ཀྲུང་གོ་བོད་ཀྱི་དྲ་བ།

སྐད་གཉིས་སློབ་གསོའི་ཞིབ་འཇུག་ལ་ཤེས་རྟོགས་བྱུང་བའི་བརྒྱུད་རིམ་སྐོར་གླེང་བ།

ཡོང་ཁུངས། : བོད་ཀྱི་སློབ་གསོ།སྤྱིའི་དེབ233པ།   རྩོམ་པ་པོ། : ཡེ་ཤེས་ལྷ་མོ་མཚོ།   སྤེལ་དུས། : 2018-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] སྐད་གཉིས་ལ་ཞིབ་འཇུག་བྱེད་པ་ནི་རྙོག་འཛིང་ཆེ་བའི་གནད་དོན་ཞིག་ཡིན། སྐད་གཉིས་སྨྲ་མཁན་ལ་རང་གི་ཕ་སྐད་དང་སྤྱི་ཚོགས་ཀྱི་འབྲེལ་བའི་དབང་གིས་རིགས་མི་གཅིག་པའི་སྐད་གཉིས་སྨྲ་མཁན་སྣ་གཉིས་བྱུང་ཡོད། སྐད་གཉིས་སློབ་གསོའི་ཞིབ་འཇུག་ལ་ཤེས་རྟོགས་བྱུང་བའི་བརྒྱུད་རིམ་ནང་། མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱིས་གྲངས་ཉུང་མི་རིགས་ནི་ངེས་པར་དུ་སྐད་གཉིས་སྨྲ་མཁན་ཡིན་དགོས་པའི་དོན་དངོས་དེ་རྟོགས་པ་མ་ཟད། གྲངས་ཉུང་མི་རིགས་ནི་སྐད་གཉིས་སློབ་གསོར་བརྟེན་ནས“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་དུ་འགྱུར་སྲིད་པའི་ལྟ་ཚུལ་ཡང་བཟུང་ཡོད།

[གནད་ཚིག]སྐད་གཉིས་ཞིབ་འཇུག སྐད་གཉིས་སྨྲ་མཁན། སྐད་གཉིས་སློབ་གསོ།

དང་པོ། སྐད་གཉིས་ཞིབ་འཇུག་ནི་རྙོག་འཛིང་ཆེ་བའི་གནད་དོན་ཞིག་ཡིན།

སྐད་གཉིས་ནི་འཛམ་གླིང་རང་བཞིན་གྱི་སྣང་ཚུལ་ཞིག་ཡིན། འཛམ་གླིང་སྐད་གཉིས་ཞིབ་འཇུག་གི་ཆེད་མཁས་པ་ཀོ་རོ་སི་ཅན(Grosejean)གྱིས1982ལོར་འཛམ་གླིང་མི་གྲངས་ཀྱི་ཕྱེད་ཀ་ནི་སྐད་གཉིས་སྨྲ་མཁན་ཡིན་ཞེས་བསྟན། འདི་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་སྐབས་སུ་སྡོམ་རྩིས་བྱས་པའི་གྲངས་ཀ་ཡིན་ལ། ད་ལྟ་ནི་སྐད་གཉིས་སྨྲ་མཁན་གྱིས་འཛམ་གླིང་མི་གྲངས་ཡོངས་ཀྱི་ཕྱེད་ཀའི་ཡན་ཟིན་ཡོད།

སྐད་གཉིས་སྨྲ་མཁན་གྱི་མཚན་ཉིད་ཐད་ལ་རྩོད་པ་ཆེ་སྟེ། པེ་ཁེ(Baker)ལགས་ཀྱིས2006ལོར་སྐད་རིགས་སྣ་གཉིས་འཛོམས་པ་ནི་མི་ཞིག་ལ་མིག་གཉིས་ཡོད་པ་དང་རླངས་འཁོར་ཞིག་ལ་འཁོར་ལོ་གཉིས་ཡོད་པ་ལྟ་བུའི་སླ་མོ་ཞིག་མིན་ཞེས་བསྟན་པ་མ་ཟད། གོམ་གང་མདུན་སྤོས་ཀྱིས་སྐད་གཉིས་སྨྲ་མཁན་ལ་སྐད་རིགས་སྣ་གཉིས་སྨྲ་བའི་ནུས་པ་ལྡན་པ་དང་། སྐད་རིགས་སྣ་གཉིས་སྤྱོད་པའི་ཁོར་ཡུག་ཡོད་པ། ད་དུང་སྐད་རིགས་སྣ་གཉིས་བཤད་མགོ་རྩོམ་པའི་ལོ་ཚད་བཅས་ལ་འབྲེལ་བ་ཡོད་ཅེས་བསྟན། ཀི་པོ་ཉེ(Gibbon)དང་ཁང་ཐེ་རྣམ་པ་གཉིས་ནས་ཀྱང1991ལོ་དང2003ལོར་སྐད་གཉིས་སྨྲ་བའི་བྱིས་པ་རྣམས་ཀྱི་སྐད་བརྡའི་ནུས་པ་ནི་གཅིག་འདྲ་མ་ཡིན་ཏེ། ཚང་མས་སྐད་རིགས་གཉིས་བཤད་ཐུབ་ནའང་སྐད་བརྡ་དེ་སྤྱོད་པའི་ནུས་པ་ནི་གཅིག་འདྲ་མ་ཡིན་པར་འདོད། པེ་ཁེ་ལགས་ཀྱིས1998ལོར་བསྟན་དོན། སྤྱིར་སྐད་རིགས་སྣ་གཉིས་ཀྱི་ཉན་བཤད་ཀློག་འབྲིའི་ནུས་པར་ཁྱད་པར་ཅི་ཡང་མེད་པ་དང་། སྐད་རིགས་དེ་གཉིས་གང་བཤད་ཀྱང་ཐོགས་པ་ཅི་ཡང་མེད་པ་དེ་ལྟ་བུ་ནི་ཤིན་ཏུ་དཀོན་ལ། ཐ་ན་ཡོད་མི་སྲིད་པ་ཞིག་རེད་ཅེས་བསྟན། དེར་བརྟེན་མཁས་པ་མང་ཤོས་ཤིག་གིས་སྐད་གཉིས་ཞིབ་འཇུག་ནི་རྙོག་འཛིང་ཆེ་བའི་གནད་དོན་ཞིག་ཡིན་ཞེས་པར་དགོངས་པ་གཅིག་ཏུ་འབབ།

གཉིས་པ། སྐད་གཉིས་སྨྲ་མཁན་རིགས་གཉིས།

སྐད་གཉིས་ཞིབ་འཇུག་གི་ཕྱོགས་སུ་མཁས་པ་མང་པོ་ཞིག་སྟེ། དཔེར་ན་པེ་ཁེ་དང་ཁོ་མེན་སོ(CUMMINS 1996)སོགས་ཚང་མས་སྐད་གཉིས་སྨྲ་བའི་མི་ཚོགས་སུ་སྐད་གཉིས་སྨྲ་མཁན་རིགས་གཉིས་ཡོད་པ་ཁས་ལེན། རིགས་གཅིག་ལ“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན(additive)ཟེར། རིགས་གཞན་ཞིག་ལ“འཕྲི་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན(subtractive)ཟེར།“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་ནི་སྐད་རིགས་གཉིས་པར་སློབ་སྦྱོང་དང་བེད་སྤྱོད་བྱས་ཀྱང་རང་གི་ཕ་སྐད་ཀྱི་སློབ་སྦྱོང་དང་བེད་སྤྱོད་ལ་གནོད་པ་མེད་པ་དེ་ལ་ཟེར་བ་ཡིན། མི་ཚོགས་འདིའི་གནས་ཚུལ་ནི་ཕལ་ཆེར་ཁོ་ཚོའི་ཕ་སྐད་ནི་རྒྱལ་ཁབ་དེའི་མི་མང་ཤོས་ཀྱིས་སྤྱོད་བཞིན་པའི་སྤྱི་སྐད་ཡིན་པ་མ་ཟད། རྒྱལ་ཁབ་དེའི་གཞུང་སྐད་ཀྱང་ཡིན། དཔེར་ན་དབྱིན་ཇི་ནས་དབྱིན་སྐད་ནི་ཕ་སྐད་ཡིན་པས། ཧྥ་རན་སེ་དང་འཇར་མན་གྱི་སྐད་རིགས་བསླབས་ན་སྐད་རིགས་གཉིས་པ་ཡིན་པས། མི་ཚོགས་འདི་ལྟ་བུར་མཚོན་ན་སྐད་རིགས་གཉིས་པ་བསླབས་པས་སྐད་རིགས་དང་པོའི་བཀོལ་སྤྱོད་ནུས་པ་ཇེ་ཞན་དུ་གཏོང་མི་ཐུབ་ལ་གནོད་པའང་མེད་པ་ལྟ་བུའོ།། དེའི་ཕྱིར། མཁས་པ་མང་པོ་ཞིག་གིས“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་འདི་རིགས་ནི་མཐོ་རིམ་མི་སྣའི་ཁོངས་སུ་གཏོགས་པར་འདོད། ཁོ་ཚོས་སྐད་རིགས་གཉིས་པ་ཤེས་ན་རང་ཉིད་སྤྱི་ཚོགས་སྟེང་གི་གོ་གནས་ཇེ་མཐོར་གཏོང་ཐུབ་ལ། གནས་ཚད་ལ་ལའི་སྐབས་སུ་ལས་དོན་ཐད་ནས་མི་གཞན་པ་ལས་གོ་སྐབས་མང་པོ་ཞིག་རེག་ཐུབ་པ་ཡིན། ཁཱང(king)དང་ཧྥི་ཀེ་ལེ(Fogle)རྣམ་གཉིས་ཀྱིས་རིགས་གཉིས་པའི་སྐད་གཉིས་སྨྲ་མཁན་ནི་གཙོ་བོ་རྒྱལ་ཁབ་ཅིག་གི་གྲངས་ཉུང་མི་རིགས་ཡིན་ཞེས་བསྟན་འདུག་སྟེ། ཁོ་ཚོའི་སྐད་རིགས་དང་པོ་ནི་རྒྱལ་ཁབ་འདིའི་གཞུང་སྐད་མིན་པ་མ་ཟད། སྐད་རིགས་གཉིས་པ་སྤྱོད་པའི་ཁྱབ་ཁོངས་ནི་ཚད་ངེས་ཅན་གྱི་སྟེང་དུ་ཁོ་ཚོའི་ཕ་སྐད་ལས་རྒྱ་ཆེ་བ་ཡིན། ཡུན་རིང་དུ་སྐད་རིགས་གཉིས་པ་བསླབས་ཤིང་བཀོལ་སྤྱོད་བྱས་ན་ཁོ་ཚོའི་ཕ་སྐད་ཀྱི་སྐད་ཆའི་ནུས་པར་ངན་རྐྱེན་ཐེབས་ཤིང་། ཐ་ན་ཕ་སྐད་དེ་ཤོར་འགྲོ་བའང་སྲིད། མཁས་པ་མང་པོ་སྟེ་དཔེར་ན་ཐོ་སི(Tosi, 1982)དང་པེ་ཁེ(Baker 1996)། ཁོ་མེན་སི(Cummins 1996)། ཀོ་རོ་སི་ཅན(Grosejean, 1982)། ཨོ་པི(Ogbu, 1996)སོགས་ཚང་མས་མི་ཚོགས་སྐོར་འདི་ནི་རྒྱལ་ཁབ་ཅིག་གི་གྲངས་ཉུང་མི་རིགས་སུ་གཏོགས་པ་དང་། ཁོ་ཚོ་ནི་སྐྱེས་མ་ཐག་ནས་སྐད་གཉིས་སྨྲ་མཁན་དུ་འགྱུར་དགོས་ལ། དེ་ལྟར་འགྱུར་དགོས་དོན་ཡང་འཚོ་གཞེས་ཀྱི་ཆེད་དུ་ཡིན་པར་འདོད་དོ།།

གྲངས་ཉུང་མི་རིགས་མང་ཤོས་ཀྱིས་སྐད་རིགས་གཉིས་པ་སློབ་པའི་གོ་རིམ་དུ།“འཕྲི་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་དུ་འགྱུར་སྲིད་མོད། འོན་ཀྱང་ཁ་ས་ནོ་ཝ(Casnova)དང་ཨ་རེ་སི་རྣམ་པ་གཉིས་ཀྱིས1993ལོར་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་སྨྲ་མཁན་ནི“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་དུའང་འགྱུར་སྲིད་ཅེས་བསྟན། ཁོ་ཚོས་ཁ་ན་ཏའི་སློབ་གྲྭ་ཞིག་གི་སྐད་གཉིས་སློབ་ཁྲིད་དཔེ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་སྨྲ་མཁན་ནི“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་དུ་འགྱུར་སྲིད་པ་ར་སྤྲོད་བྱས། ཁ་ན་ཏའི་བྱང་ཕྱོགས་སུ་ཧྥ་རན་སེའི་སྐད་རིགས་ནི་གཞུང་སྐད་ཡིན་མོད། འོན་ཀྱང་ས་ཁུལ་འདིར་མི་སྐོར་ཞིག་སྡོད་པ་དེ་དག་གི་ཕ་སྐད་ནི་དབྱིན་སྐད་ཡིན། སློབ་གྲྭས“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་སྐྱེད་སྲིང་བྱེད་རྒྱུ་ནི་སྐད་གཉིས་སློབ་ཁྲིད་ཀྱི་དམིགས་ཚད་དུ་བཟུང་བ་ཡིན། ཁཱང་དང་ཧྥི་ཀེ་ལེ་རྣམ་པ་གཉིས་ཀྱིས2006ལོར་ཨ་མེ་རི་ཁའི་སྐད་གཉིས་སློབ་ཁྲིད་ཀྱི་དངོས་དཔེའི་སྟེང་ནས“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་སྐྱེད་སྲིང་བྱེད་རྒྱུ་ནི་གྲངས་ཉུང་མི་རིགས་བྱིས་པ་མང་ཤོས་ཀྱི་ཁྱིམ་བདག་རྣམས་ཀྱི་རེ་བ་ཡིན་པ་བསྟན། ཁྱིམ་བདག་ཚོའི་ལྟ་ཚུལ་ལྟར་ན།“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་སྐྱེད་སྲིང་བྱེད་རྒྱུ་ནི་བྱིས་པར་རྒྱུན་ལྡན་གྱི་འཚོ་བའི་ནང་སྐད་རིགས་སྣ་གཉིས་ཁོང་དུ་ཆུད་པ་ལས་ཐོབ་པའི་ཕན་པ་དེ་ལོངས་སུ་སྤྱོད་དུ་འཇུག་པ་དེ་ཡིན། ཕ་སྐད་ནི་བྱིས་པ་དང་ཁྱིམ་མིའི་བར་སྲོལ་རྒྱུན་རིག་གནས་འབྲེལ་མཐུད་བྱེད་པའི་སྦྲེལ་ཐག་ལྟ་བུ་ཡིན། དེ་དང་མཉམ་དུ་བྱང་ཆུབ་པའི་སྒོ་ནས་སྐད་རིགས་གཉིས་པ་བཀོལ་སྤྱོད་བྱས་ན་མ་འོངས་པར་སློབ་གསོའམ་ལས་ཞུགས་སོགས་ཕྱོགས་གང་ནས་ཀྱང་གོ་སྐབས་མང་པོ་རེག་ཐུབ་པ་ཡིན། གོང་གི་དངོས་དཔེ་དེ་གཉིས་ལས་གྲངས་ཉུང་མི་རིགས་ནི“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་དུ་འགྱུར་སྲིད་པ་དེ་གསལ་བཤད་བྱས་ལ། དུས་མཚུངས་སུ་འདི་ནི་གྲངས་ཉུང་མི་རིགས་སྐད་གཉིས་སྨྲ་མཁན་དག་གི་རེ་བའང་ཡིན།

གསུམ་པ། གྲངས་ཉུང་མི་རིགས་ནི་སྐད་གཉིས་སྨྲ་མཁན་དུ་འགྱུར་བའི་དགོས་ངེས་རང་བཞིན།

ཁེན་ཀི་སི་ནི་སྐད་གཉིས་སློབ་གསོར་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་ཞིག་ཡིན། ཁོང་གིས1998ལོར་པར་དུ་བསྐྲུན་པའི《གྲངས་ཉུང་མི་རིགས་ཀྱི་སློབ་གསོ》ཞེས་པའི་དཔེ་ཆའི་ནང་དུ་འདི་ལྟར་བྲིས་ཡོད་དེ། གྲངས་ཉུང་མི་རིགས་ནི་ཁོ་ཚོའི་ཕ་སྐད་དེ་རང་ཉིད་གནས་པའི་རྒྱལ་ཁབ་དེའི་གཞུང་སྐད་མིན་པའི་དབང་གིས་ངེས་པར་དུ་སྐད་གཉིས་སྨྲ་མཁན་དུ་འགྱུར་དགོས། གལ་ཏེ་ཁོ་ཚོས་རང་གི་ཕ་མ་དང་ཁྱིམ་ཚང་གི་རྒན་པ་རྣམས་དང་ཁ་བརྡ་བྱེད་པ་དང་། རང་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ལ་རྒྱུས་ལོན་བྱེད་འདོད་ན། ཁོ་ཚོས་ངེས་པར་དུ་ཕ་སྐད་ཐོགས་མེད་ཅིག་བཤད་ཤེས་དགོས། དུས་མཚུངས་སུ། ཁོ་ཚོས་སྔར་ལས་ལེགས་པའི་སློབ་གསོའི་གོ་སྐབས་རེག་ཅིང་། རང་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་སོགས་སྤྱི་ཚོགས་འཚོ་བའི་ནང་དུའང་ཞུགས་འདོད་པ་ཡིན་ན། ཁོ་ཚོས་ད་དུང་ངེས་པར་དུ་རྒྱལ་ཁབ་དེའི་མི་མང་ཤོས་ཀྱིས་སྤྱོད་བཞིན་པའི་སྐད་ཆ་སྟེ། རྒྱལ་ཁབ་དེའི་གཞུང་སྐད་དེ་བྱང་ཆུབ་པ་ཞིག་ཁོང་དུ་ཆུད་དགོས། དེའི་ཕྱིར་རྒྱལ་ཁབ་ཀྱི་སློབ་གསོའི་སྒྲིག་གཞི་ལ་རྒྱལ་ཁབ་དེའི་གྲངས་ཉུང་མི་རིགས་ལ་རོགས་བྱས་ནས་ཁོ་ཚོ་སྐད་གཉིས་སྨྲ་མཁན་དུ་སྐྱེད་སྲིང་བྱེད་པའི་འགན་འཁུར་ཡོད། རྒྱུ་མཚན་ནི་ཁོ་ཚོར་གདམ་ཀ་ཅི་ཡང་མེད་པར་ངེས་པར་དུ་སྐད་གཉིས་སྨྲ་མཁན་དུ་འགྱུར་དགོས་པའི་ཕྱིར་རོ།།

ཅ་ལ་ཝ(Jalava; 1988)ཡིས་ཁོང་གི་རྩོམ་ཡིག《ཕ་སྐད་དང་ཐོབ་ཐང་གི་ངེས་ཤེས》ཞེས་པ་ལས་ཧྥིན་ལན་ནས་སུའེ་ཏེན་དུ་གནས་སྤོས་ཡུལ་མི་བྱས་པའི་བྱིས་པ་ཞིག་གི་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་བྲིས་ཡོད། མཇུག་མཐར་བྱིས་པ་དེས་ལོ་འགའི་སློབ་གསོའི་བརྒྱུད་རིམ་དུ་རང་གི་ཕ་སྐད་ཡོངས་སུ་བརྗེད་པ་རེད། བྱིས་པ་དེས“ང་ནི་རྩ་བ་མེད་པ་དང་། ཕ་ཡུལ་དང་སྦྲེལ་ཐག་མེད་པའི་མི་ཞིག་ཏུ་གྱུར་པ་རེད། ང་ནི་རྣམ་པར་ཤེས་པའི་གཏིང་རིམ་དེ་ན་ཤིན་ཏུ་སྟོང་བའི་མི་ཞིག་ཡིན”ཞེས་བཤད། ཡིན་ནའང་གྲངས་ཉུང་མི་རིགས་ལ་མཚོན་ན། སྐད་རིགས་གཉིས་པ་དེ་ལས་ཞུགས་དང་སློབ་གསོ་སོགས་ལ་འབྲེལ་བ་ཡོད་པས། སྐད་རིགས་གཉིས་པ་ཁོང་དུ་མ་ཆུད་ན་སྤྱི་ཚོགས་སྟེང་དུ་འཚོ་ཐབས་དཀའ་བ་ཡིན། དེའི་ཕྱོགས་ལ་མ་ཁེ་རེ་སི(Macerras)ཡིས1994ལོར་བསྟན་དོན། གལ་ཏེ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱིས་རྒྱའི་སྐད་རིགས་སློབ་སྦྱོང་མ་བྱས་ན། ཁོ་ཚོའི་ལས་ཞུགས་དང་སློབ་གསོའི་གོ་སྐབས་མང་པོ་ཞིག་ཤོར་འགྲོ་བ་ཡིན། མ་ཁེ་རེ་སི་ལགས་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་ཞིག་ཡིན། ཁོས1994ལོར《ཀྲུང་གོའི་གྲངས་ཉུང་མི་རིགས་ཏེ། དུས་རབས20བའི་མཉམ་འདྲེས་དང་དེང་རབས་ཅན》ཞེས་པ་དང་།2004ལོར《སུ་ཞིག་ཀྲུང་གོའི་མི་ཡིན། རྒྱ་རིགས་དང་གྲངས་ཉུང་མི་རིགས་བར་གྱི་འབྲེལ་བ》ཞེས་པ་པར་དུ་བསྐྲུན།

ཀོ་རོ་ཅན་སི་ཡིས་ཁོང་གི་བརྩམས་ཆོས་གྲགས་ཅན《སྐྱེས་མ་ཐག་ནས་སྐད་གཉིས་སྨྲ་བའི་མི་ཚོགས》ཞེས་པའི་ནང་དུ་སྐད་གཉིས་དེ་གྲངས་ཉུང་མི་རིགས་ལ་མཚོན་ན་སྤྱི་ཚོགས་སུ་འཚོ་གནས་ཐུབ་མིན་གྱི་གནད་དོན་ལ་ཐུག་ཡོད་པ་ཞིག་ཡིན་ཞེས་གསུངས་ཤིང་།
ཁྲོ་པ(Trueba: 1991)ཡིས་ང་ཚོར་ཨ་མེ་རི་ཁའི་གྲངས་ཉུང་མི་རིགས་འགའ་རེ་ཞིག་གི་དངོས་དཔེ་བཀོལ་ནས་བསྟན་དོན། ཁོ་ཚོས་སློབ་གསོའི་བརྒྱུད་རིམ་དུ་མཇུག་མཐར་ཕ་སྐད་བོར་ནས་འདི་ལྟ་བུའི་མི་ཚོགས་ཤིག་ཏུ་གྱུར་པ་སྟེ། ཁོ་ཚོ་རང་མི་རིགས་ལ་མི་གཏོགས་པ་དང་། རྒྱལ་ཁབ་དེའི་གཞུང་སྐད་བཤད་པའི་གྲངས་མང་མི་རིགས་ཀྱི་གྲས་སུའང་མི་གཏོགས་པར་འདོད་པས། ཁོ་ཚོ་ནི་རང་གི་ཐོབ་ཐང་དང་རྒྱབ་ལྗོངས་གང་ཡིན་མི་ཤེས་པའི་མི་ཚོགས་ཤིག་ཏུ་གྱུར་པ་རེད།

བཞི་བ། སྐད་གཉིས་སློབ་གསོ།

དུས་ཡུན་རིང་བོ་ཞིག་ལ། སློབ་གསོའི་བྱ་བ་བྱེད་མཁན་གྱིས་སློབ་གྲྭའི་ནང་དུ་སྐད་གཉིས་སློབ་ཁྲིད་བྱེད་པར་མི་འཐད་པ་ཡིན། རྒྱུ་མཚན་ནི་ཁོ་ཚོས་བྱིས་པའི་དུས་སྔ་མོའི་རིག་སྟོབས་འཕེལ་བར་གནོད་པའི་ལྟ་ཚུལ་བཟུང་ཡོད་པས་ཡིན། ལྟ་ཚུལ་འདི་དུས་རབས20བའི་ལོ་རབས60བར་དུ་རྒྱུན་བསྐྱངས་པ་རེད། ལྟ་ཚུལ་དེ་ལྟར་ན། སྐད་གཉིས་ནི་རིག་སྟོབས་ཀྱི་འཕེལ་རྒྱས་ལ་མཚོན་ན་ལོ་འབྲས་མི་འབྱུང་བའི་ས་གཤིས་ཞན་པ་ལྟ་བུ་ཞིག་དང་། བྱིས་པས་སྐད་རིགས་སྣ་གཅིག་ཤེས་པ་དེ་ལོ་ལེགས་འབྱུང་བའི་ས་རྒྱུ་གཤིན་པོ་ཞིག་དང་མཚུངས་ཤིང་དེས་རིག་སྟོབས་སྤེལ་བར་ཕན་པར་འདོད། ཁྲོ་པ(Trueba: 1991)ཡིས་བསྟན་དོན། དུས་ཡུན་རིང་བོ་ཞིག་ལ་སློབ་གསོ་པ་རྣམས་ཀྱིས་གྲངས་ཉུང་མི་རིགས་ཀྱི་བྱིས་པའི་བསླབས་འབྲས་མི་ལེགས་པ་དེ་ནི་ཁོ་ཚོས་ཁྱིམ་ཚང་ནས་སྐད་རིགས་གཞན་པ་ཞིག་བཤད་པའི་རྐྱེན་ཡིན་པར་ཁག་དཀྲིས་པ་རེད། ཀ་ཝ(Garva)ཡིས་ཁོང་གི《དུས་རབས21པའི་སྐད་གཉིས་སློབ་གསོ》ཞེས་པའི་དཔེ་ཆའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་སྨྲ་བའི་བྱིས་པར་ལོ་རྒྱུས་སུ“རིག་རྟུལ་བྱིས་པ”ཞེས་མཚན་ཉིད་བཀོད་མྱོང་བ་དེར་ཁུངས་འདེད་བྱས།

པེ་ཁ(Baker;1996)ཡིས་བསྟན་དོན། གྲངས་ཉུང་མི་རིགས་ཀྱི་ཕ་སྐད་དེ་དུས་ཡུན་རིང་བོ་ཞིག་ལ་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པ་སྐྱེལ་བའི་རྒྱུ་རྐྱེན་ཞིག་ཏུ་བལྟས་ཤིང་། ལོ་རྒྱུས་སུ་དུས་ཡུན་རིང་བོ་ཞིག་ལ་སྐད་གཉིས་སློབ་གསོའི་དམིགས་འབེན་ནི་གྲངས་ཉུང་མི་རིགས་ཀྱི་བྱིས་པ་དེ་དག་བསྒྱུར་རྒྱུའི་ཆེད་ཡིན་ལ། ཐ་ན་སློབ་གསོའི་བརྒྱུད་རིམ་དུ་བྱིས་པ་འདི་དག་གི་ཕ་སྐད་རྩ་མེད་དུ་གཏོང་ཐབས་བྱེད་པ་ཡིན། ཀ་ཝ་ཡིས་བསྟན་དོན།1878ལོར་ཨ་མེ་རི་ཁ་ནས་གྲོས་འཆམ་བྱུང་བའི་ཨ་མེ་རི་ཁའི་གཞི་སྡོད་ཡུལ་མིའི་བྱིས་པར་དམིགས་པའི་སློབ་གསོའི་སྲིད་ཇུས་ནི། གཞི་སྡོད་ཡུལ་མིའི་བྱིས་པ་རྣམས་བཅའ་སྡོད་སློབ་གྲྭར་བསྐྱལ་དགོས་པ་ལག་བསྟར་བྱེད་རྒྱུ་མ་ཟད། གཞི་སྡོད་ཡུལ་མིའི་བྱིས་པའི་སྐད་རིགས་ནི་ཀླ་ཀློའི་ཡུལ་སྐད་དུ་མཚན་ཉིད་བཀོད་ཡོད། དེ་ནས་བཟུང་སྟེ་གཞི་སྡོད་ཡུལ་མིའི་བྱིས་པ་ཚང་མ་བཅའ་སྡོད་སློབ་གྲྭར་བསྐྱལ་བ་མ་ཟད། བྱིས་པ་དང་ཕ་མ་འཕྲད་མི་ཆོག་པའི་བཀའ་བབས་ཡོད། རྒྱུ་མཚན་ནི་སློབ་གྲྭས་བྱིས་པའི་ཕ་མ་ཚོས་བཤད་པའི་སྐད་རིགས་དེས་བྱིས་པར་གནོད་རྐྱེན་ཐེབས་པ་མ་ཟད། བྱིས་པ་དེ་དག་གཙོ་གྲས་སྤྱི་ཚོགས་སུ་བསྒྱུར་བའི་བགྲོད་རིམ་ཡང་ཇེ་དལ་དུ་གཏོང་བའི་ལྟ་ཚུལ་བཟུང་ཡོད།

དུས་རབས19པར་གནས་སྤོས་ཡུལ་མི་འབོར་ཆེན་ཞིག་ཨ་མེ་རི་ཁར་བསླེབས་པ་དང་། དེ་དང་ཆབས་ཅིག་གནས་སྤོས་ཡུལ་མི་བསླེབས་པ་དང་འགྲོགས་ནས་སྤྱི་ཚོགས་སུ་དབྱིན་ཇིའི་སྐད་དང་མི་གཅིག་པའི་སྐད་ཆ་འདྲ་མིན་མང་པོ་བྱུང་བས། སྤྱི་ཚོགས་སུ་གནས་སྤོས་ཡུལ་མི་ལས་བྱུང་བའི་དབྱིན་སྐད་མིན་པའི་སྐད་ཆ་དེ་རིགས་ལ་སེམས་ཁུར་གྱི་བསམ་ཚུལ་ཡང་བྱུང་བ་རེད། ཁ་ས་ནོ་ཝ(Casnova;1993)དང་ཨ་རེ་སི(Arias)རྣམ་པ་གཉིས་ཀྱིས་བསྟན་དོན། སློབ་གྲྭས་སྐད་གཅིག་སྲིད་ཇུས(དབྱིན་སྐད)སྤེལ་བས། གྲངས་ཉུང་མི་རིགས་ཀྱི་བྱིས་པ་དེ་དག་གཞི་སྡོད་ཡུལ་མིའམ་གནས་སྤོས་ཡུལ་མི་སྟེ་གང་གི་བྱིས་པ་ཡིན་རུང་། སློབ་གྲྭའི་ནང་དུ་རང་གི་ཕ་སྐད་བཤད་མི་ཆོག་པ་ཡིན། གལ་ཏེ་སློབ་ཁང་ངམ་ལུས་རྩལ་ར་བ་གང་རུང་དུ་ཕ་སྐད་བཤད་པ་རྟོགས་ཚེ། སློབ་གྲྭས་ཆད་པ་ལྗིད་མོ་གཅོད་པ་ཡིན།

ཝེ་ཧྲི་ནི་དབྱིན་ཇིའི་གྲངས་ཉུང་མི་རིགས་ཤིག་ཡིན། དབྱིན་ཇི་ནས་སྔོན་ཆད་ཝེ་ཧྲིའི་བྱིས་པར“ཝེ་ཧྲིའི་སྐད་ཆ་བཤད་མི་ཆོག”པའི་སྲིད་ཇུས་ལག་བསྟར་བྱས་མྱོང་། སུའེ་ཏེན་ནས་ཀྱང་ཧྥིན་ལན་ནས་ཡོང་བའི་གནས་སྤོས་ཡུལ་མིའི་བྱིས་པ་ནི“སྐད་ཆའི་ཕྱོགས་སུ་རིག་པ་རྟུལ་བའི་བྱིས་པའི”གྲས་སུ་བཀར་ཡོད་པ་དང་།“རིག་པ་རྟུལ་བའི་མི”ཞེས་པ་ནི“ཧྥིན་ལན་མི”ཡི་ཚབ་མིང་དུ་གྱུར་ཡོད། དེ་བཅོས་ཐབས་ནི་སུའེ་ཏེན་མི་རུ་འགྱུར་བ་སྟེ། སུའེ་ཏེན་གྱི་སྐད་ཆ་བཤད་པ་དང་། སུའེ་ཏེན་གྱི་རིག་གནས་དང་ལེན་བྱེད་པ། སུའེ་ཏེན་གྱི་སྤྱི་ཚོགས་སུ་འཇུག་པ་སོགས་བྱས་ནས་ཧྥིན་ལན་སྐད་བརྗེད་དུ་འཇུག་པ་དེ་ཡིན། དེ་ལྟར་བྱས་པའི་མཇུག་འབྲས་ནི་ཧྥིན་ལན་ནས་ཡོང་བའི་གནས་སྤོས་ཡུལ་མིའི་བྱིས་པ་ཧ་ཅང་མང་པོ་ཞིག་གིས་སློབ་གསོ་བརྒྱུད་དེ་རང་གི་ཕ་སྐད་བརྗེད་ནས་སུའེ་ཏེན་གྱི་སྐད་ཆ་བཤད་པའི་སྐད་གཅིག་སྨྲ་མཁན་དུ་གྱུར་པ་རེད། ཁོ་མེན་སོ(Cummins;1986)ཡིས《སློབ་གསོའི་ཁྲོད་ཀྱི་སྐད་གཉིས》ཞེས་པའི་དཔེ་ཆའི་ནང་དུ་མི་མང་པོ་ཞིག་གིས་སྐད་གཉིས་སློབ་གསོ་སྤེལ་མི་དགོས། སྐད་གཅིག་སློབ་གསོ་སྤེལ་བ་དེས་ཆོག་འདུག་སྟེ། གནས་སྤོས་ཡུལ་མིའི་བྱིས་པར་དབྱིན་སྐད་སློབ་ཏུ་འཇུག་པའི་སྐད་གཅིག་སྲིད་ཇུས་སྤྱད་ནས་ཁོ་ཚོ་བསྒྱུར་དགོས། དེ་ལྟར་བྱས་ན། ང་ཚོ་སློབ་གསོའི་ཕྱོགས་སུ་འཕྲད་པའི་གནད་དོན་མང་པོ་ཞིག་མདུད་བརྒྱ་ངང་གིས་གྲོལ་ཐུབ་པ་ཡིན། སློབ་གསོ་པ་རྣམས་ཀྱིས་བྱིས་པས་རང་ཁྱིམ་ནས་སྐད་རིགས་གཞན་ཞིག་བཤད་པས་དེ་སློབ་འབྲས་ལེགས་པོ་ཞིག་ལེན་པའི་འགག་རྐྱེན་དུ་གྱུར་ཡོད་ཅེས་སྐྱོན་བརྗོད་བྱས། ཡིན་ནའང་ང་ཚོས་གསལ་བོར་ཤེས་རྒྱུ་ཞིག་ནི། སྐད་གཅིག་ཅན་དུ་བསྒྱུར་བའི་སྲིད་ཇུས་དེས་སྤྱི་ཚོགས་ལ་མངོན་མེད་རྐྱེན་ངན་གྱི་གནད་དོན་གང་མང་ཞིག་སློང་ངེས་ཡིན་ཞེས་བསྟན།

རྒྱལ་ཁབ་མང་པོ་ཞིག་ཏུ། སྐད་གཉིས་སློབ་གསོ་ནི་གནས་སྤོས་ཡུལ་མིའི་བྱིས་པར་དམིགས་ནས་ཇུས་འགོད་བྱས་པ་ཡིན། ཨ་མེ་རི་ཁས་གནས་སྤོས་ཡུལ་མིའི་བྱིས་པར་སྐད་གཉིས་སློབ་གསོའི་རྣམ་པ་མི་འདྲ་བ་རིགས་གསུམ་མཁོ་སྤྲོད་བྱས་ཡོད་ལ། ཡིན་ནའང་དེའི་དམིགས་ཡུལ་གཙོ་བོ་ནི་བྱིས་པའི་ཕ་སྐད་དེ་བྱིས་པ་རྣམས་ཀྱིས་སྐད་རིགས་གཉིས་པ་དེ་སློབ་པའི་ཟམ་པ་ལྟ་བུར་བྱས་ནས། རིམ་བཞིན་དུ་བྱིས་པས་སྐད་རིགས་གཉིས་པ་དེ་བྱང་ཆུབ་པར་བཀོལ་སྤྱོད་ཐུབ་པའི་ནུས་པར་བསླེབས་པ་དེ་ཡིན། ཚད་དེར་ཐོན་སྐབས་སློབ་གྲྭས་ཕ་སྐད་སྤྱད་དེ་སྐད་རིགས་གཉིས་པ་སློབ་པའི་སློབ་ཁྲིད་རྣམ་པ་དེ་མཚམས་འཇོག་པ་ཡིན། སུའུ་ལེན་སྔོན་མའི་སྐད་གཉིས་སློབ་ཁྲིད་ནི་ཨ་མེ་རི་ཁ་དང་མི་འདྲ་སྟེ། སུའུ་ལེན་སྔོན་མའི་སྐད་གཉིས་སློབ་གསོ་ནི་རང་རྒྱལ་ཁབ་ཀྱི་ཕ་རབས་བུ་རྒྱུད་དུ་གནས་དེར་གཞི་སྡོད་བྱས་པའི་གྲངས་ཉུང་མི་རིགས་དག་ལ་དམིགས་པ་ཡིན། སུའུ་ལེན་སྔོན་མས་ཕ་སྐད་ནི་ཨུ་རུ་སུའི་སྐད་མིན་པའི་གྲངས་ཉུང་མི་རིགས་རྣམས་ལ་སློབ་ཚན་ཡོངས་རྫོགས་ཕ་སྐད་ཀྱིས་སློབ་ཁྲིད་བྱེད་པ་དང་། ཨུ་རུ་སུའི་སྐད་ནི་སྐད་བརྡའི་སློབ་ཁྲིད་ཅིག་བྱས་ནས་སློབ་པ་ཡིན། མོ་ལཱ་ཡེ་ཧེ(Mclaughin)ཡིས1986ལོར་སུའུ་ལེན་སྔོན་མའི་སློབ་གསོ་པས་བྱིས་པར་དུས་སྔ་མོ་ནས་ཕ་སྐད་ཀྱི་རྨང་གཞི་བརྟན་པོ་ཞིག་བཞག་ཚེ། ད་གཟོད་སྐད་རིགས་གཉིས་པ་སློབ་པར་རོགས་རམ་བྱེད་ཐུབ་པར་ཡིད་ཆེས་ཡོད་པས། སུའུ་ལེན་སྔོན་མའི་སློབ་གསོའི་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་གྲངས་ཉུང་མི་རིགས་ཀྱི་སྐད་དང་རིག་གནས་ལ་རྒྱབ་སྐྱོར་དང་དབུལ་སྐྱོར་བྱས་པ་ཡིན། ཨ་མེ་རི་ཁའི་སྐད་གཉིས་སློབ་གསོ་ནི་གནས་སྤོས་ཡུལ་མིའི་བྱིས་པར་དམིགས་པ་ཡིན་ལ། སུའུ་ལེན་སྔོན་མའི་སྐད་གཉིས་སློབ་གསོ་ནི་གྲངས་ཉུང་མི་རིགས་ཀྱི་བྱིས་པར་དམིགས་པ་ཡིན་པས། དེ་ལས་སློབ་གསོའི་བྱ་ཡུལ་མི་གཅིག་པས། སྐད་གཉིས་སློབ་གསོའི་སྲིད་ཇུས་དང་སློབ་གསོའི་བྱེད་སྟངས་ཀྱང་མི་གཅིག་པ་མཐོང་ཐུབ།

སློབ་གསོ་པ་རྣམས་ཀྱིས་དུས་ཡུན་རིང་བོར་སྐད་གཉིས་སློབ་གསོར་དགག་པ་བརྒྱབ་ནས། དེས་རིག་སྟོབས་འཕེལ་རྒྱས་ལ་གནོད་པ་མ་ཟད། སྤྱི་ཚོགས་ཀྱི་བདེ་འཇགས་ལའང་གནོད་པའི་ལྟ་ཚུལ་བཟུང་ཡོད། ལྟ་ཚུལ་འདི་ནི་དུས་རབས་གོང་མའི་ལོ་རབས60པར་ད་གཟོད་འགྱུར་ལྡོག་བྱུང་བ་ཡིན་ལ། ལྟ་ཚུལ་འདི་བསྒྱུར་བ་ལ་བྱས་རྗེས་ཆེ་བ་ནི་ཁ་ན་ཏའི་སྐད་གཉིས་སློབ་ཁྲིད་ཀྱི་ལས་གཞི་ཞིག་ཡིན། ལས་གཞི་དེས་དངོས་དཔེར་བརྟེན་ནས་བྱིས་པས་སྐད་གཉིས་བསླབས་ནས་ཐོབ་པའི་ཕན་འབྲས་ནི་ཕྱོགས་མང་པོ་ནས་སྐད་གཅིག་སློབ་པ་ལས་ལེགས་ཚུལ་ར་སྤྲོད་བྱས་པ་མ་ཟད། དུས་མཚུངས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་སློབ་གསོས་སྤྱི་ཚོགས་ལ“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་ཡང་སྐྱེད་སྲིང་བྱེད་ཐུབ་པ་ར་སྤྲོད་བྱས།

སྐད་གཉིས་སློབ་གསོའི་ལས་གཞི་འདི་ནི་ཁ་ན་ཏའི་ཁོས་པེ་ཁུ་ཞིང་ཆེན་དུ་བྱུང་བ་ཡིན་ལ། ཁོས་པེ་ཁུ་ཞིང་ཆེན་གྱི་གཞུང་སྐད་ནི་ཧྥ་རན་སེའི་སྐད་ཡིན་པ་མ་ཟད། ཧྥ་རན་སེའི་སྐད་ནི་ས་ཁུལ་འདིའི་མི་མང་ཤོས་ཀྱི་སྤྱི་སྐད་ཡིན། ཡིན་ནའང་ས་ཁུལ་འདིར་ཕ་སྐད་ནི་དབྱིན་སྐད་ཡིན་པའི་མི་སྐོར་ཞིག་བསྡད་ཡོད། ལས་གཞི་འདི་ནི1960ལོར་མགོ་བརྩམས་པ་ཡིན། ཁོ་མེན་སི(Cummins 1996)ཡིས་བསྟན་དོན། སྐད་གཉིས་ལས་གཞི་འདིས་དུས་རིམ་མི་གཅིག་པ་གསུམ་དུ་བགོས་ནས་སྐད་གཉིས་སློབ་གསོའི་ཐབས་ཇུས་ལག་བསྟར་བྱས་པ་སྟེ། དུས་སྔ་མོའི་སྐད་གཉིས་སློབ་གསོའི་དུས་རིམ་ནི་བྱིས་པ་ཁང་ངམ་ཡང་ན་སློབ་ཆུང་གི་ལོ་རིམ་དང་པོ་ནས་མགོ་བརྩམས་པ་དང་། དུས་རིམ་བར་མ་ནི་སློབ་ཆུང་གི་ལོ་རིམ་བཞི་བའམ་ལྔ་བ་ནས་མགོ་བརྩམས་པ། དུས་རིམ་གཞུག་མ་ནི་ལོ་རིམ་བདུན་པ(རང་རྒྱལ་གྱི་དམའ་འབྲིང་གི་ལོ་རིམ་དང་པོ་ཡིན)ནས་མགོ་བརྩམས་པ་ཡིན། སྐད་གཉིས་སློབ་གསོ་འདིའི་དམིགས་ཡུལ་ནི་བྱིས་པ་རྣམས“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་དུ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན། དུས་རིམ་སྔོན་མ་གཉིས་ལ་སྐད་གཉིས་སློབ་ཁྲིད་བྱས་རྗེས། དུས་རིམ་གསུམ་པར་ཐོན་ཚེ། བྱིས་པ་རྣམས་ཀྱིས་བྱང་ཆུབ་པའི་ངང་སྐད་རིགས་སྣ་གཉིས་ཁོང་དུ་ཆུད་ཡོད། སློབ་གྲྭའི་དམིགས་ཡུལ་ནི་བྱིས་པ་རྣམས“སྣོན་རྩིས་ཚུལ”ལྟ་བུའི་སྐད་གཉིས་སྨྲ་མཁན་དུ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་པས། དུས་རིམ་གསུམ་པའི་སྐད་གཉིས་སློབ་ཁྲིད་སྐབས་སུ་ཧྥ་རན་སེའི་སྐད་དང་དབྱིན་སྐད་གཉིས་སོ་སོ་བརྒྱ་ཆའི་ལྔ་བཅུ་རེ་ཆ་སྙོམ་དུ་སྤྱོད་པ་ཡིན། ཁ་ན་ཏའི་ཁོས་པེ་ཁུ་ཞིང་ཆེན་གྱི་སྐད་གཉིས་སློབ་ཁྲིད་ཀྱི་ལས་གཞི་དེ་ལ་སློབ་གསོ་ཆེད་མཁས་པ་གང་མང་ཞིག་གིས་དོ་སྣང་བྱས་པ་མ་ཟད། མཁས་པ་མང་པོ་ཞིག་ས་ཆ་དེར་དངོས་སུ་སོང་ནས་ཞིབ་འཇུག་བྱས་པ་ཡིན། ཞིབ་འཇུག་བྱས་པའི་མཇུག་འབྲས་ནི་ལས་གཞི་འདིར་ཞུགས་པའི་སྐད་གཉིས་བྱིས་པའི་བསླབས་འབྲས་ནི་སྐད་གཅིག་བྱིས་པ་ལས་ཡོངས་ཁྱབ་ཏུ་མཐོ་བ་ཡིན། ཁ་ས་ནོ་ཝ་དང་ཨ་རེ་སི་རྣམ་པ་གཉིས་ཀྱིས1993ལོར་ཁ་ན་ཏའི་སྐད་གཉིས་ལས་གཞི་འདིས་ཐེངས་དང་པོར་སེམས་མཁན་རིག་པའི་ཞིབ་འཇུག་དང་སློབ་གསོ་རིག་པའི་ཞིབ་འཇུག་གི་སྟེང་ནས་བྱིས་པས་ཆུང་དུས་ནས་སྐད་གཉིས་བསླབས་ན། བྱིས་པའི་རིག་སྟོབས་འཕེལ་རྒྱས་ལ་བར་ཆད་ཅི་ཡང་མེད་པ་མ་ཟད། འཚར་ལོངས་འབྱུང་བར་ཕན་ཐོགས་ཆེན་པོ་ལྡན་པ་ཐག་གིས་ཆོད་ཅིང་། འདི་ནི་སྐད་གཉིས་ཞིབ་འཇུག་ལ་མཚོན་ན་ལོ་རྒྱུས་རང་བཞིན་གྱི་དཀྱོག་མཚམས་དུས་རིམ་ཞིག་ཡིན་ཞེས་ནན་བཤད་བྱས།

ལྔ་བ། མཇུག་བསྡུ་བའི་ཚིག

རྩོམ་འདིའི་ནང་དུ་སྐད་གཉིས་ཞིབ་འཇུག་ལ་ཤེས་རྟོགས་བྱུང་བའི་བརྒྱུད་རིམ་མདོར་བསྡུས་ཤིག་བརྗོད་ཡོད། བརྒྱུད་རིམ་དེ་ནི་སྐད་གཉིས་སློབ་ཁྲིད་ལ་དགག་པ་རྒྱག་པ་ནས་ཁས་བླངས་པའི་བརྒྱུད་རིམ་ཞིག་ཡིན་ཏེ། གྲངས་ཉུང་མི་རིགས་ཀྱི་བྱིས་པར་སྐད་གཉིས་དགོས་དོན་མེད་པ་དང་། སྐད་གཉིས་ཀྱིས་བྱིས་པའི་རིག་སྟོབས་འཕེལ་བ་ལ་བར་ཆད་བཟོ་བ་དང་བྱིས་པ་གཙོ་རྒྱུགས་སྤྱི་ཚོགས་སུ་འཇུག་པའི་བགྲོད་རིམ་ལ་ངན་རྐྱེན་ཐེབས་པ། སྐད་གཉིས་ཀྱིས་སྤྱི་ཚོགས་ཀྱི་བདེ་འཇགས་ལའང་གནོད་པ་སོགས་ཀྱི་ལྟ་ཚུལ་བཟུང་ཡོད། དུས་རབས་གོང་མའི་ལོ་རབས60པ་ནས་བཟུང་སྐད་གཉིས་ཞིབ་འཇུག་ནི་དུས་རིམ་གསར་བ་ཞིག་ལ་བསླེབས་པ་སྟེ། གྲངས་ཉུང་མི་རིགས་ལ་སྐད་གཉིས་མཁོ་བ་དང་།
སྐད་གཉིས་ཤེས་ན་བྱིས་པའི་རིག་སྟོབས་འཕེལ་རྒྱས་ལ་ཕན་པ་ལྡན་པ་སོགས་ཁས་བླངས་པ་དང་། དུས་མཚུངས་སུ་སྐད་གཉིས་ནི་རྙོག་འཛིང་ཆེ་བའི་གནད་དོན་ཞིག་ཡིན་པའང་རྟོགས། དེར་བརྟེན་སྐད་གཉིས་ནི་སྐད་བརྡ་རིག་པའི་ཕྱོགས་ཀྱི་གནད་དོན་ཙམ་ཞིག་མིན་པར། དེ་ནི་སྤྱི་ཚོགས་ལམ་ལུགས་ངེས་ཅན་འོག་ཏུ་བྱུང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཀྱང་ཡིན་པས། འདི་ནས་བཟུང་སྐད་གཉིས་ཞིབ་འཇུག་ནི་སྐད་བརྡ་རིག་པ་དང་སྤྱི་ཚོགས་རིག་པ། མི་རིགས་རིག་པ། ས་ཁམས་སྤྱི་ཚོགས་རིག་པ་སོགས་རིག་ཚན་མང་པོས་ཞིབ་འཇུག་བྱ་གཞི་ཞིག་ཏུ་གྱུར་ཡོད།།

ཡེ་ཤེས་ལྷ་མོ་མཚོ།  དབྱིན་ཇིའི་ལི་ཙི་སློབ་ཆེན་སློབ་གསོ་སློབ་གླིང་གི་འབུམ་རམས་པའི་ཞིབ་འཇུག་སློབ་མ། 

དཔྱད་གཞིའི་ཡིག་ཆ།

[1] BAKER,C.1988.Key issues in bilingualism and bilingual education. London: Multilingual matters

[2] BAKER,C.2006.Foundations of bilingualism education and bilingualism. Bristol: Multilingual matters.

[3] CASANOVA,U.& ARIAS,M.B.1993. Contextualizing bilingual education In:ARIAS,M.B.& CASANOVA,U.(eds.) Bilingual education: politics, practice, and research.Chicago:NSSE.

[4] GIBBONS,P.1991.Learning to learn in a second language.Sydney:Heinemann Portsmouth,NH.

[5] GROSJEAN,F.1982.Life with two languages:an introduction to bilingualism. Unite States of America: Harvard University Press.

[6] CONTEH,J.2003.Succeeding in diversity culture, language and learning in primary classrooms.UK: Trentham Book.

[7] CUMMINS,J.1996.Negotiating identities:education for empowerment in a diverse society.California:California Assn for Bilingual.

[8] JALAVA,A.1988.Mother tongue and identity:nobody could see that I was a Fin.In:SKUTNABB-KANGAS,T.& CUMMINS,J. (eds.) Minority education:from shame to struggle.Clevedon:Multilingual Matters Ltd.

[9] JARCIA,O.2009.Bilingual education in the 21 century;a global perspective.UK:Wiley - Blackwell.

[10] KING,K.& FOGLE,L.2006.Bilingual parenting as good parenting:parents' perspective on family language policy for additive bilingualism.Bilingual Education and Bilingualism,9,695-710.

[11] MACHERRAS,C.2004.Who is China? Who is Chinese? Han - minority relations,legitimacy,and the state.In GRIES,P.H.& ROSEN,S.(eds.)State and Society in 21st-century China.London: Routledge.

[12]MACHERRAS,C.1994.China's minorities:Integration and modernization in the twentieth century.Oxford University Press.

[13] MCLAUGHLIN,B.1986. Multilingual education:theory east and west.In SPOLSKY,B.(ed.) Language and education in multilingual settings.Clevedon: Multilingual Matters Ltd.

[14] OGBU,J.U.& SIMONS,H.D.2008. Voluntary and involuntary minorities: A cultural-ecological theory of school performance with some implications for education.Anthropology and Education, 29, 155-188.

[15] SKUTNABB-KANGAS,T.1988. Minority education:from shame to struggle. Clevedon:Multilingual Matters Ltd.

[16] TOSI,A.1979. Mother-tongue teaching for the children of migrants. Language Teaching,12,213-231.

[17] TRUEBA,H.1991.The role of culture in bilingual instruction: Linking linguistic and cognitive development to cultural knowledge.In GARCIA,O.(ed.) Bilingual education:Focusschrift in honor of Joshua A.Fishman.Now York: Publishing Company.

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།