེད་ཅིང་།དྲང་བར་བྱས་པ་བཅས་ལ་བརྟེན་ན་ཚིག་རྩུབ་མོས་བསྡིགས་ཀྱང་དགའ་བར་བྱེད་ཅིང་།ལྡོག་ཕྱོགས་ཀྱི་ལམ་སྟོན་མཁན་ནི་ཇི་ལྟར་མཛའ་ཞིང་ཉེ་ན་ཡང་རིང་དུ་སྤོང་བར་བྱས་པ་བཅས་ལ་བརྟེན་ནས་བྱུང་བར་བསྟན་ཏེ་རང་གིས་ཀྱང་དེ་བཞིན་དུ་བགྱིས་ན་ནམ་ཞིག་མཁས་པར་འགྱུར་བར་བསྐུལ་བའོ།། 2.མུ་མཐུད་ནས་བསྟན་པར། དེ་ལྟ་བས་ན། ཕ་མ་དང་། ཕུ་ནུ་རྒན་རབས་གྱིས་གྱང་། བུ་ཙ་གཞོ་ནུ་ནི། ཤེས་པའི་ཞོ་ཤ་ཁོང་ན་མ་ལུས། བསླབ་ཆིང་སྦྱང་བ་ལ། ཆེད་ཆེ་བ་མྱེད་དོ།།ཞེས་སློབ་གསོ་ནི་དེ་ལྟ་བུའི་འགངས་ཆེ་བས་ན།ཕ་མ་དང་སྤུན་མཆེད་རྒན་རབས་རྣམས་ཀྱིས་ཀྱང་།བུ་དང་ཚ་མོ་སོགས་མི་རབས་རྗེས་མ་དག་ལ།རང་རང་གིས་གང་ཤེས་པའི་ཡོན་ཏན་ཅི་ཡོད་པ་རྣམས་ཁོག་པར་མ་ལུས་པ་བུམ་པ་གང་འཇོའི་ཚུལ་དུ་སློབ་པ་དེ་བས་གལ་ཆེ་བ་མེད་དོ་ཞེས་བྱིས་པ་ཚོ་ལ་ཐོག་མར་ཁྱིམ་ཚང་གི་སློབ་གསོ་ལེགས་པར་བྱ་བ་ནས་འགོ་འཛུགས་དགོས་པར་བསྟན་ནོ།། 3.དེ་ལྟ་བས་ན། ངན་ཡང་འབྲིང་པོར་འོང་ན། འཛངས་པ་ལྟ་སྨོས་གྱང་ཆི་དགོས། སྙིང་རྒྱུ་ཁོང་ན་ཡོད་གྱང་། མ་བསྟན་མ་བསླབ་ཆིང་། མ་སྦྱངས་ན། འཛངས་པ་ལྟ་འབྲིང་པོར་འོང་ན། ངན་པ་ལྟ་སྨོས་གྱང་ཆི་དགོས།དེ་ལྟ་བས་ན། སླབ་པ་ཆེད་ཆེ་བར་མངོན་ནོ། ཞེས་དེ་ལྟར་བྱས་བ་བྱིས་པ་ཤེས་རིག་རྟུལ་པོ་ཡང་འབྲིང་ཙམ་དུ་འགྱུར་འོང་བས་ན།བློ་རིག་བཀྲ་བ་རྣམས་དེ་མས་མཆོག་ཁུ་འགྱུར་ཐུབ་པ་ནི་སྨོས་ཅི་དགོས།གློ་སྙིང་ཁོག་པར་ཡདོ་ནའང་།མ་བསླབ་མ་བསྐུལ་ཞིང་།སྦྱོང་དུ་མ་བཅུག་ན།རིག་པ་རྣོ་བ་དག་ཀྱང་འབྲིང་མ་ལས་མི་འོང་བས་ན།ཤེས་རིག་རྟུལ་པོ་ཡང་འབྲིང་ཙམ་དུ་འགྱུར་བ་འོང་བས་ན།བློ་རིག་བཀྲ་བ་རྣམས་དེ་བས་མཆོག་ཏུ་འགྱུར་ཐུབ་པ་ནི་སྨོས་ཅི་དགོས།གློ་སྙིང་ཁོག་པར་ཡོད་ནའང་།མ་བསླབ་མ་བསྐུལ་ཞིང་།སྦྱོང་དུ་མ་བཅུག་ན།རིག་པ་རྣོ་བ་དག་ཀྱང་འབྲིང་ཙམ་ལས་མི་འོང་བས་ན།ཤེས་རིག་རྟུལ་བ་རྣམས་བླུན་རྨོངས་སུ་འགྱུར་བ་ནི་བཤད་ག་ལ་དགོས་ཞེས་ཆུང་དུས་ནས་སློབ་གསོ་བྱས་པའི་ཕན་ཡོན་དང་།མ་བྱས་པའི་ཉེས་དམིགས་ནན་གྱིས་བསྟན་ཏེ་དེ་བས་བྱིས་པར་སློབ་གསོ་བྱ་རྒྱུ་ནི་གལ་ཤིན་ཏུ་ཆེ་བར་བསྐྱར་ལྡབ་ཀྱིས་ནན་དུ་བཤད་པའོ།། 4.བུས་པ་གཞོ་ནུ། རྩེ་བའི་གོར། ཡིག་རྩིས་ལ་རྩོགས་པ། འཛངས་གྱི་སྣོན་དུ་འགྲོ་བ་དང་། ཕོང་རྩལ་ལ་རྩོགས་པ།དཔའ་བའྀ་སྣོན་དུ་འགྲོ་བ།ལོབ་པར་བསླབ་པའི་རིགསོ། ཡུན་དུ་ཕན་པ་ནི། དཀའ་ཡང་བསླབ།ཡུན་དུ་གནོད་པ་ནི། དད་གྱང་གཏང་ན། ཕྲལ་གྱི་ལྟ་ཅི་སྨོས། ཞེས་དེ་ཡང་བྱིས་པ་ཆུང་ངུ་རྩེད་མོ་རྩེ་བའི་གོ་སྐབས་སུ་ཡང་། ཡི་གེ་དང་གྲངས་རྩིས་ལ་སོགས་པ་སློབ་པ་ནི་ཤེས་རིག་གི་སྣོན་མར་འགྲོ་བ་དང་། ཕོང་རྐྱེན་ལ་སོགས་པ་ལུས་ཀྱི་སྒྱུ་རྩལ་སློབ་པ་ནི་དཔའ་རྩལ་གྱི་སྣོན་མར་འགྱུར་བ་ཡིན་པས་བྱང་ཆུབ་པར་སློབ་པ་རིགས་སོ།།ཕུགས་སུ་ཕན་པ་དག་ནི་དཀའ་ཚེགས་ཆེ་ཡང་འབད་པས་སློབ་དགོས་ལ།ཕུགས་སུ་གནོད་པའི་རིགས་ནི་འཕྲལ་དགའ་ཞིང་དད་ནའང་སྤོང་དགོས་ན།འཕྲལ་དུ་མངོན་པའི་ཕན་གནོད་བླང་འདོར་དགོས་པ་ནི་ལྟ་ཅི་སྨོས་ཞེས་ཞི་དྲག་ལ་མཁོ་བའི་ཤེས་བྱ་རྣམས་ཆུང་དུས་ནས་དཀའ་ངལ་ལ་མ་བལྟོས་པར་སློབ་སྦྱོང་བྱ་དགོས་པ་དང་།ཀུན་སྤྱོད་ངན་པའི་རིགས་ལང་ཤོར་དུ་གཏོང་མི་རུང་བ་སོགས་བྱིས་པ་ཆུང་ངུའི་དུས་ནས་སློབ་གསོ་བྱེད་ཕྱོགས་རྣམས་ཞིབ་ཚགས་ནན་ཏན་གྱི་སྒོ་ནས་བསྟན་ཡོད། 5.བསླབ་པ་ལ་དངོས་སུ་ཇི་ལྟར་འཇུག་དགོས་པའི་གོ་རིམ་སྐོར་ལ་ཡང་མུ་མཐུད་ནས། བདག་གི་བུ་ཚ་བསླབ་པ་ཡང་། དང་པོ་ནི། སུ་བདག་ལ་བྱམས་ཤིང་འཛངས་པའི་གན་དུ་གཞག་སྟེ་བསླབ་ཆིང་དབྱང་ངོ་།དེ་ནས་བློན་པོ་ཆེ་ཞིང་དབུལ་བའི་གན་དུ་གཞག་ཆིང་བསླབ་སྟེ་དབྱངོ་།དེ་ནས་རུང་ཡང་དག་ན།གྲགས་པའི་ས་གར་ཆེ་བར་གཞགོ །གཞུང་མྱེད་ན།ཆེ་ཞིང་མཐོ་ཡང་།དེའི་གན་དུ་མྱི་གཞགོ།གཞོན་སྐྱེས་བསྟེན་ལས། རྫུ་བ་མང་གིས།མྱི་ལོག་པ་ལ་སྲེད་པ་རྣམས་དང་། བསྟེན་ཆིང་མཛར་མྱི་གཞུགོ །(1)ཞེས་ཁྱིམ་ཚང་གིས་བགྱི་འོས་པའི་སློབ་གསོ་རྣམས་བསྒྲུབས་རྗེས།རང་གི་བུའམ་ཚ་བོ་གང་ཡིན་རུང་སློབ་དཔོན་གཞན་གྱི་སར་སློབ་སྦྱོང་དུ་བསྐྱེལ་བའི་རིམ་པ་ལེགས་པར་བསྟན་ཅིང་།དེ་དག་གི་དགོས་པ་དང་།རྒྱུ་མཚན་སློབ་ཚན་ཕྱི་མའི་དྲིས་ལན་ནང་གསལ་པོར་འཁོད་ཡོད་པས་འདིར་མི་བརྗོད་ལ།གཞན་དུ་ཀུན་སྤྱོད་བཟང་པོ་མི་ལྡན་ན་གྲགས་པ་ཆེ་ཞིང་གོ་གནས་མཐོ་ཡང་སློབ་དཔོན་དེ་ལྟ་བའི་དྲུང་དུ་འཇོག་མི་རུང་བ་དང་།དེ་བཞིན་གཞོན་སྐྱེས་བསྟེན་པ་ལས་རྫུ་བག་ཅན་ཕྲད་པ་མང་བས།མ་རབས་ངན་སྤྱོད་ལ་ཆགས་ཞེན་ཅན་རྣམས་བསྟེན་པ་དང་འགྲོགས་སུ་མི་འཇུག་གོ་ཞེས་གསལ་བ་དེ་དག་ལས།སྐབས་དེ་ཤེད་དུ་ཕྱོགས་གཅིག་ནས་སྤྱི་ཚོགས་ཐོག་གཞུང་གཉེར་སློབ་གྲྭ་ལྟར་བཞགསྒེར་གྱིས་གཉེར་བའི་སློབ་གྲྭའང་ད་དུང་ཐོན་མེད་པ་རྟོགས་ཐུབ་ལ།ཕྱོགས་གཞན་ཞིག་ནས་ཡུལ་གྱི་རྒྱལ་པོའི་བློན་པོ་ཆེན་པོ་དག་གི་སར་གཞན་གྱི་གཞོན་ནུ་སློབ་གཡོག་སྦྲགས་མར་ཉར་སྲོལ་ཡོད་པའང་མཚོན་ཞིང་།དེ་ནས་སྦྱངས་པ་མཐར་སོན་ན་སྐད་གྲགས་ཡོད་པའི་རྒྱུགས་སྤྲོད་པའམ།བྱ་བ་བྱེད་ས་ལྟ་བུའི་འགྲོ་ཁུངས་ཤིག་ཀྱང་ཡོད་པ་ཤུགས་ལས་མཚོན་པ་བཅས་འདི་དག་ལས་རང་རེས་གནའ་རབས་བོད་ཀྱི་སློབ་གསོའི་བསམ་བློ་དང་།ནང་དོན།སློབ་སྦྱོང་བྱ་ཡུལ།བྱེད་སྟངས་ཀྱི་རིམ་པ་ལ་སོགས་རགས་ཙམ་ཞིག་རྟོགས་ཐུབ་བོ། སློབ་ཚན་ལ་བཅུ་རྩ་བཞི་པ། 1. ནུ་ན་རེ། བསླབ་པ་དང་པོ་བྱམས་པའི་གན་དུ་གཞག་པ་དང་། ཕྱིས་བློན་པོ་ཆེ་ཞིང་དབུལ་བའི་གན་དུ་གཞག་པ། ཆེད་ཆི་ལྟར་ཆེ། ཕུ་ན་རེ། བསླབ་པ་དང་པོ་བྱམས་པའི་གན་དུ་གཞག་པ་ནི། བདག་གི་བུ་གཞོན་པས།ལེགས་ཉེས་གཉིས་བྱེ་བྲག་མྱི་ཕྱེད་ལ། བྱ་མྱི་བྱ་དྲོད་མྱི་ཟིན་པས། བདག་ལ་བྱམས་པ་ཉིད་མ་ཡིན་ན་འཁྱམས་ཤིང་ཁྲིན་ལ་ཐོགས་པར་འོང་། གཆིག་ཏུ་ན་གཞོན་ནུར་གྲམ་ན། སྙིང་རྩ་ལ་གནོད་པ་སྐད་གྱང་བྱ། བྱམས་འབའ་ཞིག་གིས་ཀྱང་མྱི་ཆོག་སྟེ། འཛངས་པ་དང་ལོབས་པའི་ས་མ་ཡིན་ན། བསླབ་ཆིང་བསྟན་ཏོ་ཆོག་ཐོག་ཏུ་མྱི་ཕེབས་མྱི་ལོབསོ། འཛངས་པས་ནི། ཇི་བྱས་གྱང་། ཐོག་ཏུ་ཕེབས་ལ། བུ་ཉིད་གྱང་དེའི་ཚུལ་བསླབ་སའི་ཕྱིར་རོ། ཞེས་ཐོག་མར་སློབ་དཔོན་དང་པོ་རང་དང་ཉེ་ཞིང་མཛའ་བའི་དྲུང་དུ་འཇོག་པ་ནི།རང་གི་བུ་ལོ་ན་ཕྲ་བས་ལེགས་ཉེས་གཉིས་དབྱེ་བ་འབྱེད་མི་ཤེས་ལ།གང་ཞིག་བྱ་དང་མི་བྱ་ཚོད་ཀྱང་མི་ཐིང་བས་གལ་ཏེ་རང་ལ་མཛའ་བ་ཞིག་མ་ཡིན་ན།བྱིས་པ་འཁྱམས་ཐིང་ཐ་ན་ཁྲིམས་ལ་ཐུག་པའང་འོང་སྲིད།གཅིག་ནས་གཞོན་ནུར་རེངས་ན་སྙིང་རྩ་ལ་གནོད་པར་ཡང་གྲགས།ཡང་བྱམས་པ་གཅིག་པུས་ཀྱང་མི་འགྲིག་སྟེ།ཐབས་ལ་མཁས་པ་དང་བསླབ་འབྲས་ཐོན་ས་ཞིག་མ་ཡིན་ན།བསླབས་ཤིང་བསྟན་པ་རྣམས་དོན་ཐོག་ཏུ་མི་འཁྱོལ་བས་མི་ཤེས་སོ།།ཐབས་ལ་མཁས་པས་ནི་གང་ཞིག་བྱས་ཀྱང་དེ་དོན་ཐོག་ཏུ་འཁྱོལ་ཐུབ་པས།རང་གི་བུལའང་ཐབས་ཚུལ་བཟང་པོ་དེ་བསླབས་ཤེས་ཐུབ་པའི་ཕྱིར་ཡིན་ཞེས་ནར་མ་སོན་པའི་བྱིས་པ་རྣམས་ལ་སློབ་དཔོན་ཡང་བྱམས་ཤིང་བརྩེ་ལ།ཐབས་མཁས་ཀྱི་ཤེས་ཡོན་སློབ་པའི་འཇོན་ཐང་ལྡན་པ་ཞིག་དགོས་པ་དང་།དེ་ལྟར་མ་བྱུང་ན།རིན་ཐང་བྲལ་བའི་དུས་ཚོད་ཆུད་ཟོས་སུ་འགྱུར་བ་སོགས་ཀྱི་རྒྱུ་མཚན་གསལ་པོར་བསྟན་པ་འདི་དག་ནི་དེང་སྐབས་སློབ་གྲྭ་ཆུང་བའི་སློབ་གསོ་བསྒྱུར་བཅོས་བྱ་རྒྱུར་ཡང་དཔྱད་གཞིའི་དོན་སྙིང་ལྡན་ཡོད་སྙམ། 2. ཐང་། གཞོན་ཞིང་ཤེད་མ་བྱའེ་བའི་ཚེ། དེར་བསླབས་ཏེ་ལོབས་ནས། བློན་པོ་ཆེ་ཞིང་དབུལ་བའྀ་གན་དུ་གཞག་པ་ནི། བློན་པོ་དེ་ཆེ་བས་ལས་ན། མྱི་འཛངས་མྱི་སྲིད། དབུལ་བས་ན། དྲང་དཀན་དང་གཞུང་ཆེ་བ་དང་། འདོད་ཆུང་བ།མ་ཡིན་མྱི་སྲིད་དེ། བདག་གི་བུ་ཡང་དེའི་ལུགས་བསླབ་པའི་ཕྱིར། དེར་གཞག་གོ གཆིག་ཏུ་ན།དབུལ་པའྀ་གཡོག་བྱེད་དང་། ཇི་ལ་ཡང་།གྲོན་ཆུང་ཞིང་། ཉུང་ངུས་ཆོག་པར་ཤེས་བ། བླ་འོག་གཉིས།ཆི་བྱའང་བདེ་བར་འོང་ངོ་། སྙན་ངག་ལ་སྩོགས་པ། ཡི་གེ་བཟང་པོ་འཆང་ཞིང་། གློག་ཏུ་བཆུག་ན། འཛངས་གྱི་སྣོན་དུ་རུངོ་། ཚ་བོ་དང་བུ་བདག་གི་ཕྱི་ན་འདུག་ན། ནམ་ཞིག་མཁོན་མ་ལུས་པར། མཚུངས་པར་བྱ་བའི་རིགསོ།(2)དེ་ཡང་ལོ་ཆུང་ཞིང་མནོ་མ་ཤེས་པའི་ཚེ་གོང་གསལ་དེར་བསླབས་ནས་མཐར་ཕྱིན་པའི་རྗེས་སུ།བློན་པོ་གོ་གནས་མཐོ་ཞིང་འབྱོར་པ་དབུལ་བའི་དྲུང་དུ་འཇོག་པའི་དགོས་པ་ནི།བློན་པོ་དེ་གོ་གནས་མཐོ་བ་དེ་ལས།ཤེས་ཡོན་ཆེན་པོ་དང་མི་ལྡན་པ་མི་སྲིད་ལ།དབུལ་བ་དེ་ལས་ནི་དྲང་བདེན་དང་ལུགས་མཐུན་ལྷག་བསམ་ཆེ་ཞིང་།རང་འདོད་ཆུང་བ་ཞིག་བཅས་མ་ཡིན་པ་མི་སྲིད་པས་ན།རང་གི་བུ་ཡང་དེའི་སྤྱོད་ཚུལ་ལ་སློབ་པའི་ཕྱིར་འཇོག་པ་ཡིན།གཞན་ཡང་དབུལ་པོའི་གཡོག་བྱེད་པ་དེས་གང་ལའང་གྲོན་ཆུང་བསྲི་ཚགས་ཀྱི་གོམས་གཤིས་དང་།འདོད་ཆུང་ཆོག་ཤེས་ཅན་ཞིག་ཆགས་ཐུབ་པས་ན།སླད་ཕྱིན་ཆད་དཔོན་འབངས་གང་ཞིག་བྱ་དགོས་བྱུང་ན་ཡང་བདེ་བླག་ངང་བྱེད་ཐུབ་ཅིང་།དེ་བཞིན་སྙན་ངག་ལ་སོགས་པ་དཔེ་དེབ་བཟང་པོ་བལྟ་ཞིང་ཀློག་ཏུ་བཅུག་ན་ཤེས་ཡོན་ཇེ་ཆེར་འགྱུར་རོ།།ཚ་བོ་དང་བུ་ལ་སོགས་པ་རང་གི་མཇུག་ལ་སྡོད་པ་ཡིན་པས།ཕུགས་སུ་འཁོན་སེམས་མི་སྐྱེ་བའི་དོན་དུ་དབྱེར་མེད་མཉམ་པར་སྐྱོང་བའི་རིགས་སོ་ཞེས་གསལ་བ་ལས།གནའ་དུས་སུའང་ཡོན་ཏན་ཅན་ལ་བློན་པོ་ཆེ་བ་བསྐོ་བ་དང་། བློན་ཆེན་གྱི་གོ་སར་བསྙེགས་ཀྱང་ད་དུང་ནོར་གྱིས་དབུལ་བ་དེ་ལྟ་བུའང་ཡོད་ལ།བློན་པོ་ཆེན་པོས་གཞན་གྱི་བུ་ཚ་སློབ་གཉེར་གྱི་དོན་དུ་ཉར་ཏེ་གཡོག་ཏུ་བཀོལ་བའི་སྲོལ་ལ་སོགས་པ་རང་རེ་རྗེས་རབས་པའི་བློ་ཡུལ་དུ་འཆར་མ་མྱོང་བའི་གནའ་རབས་སློབ་གསོའི་ལོ་རྒྱུས་ངོ་མ་མང་པོ་ཞིག་ལ་ཞིབ་འཇུག་བྱ་རྒྱུ་ཡོད་པ་སྣང་ངོ་།། 

གསུམ་པ།

 གནའ་ཡིག་དེ་ལ་ཐོག་མའི་དཔྱད་པ་རགས་ཙམ་བགྱིས་པའི་མྱོང་ཚོར། གཅིག གནའ་རབས་ཀྱི་བསླབ་བྱ་འདི་དུས་རབས་ངེས་གཏན་གང་ཞིག་ལ་བྱུང་བ་སོགས་ཀྱི་དཔྱད་གཞི་འཚོལ་ཐབས་བྲལ་ཡང་།སློབ་ཚན་བདུན་ཅུ་དོན་དགུ་རེ་རེ་བཞིན་གྱི་ནང་དོན་གང་ལ་དཔྱད་ནའང་།གནའ་ཡིག་འདི་ཉིད་བཙན་པོ་ཁྲི་བཙན་གྱི་སྐུ་དུས་ལས་སྔ་བ་ཞིག་ཡིན་པ་བརྗོད་བྱའི་དོན་དང་།རྗོད་བྱེད་ཡི་གེའི་སྦྱོར་ཚུལ་གང་ཐད་ནས་མཚོན་པར་ཁོ་བོས་ངོས་འཛིན་བྱེད་ཀྱིན་ཡོད། 1.བཙན་པོ་ཁྲི་སྲོང་ལྡེ་བཙན་ཚུན་ཆད་ཀྱི་བསླབ་བྱ་ཞིག་ཡིན་ན།བརྗོད་དོན་ནང་སངས་རྒྱས་ཆོས་ལུགས་ཀྱི་རྩ་བའི་ལྟ་ཚུལ་ཏེ་ཚེ་སྔ་ཕྱི་ཡོད་པར་སྨྲ་བ་གཞིར་བཟུང་ནས་།ཕར་ཕྱིན་དྲུག་སོགས་དགེ་སྡིག་བླང་འདོར་གྱི་རྣམ་བཤད་དང་འབྲེལ་བ་ཞིག་མི་འབྱུང་མི་སྲིད་པ་ནི་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཚང་མས་གསལ་རྟོགས་ཐུབ་པ་ཞིག་ཡིན།འོན་ཀྱང་གནའ་རབས་ཀྱི་བསླབ་བྱ་རིང་པོ་འདིའི་འགོ་ནས་མཇུག་བར་ལ་དམ་པའི་ཆོས་ཀྱི་རྣམ་བཤད་དང་མཐུན་པ་ཞིག་ཆེད་དུ་བཙལ་ན།སློབ་ཚན་དྲུག་པའི་ནང་། .....ཡོངས་ནི། གཞན་ལ་ཕན་ན་ཡུན་དུ་བདག་ལ་ཕན། གཞན་ལ་གནོད་ན། ཡུན་དུ་བདག་ལ་གནོད། ཆེས་བྱའོ། (3)ཞེས་གསལ་བ་འདི་ཆོས་ལུགས་དང་ཉེ་ཤོས་ལྟ་བུ་སྣང་མོད།འོན་ཀྱང་ཡུན་དུ་ཞེས་པ་དེ་ཚད་ཅི་འདྲ་ཞིག་ལ་གོ་ནའང་ཆོག་པ་སྟེ་དཔེར་ན།མི་གཞན་དག་ལ་ཕན་བཏགས་ན་རང་ལ་མི་ཚེ་ཧྲིལ་པོའི་རིང་སྙན་པའི་གྲགས་པ་དང་ཀུན་གྱི་བརྩི་བཀུར་ཐོབ་པས་ཕན་པ་ཡིན་ལ།གཞན་དག་ལ་གནོད་བསྐྱལ་ན་རང་ལ་ཚེ་གང་རིང་གྲགས་པ་ངན་པ་འབྱུང་ཞིང་།འགལ་ཟླའི་དགྲ་བོའང་འོང་ནས་གནོད་པ་ཡིན་ཞེས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་སུ་འགྲེལ་ན་ཡང་མི་ཆོག་པ་མེད་སྙམ།དེ་བས་མངོན་ཚན་ཆེ་བའི་སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་ཞིག་ཁོ་བོས་མ་རྙེད་ལ།དེ་མིན་ཆོས་དང་འགལ་བའི་ནང་དོན་ནི་ཇི་སྙེད་ཅིག་མཆིས་པ་རེ་རེ་བཞིན་བགྲང་གིས་མི་ལང་བས་གནའ་ཡིག་དེ་རང་ལ་གཟིགས་པར་ཞུ། 2.ཡི་གེའི་སྒྲ་སྦྱོར་ཐོག་ནས་དཔྱད་ན་ཡང་།གནའ་ཡིག་འདིར་གསལ་བྱེད་སྡེ་པ་གཅིག་གི་ནང་གི་ཡི་གེ་ཕན་ཚུན་བརྗེས་ནས་བྲིས་པ་ཤིན་ཏུ་མང་སྟེ།དཔེར་ན་ཅ་ཕལ་ཆེ་བར་ཆ་དང་།ཀྱ་ཡིག་ཕལ་ཆེར་བར་གྱ་བྲིས་པ་ལྟ་བུ་ཧ་ཅང་མང་བ་འདི་འདྲ་ཁྲི་སྲོང་ཚུན་གྱི་རྡོ་རིང་ངམ།བྲག་བརྐོས་གནའ་ཡིག་སོགས་ཀྱི་ནང་མཐོང་རྒྱུ་ཆེས་ཉུང་བ་ཞིག་ཡིན་པ་བཅས་དེ་དག་ལ་དཔགས་ན་བསླབ་བྱ་ཡིག་རྙིང་འདི་ནི་མ་མཐར་ཡང་བཙན་པོ་འདུས་སྲོང་མང་པོ་རྗེའི་སྐུ་དུས་ཙམ་ལ་བྲིས་པའི་གནའ་ཡིག་ཅིག་ཡིན་པར་མངོན། 3.དེ་ལྟར་བརྗོད་དགོས་དོན་གང་ཡིན་ཞེ་ན།བསླབ་བྱ་འདི་བཙན་པོའི་དུས་རབས་ཀྱི་གནའ་ཡིག་ངོ་མ་གང་མང་དང་བལྟ་བསྡུར་དང་དཔྱད་པ་བྱས་པའི་ཁྲོད།འདུས་སྲོང་མང་པོ་རྗེས་མགར་གྱི་བུ་རྒྱུད་ལ་གཤེ་བའི་མགུར་རྩོམ་དེ་དང་མཐུན་ཤོས་སུ་སྣང་།དཔེར་ན་གསུང་མགུར་དེའི་ནང་དོན་གྱི་ཆ་ནས་བཤད་ནའང་། ཐང་ལྷ་ནི་ཡང་བཞུར་མཁྱེན་....ལྷེའུ་རྗེ་ནི་ཟིན་དགས་མཁྱེན།...པྱྰ་ཡི་གཙུག་མཁན་མཁྱེན། ཞེས་པ་ལ་སོགས་པ་གནའ་བོའི་བོན་གྱི་ལྷའི་མིང་དང་།ཉི་ཟླ།དགུང་སྔོན་ལ་སོགས་སྐྱབས་ཡུལ་དུ་དྲངས་པ་ལས།སངས་རྒྱས་དང་ཆོས།དགེ་འདུན་ཏེ་དཀོན་མཆོག་གསུམ་གྱི་མཚན་སོགས་མདོར་ན་སངས་རྒྱས་ཆོས་ལུགས་ཀྱི་བརྗོད་དོན་རྩ་བ་ནས་མེད་པ་དང་གཅིག ཡི་གེའི་སྦྱོར་ཚུལ་གྱི་ཐད་ནས་དཔྱད་ནའང་། གྱེ་དེ་རིང་ནི་སང་ལྟ་ན། ...ཕ་བོང་ནི་རི་ལ་འདྲིལ།....པྱིན་སྙམ་ནི་ལེང་མྱི་བགྱིད། .....ཆུ་བཆད་ནི་ཡུར་དྲངས་ཀྱང་། .....མོན་ཀའི་སྟག་གཆིག་པ།.....གང་ཆེ་ནི་གག་ཆུང་བ།....གང་མཐོ་ནི་གག་དམའ་བ།....མཁར་ཁོལ་ནི་རྨང་བ་དང་།ཡར་ལུང་ནི་པྱིང་ལུང་ན།(4)ཞེས་སོགས་གསལ་བྱེད་སྡེ་པ་གཅིག་ནང་གི་ཡི་གེ་ཕན་ཚུན་བརྗེས་ནས་གང་རུང་དུ་སྤྱོད་པའི་སྦྱོར་ཚུལ་འདི་རིགས་མང་དུ་མཆིས་པ་བཅས་ཀྱི་ཐོག་ནས་བསླབ་བྱ་འདི་འབྲི་བའི་དུས་རབས་དེ་དང་ཧ་ལམ་གཅིག་མཚུངས་ཙམ་དུ་འདོད་པའི་རྒྱུ་མཚན་དེ་ཡིན་ཅིང་།འོན་ཀྱང་ནང་དོན་ཀུན་སྤྱོད་ཀྱི་སྲོལ་ལུགས་དག་ནི་དེ་བས་ཆེས་སྔ་བ་ཞིག་ནས་དར་བར་མངོན་ཏེ།བསླབ་བྱ་དེ་རང་གི་འགོ་བརྗོད་ནང་གནའ་ཡུལ་གསེར་ཞྭ་གཡུ....བྱ་བ་ན་.... ཞེས་འཀོད་པ་དེ་ལས་ཀྱང་རྩོམ་པ་པོས་ཆེས་གནའ་དུས་ནས་རིམ་བཞིན་དོར་བའི་ཡུལ་སྲོལ་ཀུན་སྤྱོད་རྣམས་བསྟར་ཆགས་སུ་བསྒྲིགས་ཏེ་བརྩམས་པ་གསལཔོར་བསྟན་སྟབས་ཡུལ་སྲོལ་གྱི་ཀུན་སྤྱོད་འདི་རྣམས་དུས་རབས་བདུན་པ་བརྒྱད་པའི་སྐབས་གསར་དུ་ཆགས་པ་ཞིག་མིན་པར་དེ་ལས་མི་ལོ་བརྒྱ་ཕྲག་དང་།སྟོང་ཕྲག་གི་གོང་ནས་དར་ཞིང་འཕེལ་རྒྱས་སུ་གྱུར་པ་ཞིག་ཡིན་པར་གྲུབ་པས་མི་རིགས་ཀྱི་སློབ་གསོའི་ཆུ་འགོ་ནི་ལོ་ངོ་སྟོང་ཕྲག་མང་པོའི་གོང་རོལ་ནས་བྱུང་ཞིང་འཕེལ་བར་འདོད་དགོས་སྙམ་མོ། ། གཉིས། སྤྱིར་ན་གནའ་ཡིག་བསླབ་བྱ་འདིའི་ནང་དོན་ཧྲིལ་བོ་བོད་མི་རིགས་ཀྱི་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་ཏེ། སྤྱི་ཚོགས་ཀྱི་མི་དང་མིའི་བར་གྱི་འབྲེལ་བའི་བྱ་གཞག་ཇི་ལྟར་སྤྱོད་པའི་སྐོར་གྱི་དོན་སྙིང་ཞེ་གཅིག་ལས་མ་འདས་པ་དང་།ལྷག་པར་གོང་དུ་ཆ་ཚང་དྲངས་པའི་སློབ་ཚན་གཉིས་པོ་འདི་ནི་མི་རབས་རྗེས་མ་ཇི་ལྟར་གསོ་སྐྱོང་བྱ་དགོས་པའི་སློབ་གསོའི་བྱ་གཞག་ཁོ་ནར་དམིགས་སུ་བཀར་བ་ཞིག་ཡིན་ཏེ།སྤྱིར་ན་འགྲོ་བ་མིའི་རིགས་འདི་སེམས་ཅན་གཞན་ལས་ཁྱད་པར་འཕགས་པའི་ཁྱད་ཆོས་སྨྲ་ཤེས་ལ་དོན་གོ་བའི་མཚན་ཉིད་དང་ལྡན་པར་བརྟེན་ཤེས་རིག་དང་ཀུན་སྤྱོད་ཀྱི་སློབ་གསོ་ངེས་པར་བྱ་དགོས་པར་བསྟན་པ་སྟེ།དེ་ཡང་མ་བསླབས་པར་ཤེས་པ་དང་མ་སྦྱངས་པར་མཁས་པ་ཞེས་པ་འབྱུང་མི་སྲིད་པ་དང་།སྔར་གྱི་གྲགས་ཅན་རྣམས་ཀྱང་བརྩོན་པ་སྐྱེད་དེ་བསླབས་ཤིང་སྦྱངས་ནས་བྱང་ཆུབ་པར་གྱུར་པ་འབའ་ཞིག་ཡིན་ལ།དེ་ཡང་ཁོང་ཚོས་ཚུལ་ཇི་ལྟར་བྱས་ཏེ་དཀའ་བ་སྤྱད་ནས་འབད་པ་ཆེན་པོ་བསྟེན་ལུགས་ཀྱི་གཙོ་གནད་རྣམས་སྙིང་པོ་རགས་བསྡུས་ཀྱི་སྒོ་ནས་གསལ་བར་བསྟན་པ་དང་།དེ་ནས་ཡང་སྒོས་མི་རབས་རྗེས་མ་རྣམས་སློབ་གསོ་ཇི་ལྟར་བགྱི་དགོས་པའི་རིམ་པ་ཚར་དུ་དངར་བ་ཞིག་བཤད་པ་སྟེ།ཐོག་མར་བྱིས་ཆུང་ངུའི་དུས་ནས་ཕ་མ་རྒན་རབས་དག་གིས་རང་གི་བུ་ཚར་ཁྱིམ་ཚང་གི་སློབ་གསོ་གནད་དུ་སྨིན་པ་ཞིག་ངེས་པར་བྱ་བ་དེའི་གལ་ཆེའི་རང་བཞིན་ནན་ཏན་གྱིས་བསྟན་པ་མ་ཟད།དེ་ལྟར་བྱས་པའི་ཕན་ཡོན་དང་མ་བྱས་པའི་ཉེས་དམིགས་བཤད་པ་དང་།དེ་ནས་བསླབ་པ་དངོས་ཀྱི་རིམ་པར་ཇི་ལྟར་འཇུག་ཚུལ་བསྟན་ཅིང་།རིམ་པ་སོ་སོའི་སློབ་དཔོན་གྱི་མཚན་ཉིད་དང་དེ་དག་སོ་སོའི་དགོས་པ་བཤད་པ་དང་ཆབས་ཅིག་ལྡོག་ཕྱོགས་ཀྱི་སློབ་དཔོན་གང་དག་མི་བསྟེན་པའི་དགག་བྱ་ཡང་བསྟན་པ།བསླབ་བྱ་གཙོ་ཕལ་གྱི་དབྱེ་བའང་བྱིས་པ་གཞོན་ནུའི་ན་ཚོད་དང་བསྟུན་ནས་སློབ་གསོ་བྱ་དགོས་པ།དེ་ནས་སློབ་གསོའི་རིམ་པ་མཐར་ཕྱིན་པ་ན་གང་དུ་གྲགས་ཆེ་བའི་ས་ག་ལ་བ་དེར་སོང་ནས་བསླབས་འབྲས་མཐའ་དག་དོན་དངོས་ཐོག་སྤྱད་དེ་ལག་ལེན་ངོ་མའི་ནང་དགེ་མཚན་འདོན་དགོས་པའང་ཤུགས་ལ་བསྟན་པ་བཅས་མདོར་ན། བོད་འདིར་གནའ་དུས་ཀྱི་ཐོན་སྐྱེད་ནུས་ཤུགས་ཧ་ཅང་དམའ་བའི་དུས་རབས་ནས་བཟུང་མི་རབས་རྗེས་མ་གསོ་སྐྱོང་བྱ་བའི་སློབ་གསོའི་རིམ་པ་ཅུང་ཕུན་སུམ་ཚོགས་ལ་གོ་རིམ་ལྡན་ཙམ་ཞིག་ཡོད་ངེས་པར་བརྟེན་ང་ཚོས་གོམ་གང་མདུན་སྤོས་ཀྱིས་གསལ་རྟོགས་དང་ཞིབ་འཇུག་བྱེད་རིན་ལྡན་པ་ཞིག་ཡིན་སྙམ། གསུམ།གནའ་རབས་ཀྱི་སློབ་གསོ་རིག་པའི་བསམ་བློ་དེར་དཔྱད་ན་ཁྱད་ཆོས་གལ་ཆེ་བ་ཞིག་ནི།ཤེས་རིག་གི་སློབ་གསོ་གཞན་དག་གང་ཞིག་ལས་ཀྱང་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དེ་གཙོ་ཆེ་བར་འཛིན་པ་མཐོང་ཐུབ།དཔེར་ན།བསླབ་བྱའི་ནང་། བུས་པ་གཞོ་ནུ། རྩེ་བའི་གོར། ཡིག་རྩིས་ལ་སྩོགས་པ། འཛངས་ཀྱི་སྣོན་དུ་འགྲོ་བ་དང་། ཕོང་རྩལ་ལ་སྩོགས་པ།དཔའ་བའི་སྣོན་དུ་འགྲོ་བ། ཞེས་དང་། དེ་བཞིན་རང་གི་བུ་བློན་པོ་ཆེན་པོའི་དྲུང་དུ་འཇོག་པའི་སྐབས་སུའང་ སྙན་ངག་ལ་སྩོགས་པ། ཡི་གེ་བཟང་པོ་འཆང་ཞིང་། གློག་ཏུ་བཆུག་ན།འཛངས་ཀྱི་སྣོན་དུ་རུངོ་། ཞེས་ཤེས་ཡོན་དེ་དག་སློབ་ཅིང་སྦྱོང་བ་ཡང་མཛངས་དང་དཔའ་བའི་ཁ་གསབ་ཙམ་དུ་བརྩི་བ་ལས།བསླབ་བྱ་དངོས་སམ་གཙོ་བོ་མིན་པར་བསྟན་ཅིང་།དེ་ལས་ལྡོག་སྟེ་དཔེར་ན་བུ་ཚ་རང་དང་མཛའ་བའི་དྲུང་དུ་འཇོག་པའི་དགོས་པའང་། ….འཛངས་པས་ནི། ཇི་བྱས་ཀྱང་། ཐོག་ཏུ་ཕེབས་ལ།བུ་ཉིད་གྱང་དེའི་ཚུལ་བསླབ་པའི་ཕྱིར་རོ།ཞེས་དང་།བློན་པོ་ཆེ་ཞིང་།དབུལ་བའི་དྲུང་དུ་འཇོག་པའི་དགོས་པ་གཙོ་བོ་ཡང་། ….བློན་པོ་དེ་ཆེ་བ་ལས་ན། མྱི་འཛངས་མྱི་སྲིད། དབུལ་བས་ན། དྲང་དཀན་དང་གཞུང་ཆེ་བ་དང་། འདོད་ཆུང་བ། མ་ཡིན་མྱི་སྲིདེ། བདགི་བུ་ཡང་དེའི་ལུགས་བསླབ་པའྀ་ཕྱིར། དེར་བཞགོ། གཆིག་ཏུ་ན། དབུལ་པའྀ་གཡོག་བྱེད་དང་། ཇི་ལ་ཡང་། གྲོན་ཆུང་ཞིང་།ཉུང་ངུས་ཆོག་པར་ཤེས་ན། བླ་འོག་གཉིསུ། ཆི་བྱའང་བདེ་བར་འོང་ངོ་། །ཞེས་གསལ་བ་ལྟར་དེར་སློབ་སྦྱོང་བྱ་རྒྱུའི་དམིགས་ཡུལ་གཙོ་གནད་ནི་བསམ་བློ་ཀུན་སྤྱོད་ཀྱི་སྲོལ་རྒྱུན་བཟང་པོ་འཇགས་ཐབས་ཁོ་ན་ཡིན་པ་མཚོན་ཞིང་།ལར་ནས་གནའ་བོའི་བསླབ་བྱ་ཧྲིལ་པོ་དེའི་འགོ་ནས་མཇུག་བར་གྱི་སློབ་ཚན་གཞན་དག་གི་སྙིང་དོན་ཕལ་ཆེའང་བསམ་བློ་ཀུན་སྤྱོད་ཀྱི་བླང་འདོར་འབའ་ཞིག་གཙོ་བོར་བཟུང་ནས་བསྟན་འདུག་པ་བཅས་ལས་མཚོན་སྙམ།དེ་ཡང་འཛངས་པ་ཞེས་པའི་གོ་དོན་འདིར་མཚོན་ན་གནའ་ཡིག་བསླབ་བྱ་དེ་རང་གི་སློབ་ཚན་མཇུག་བསྡོམས་དེའི་ནང་། ངན་པ་ཡོད་ན། འཛངས་པ་ཡོདོ། འཛངས་པ་ཡོདོ། ཆུང་ངུ་ཡོད་ན། ཆེན་པོ་རྙེདོ། དབུལ་པོ་རྙེད་ན། ཕྱུག་པོ་ཡོདོ། བླུན་པོ་ཡོད་ན། བཟོ་བོ་རྙེདོ། ཀུན་ཡང་དེ་ལྟ་སྟེ། ཕྲལ་ཡུན་གཉིས་རིག་དང་ལེགསོ།(5)ཞེས་ཐམས་ཅད་ལྟོས་ས་ལྟོས་འཇོག་གི་འགྲེལ་བ་ཡིན་པར་བསྟན་པའི་ནང་མཛངས་པ་ནི་ངན་པའི་ལྡོག་ཟླར་བཀོད་པ་ལྟར་ན་བཟང་པོར་གོ་དགོས་ལྟ་བུ་སྣང་ཞིང་།ཡུལ་དུས་ཀྱི་དབང་གིས་མིང་ཚིག་ལ་ལའི་གོ་དོན་ལ་འགྱུར་བ་ཅུང་ཟད་འགྲོ་བའང་སྲིད་པས་དག་ཡིག་དང་ཚིག་མཛོད་ནང་མཛངས་ཞེས་པ་གོ་དོན་དུ་མར་འགྲེལ་འདུག་རུང་།སྤྱིར་ན་དེ་ནི་རིག་པ་གསལ་བ་དང་ཁོག་ཡངས་དཀྱེལ་ཆེ་སོགས་བསམ་བློའི་ཀུན་སྤྱོད་ཀྱི་དགེ་མཚན་འཛོམས་པ་ཞིག་ལ་གོ་ན་ཁྱབ་ཆེ་བར་སྙམ།

བཞི་བ། མཇུག་བསྡུ་བ།  མདོར་ན་སྔོན་ཆད་བོད་འདིར་མི་ལོ་སྟོང་ཕྲག་འགའ་ཤས་རིང་མི་རིགས་ཀྱི་སློབ་གསོའི་བྱ་གཞག་ལ་རིམ་བཞིན་བོན་སྣ་ཚོགས་དང་།  ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་བསམ་བློ་སོགས་ཀྱིས་དྲང་ཕྱོགས་སམ།ཡང་ན་ལྡོག་ཕྱོགས་གང་ཐད་ནས་ཤུགས་རྐྱེན་ཚབས་ཆེན་ཕོག་ཡོད་པ་སྨོས་མ་དགོས་མོད།  འོན་ཀྱང་སྤྱིའི་ཆ་ནས་བཤད་ན་བོད་མི་རིགས་ནི་བློ་གཞུངས་ཤིང་།བསམ་པ་དྲང་བ།ངོ་ཚ་ཤེས་པ།  ཕྱི་ཐག་རིང་ཞིང་།བབ་ཆགས་པ།ལོངས་སྤྱོད་ལ་ཆོག་ཤེས་པ།གཞན་ལ་རོགས་ཕན་བྱ་རྒྱུར་དགའ་བ།  འགྲོགས་བདེ་གཤིབ་བདེ་ལ་སོགས་པའི་གཤིས་རྒྱུད་བཟང་པོའི་ཤུལ་རྒྱུན་ལྡན་པ་འདི་ཡང་གོང་གསལ་གནའ་རབས་མི་རིགས་ཀྱི་རྩ་བའི་སློབ་གསོའི་བསམ་བློ་དེ་དག་གི་གོམས་སྲོལ་བག་ཆགས་དང་ཁ་འབྲལ་ཐབས་མེད་པ་དཔྱད་བསྡུར་ཞིབ་འཇུག་གི་ཐོག་ནས་གསལ་པོར་མཚོན་གྱིན་ཡོད།  དེས་ན་ང་ཚོས་ཚོགས་ཆེན་བཅོ་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་ཆབས་ཅིག་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ཤུགས་ཆེན་འཛུགས་སྤེལ་བགྱི་དགོས་པའི་བྱ་རིམ་ནང་ཕྱི་བཟང་ཀྲུང་སྤྱོད་ཙམ་དུ་མ་ཟད།  གཙོ་བོ་ཀྲུང་ཧྭ་མི་རིགས་ཁག་གི་གནའ་བཟང་དེང་སྤྱོད་ཀྱི་ཉིང་བཅུད་ཕུལ་དུ་བྱུང་བ་རྣམས་བསྡུ་ལེན་བྱ་རྒྱུར་ཡང་དོན་སྙིང་ཟབ་མོ་ལྡན་ཡོད་སྙམ་པའི་ངོས་འཛིན་ཞུ་བཞིན་ཡོད།  འོན་ཀྱང་རང་ངོས་ཀྱི་བསམ་བློའི་གོ་རྟོགས་དང་ཤེས་ཚད་དམའ་བའི་རྐྱེན་གྱིས་ཆེད་རྩོམ་འདིའི་ནང་སྐྱོན་དང་ནོར་འཁྲུལ་ཤོར་བའི་རིགས་ཅི་མཆིས་པ་ལ་རྒྱ་ཆེའི་གཟིགས་པོ་རྣམ་པས་ཆད་མཐུད་ཡོ་བསྲང་གི་སྐྱོན་བརྗོད་དང་སློབ་སྟོན་གནང་རྒྱུའི་རེ་བ་སྙིང་ནས་ཞུ་ལགས་སོ།། 


མཆན་འགྲེལ།

(1)(2)(3)(5)《敦煌吐蕃文书论文集》དེབ་དེའི་བོད་ཡིག་པར་ངོས་256.266.237.283

(4)《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལྕགས་པར་མའི་དེབ་ངོས་83-83

རྩོམ་ཡིག་འདི1998ལོའི《བོད་ལྗོངས་སློབ་གསོའི》དུས་དེབ་དང་པོ་ལས་དྲངས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།