རྗེ་ཙོང་ཁ་པས་བོད་ཀྱི་དགོན་སྡེ་སློབ་གསོ་ལ་བཞག་པའི་མཛད་རྗེས་སྐོར་གླེང་བ།

[གནད་བཏུས] དུས་རབས་བཅུ་བཞི་བའི་དུས་དཀྱིལ་དུ་བོད་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ་བྱོན་ནས། དཔལ་རི་བོ་དགེ་ལྡན་པའི་གྲུབ་མཐའི་སྲོལ་བཏོད་ཅིང་། བོད་ཀྱི་དགོན་སྡེ་སློབ་གསོ་ལ་ཆུ་སྣ་གསར་འདྲེན་བྱས་ཏེ་བྱས་རྗེས་མི་དམན་པ་བཞག་ཡོད། དཔྱད་རྩོམ་འདིར་རྗེ་ཙོང་ཁ་པས་བོད་ཀྱི་སློབ་གསོའི་ཐད་བྱས་རྗེས་གང་འདྲ་བཞག་ཡོད་པ་ཕྱོགས་གསུམ་གྱི་སྒོ་ནས་གླེང་ཡོད།

[གནད་ཚིག] རྗེ་ཙོང་ཁ་པ། བོད་ཀྱི་སློབ་གསོ། དགའ་ལྡན་ཁྲི་བ།

གླེང་གཞི།

མི་རྣམས་འཇིག་རྟེན་འདིར་སྐྱེས་པ་ནས་བཟུང་སློབ་གསོ་རབ་དང་རིམ་པའི་སྒོ་ནས་སྤྱི་ཚོགས་ཀྱི་གྲུ་སྣེ་ཞིག་ནས་མ་ཤེས་པ་ནས་ཤེས་པར་གྱུར་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ཞིག་གི་མགོ་བརྩམ་དགོས། སྤྱིར་བཏང་དུ་སློབ་གསོ་ལ། ཁྱིམ་གྱི་སློབ་གསོ་དང་སློབ་གྲྭའི་སློབ་གསོ་རྣམ་པ་གཉིས་སུ་དབྱེ་མོད། དོན་དངོས་སུ་དེ་ལས་གཞན་ད་དུང་ཕྱི་རོལ་གྱི་རང་བྱུང་ཁམས་དང་སྤྱི་ཚོགས་གཉིས་ཀ་བརྒྱུད་ནས་ཤེས་བྱ་མང་པོ་བསྡུ་ལེན་བྱེད་ཀྱི་ཡོད། དུས་ད་ལྟ་ལྟ་བུར་མཚོན་ན། ཤེས་བྱ་བསྡུ་ལེན་བྱེད་པའི་སྨྱན་བྱད་སྣ་ཚོགས་ཡོད་དེ། དཔེར་ན། དྲ་རྒྱ་དང་ཚགས་པར། རྒྱང་སྒྲོག་དང་བརྙན་འཕྲིན་སོགས་གང་རུང་ལ་བརྟེན་ནས་རང་བྱུང་ཁམས་དང་སྤྱི་ཚོགས་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་མངོན་འགྱུར་བྱེད་ཐུབ་ཀྱི་ཡོད་པས། མི་རྣམས་ཀྱི་རྒྱུད་ལ་ཤེས་བྱ་རིག་གནས་འབྱོར་བའི་ཐབས་ལམ་སྣ་ཚོགས་ཡོད་འདུག

བོད་མི་རིགས་ཀྱིས་གནའ་ནས་དེང་བར་དུ་སློབ་གསོའི་རྣམ་པ་ངེས་ཅན་ཞིག་གི་ཤུགས་རྐྱེན་འོག དུས་ད་ལྟའི་རྒྱ་མཚོ་ལྟར་ཟབ་པ་དང་ཉི་ཟླ་ལྟར་གཟི་འོད་འཚེར་བའི་རིག་གཞུང་ཁྱད་དུ་འཕགས་པ་འདི་འདྲ་ཞིག་རྒྱུད་འཛིན་བྱས་པ་རེད། སྔོན་བྱོན་མཁས་དབང་རྣམས་ཀྱིས་བོད་ཀྱི་སློབ་གསོ་འདི་དུས་རིམ་ཆེན་པོ་བཞི་རུ་བགོས་ཡོད་དེ།“དུས་རིམ་དང་པོ་ནི་བོན་སྒྲུང་ལྡེའུ་གསུམ་སྐབས་ཀྱི་སློབ་གསོ་དང་། དུས་རིམ་གཉིས་པ་ནི་བོད་ཆེན་པོའི་སྐབས་ཀྱི་སློབ་གསོ། དུས་རིམ་གསུམ་པ་ནི་བསྟན་པ་ཕྱི་དར་སྐབས་ཀྱི་སློབ་གསོ། དུས་རིམ་བཞི་བ་ནི་ཉེ་རབས་སློབ་གསོ་བཅས་ཡིན།”①ཡོངས་གྲགས་སུ། བོད་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་།   བོད་ཀྱི་ཆབ་སྲིད་ནི་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་ཟེར་བ་ལྟར། དེ་ལ་རྟོག་བཏགས་ཀྱི་སྒོ་ནས་ཚིག་གི་སྒྱུ་རྩལ་གྱིས་ཕྱུག་པའི་འཇིག་རྟེན་གྱི་གཡུལ་ཐབས་སོགས་གཙོར་བྱས་པའི་ལྷ་སྒྲུང་དང་། གནས་ལུགས་ཅི་རིགས་ཀྱི་དོན་སྦས་ནས་མི་རྣམས་ཀྱི་བློ་སྒོ་འབྱེད་པའི་ལྡེའུ། དེ་བཞིན་ལྷ་འདྲེ་གསོལ་མཆོད་ཀྱི་བོན་བཅས་སོ།། བོད་དམངས་རྣམས་ཀྱིས་སྒོ་འདི་གསུམ་པོའི་ལམ་ནས་མེས་པོའི་ཤུལ་བཞག་གི་ལོ་རྒྱུས་རྣམས་ཕྱི་རབས་ལ་བརྒྱུད་སྤྲོད་བྱེད་བཞིན་ཡོད། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སངས་རྒྱས་ཆོས་ལུགས་བོད་དུ་དར་མགོ་བཙུགས་པ་ནས་བཟུང་། དབང་སྒྱུར་གྲལ་རིམ་གྱིས་ཆབ་སྲིད་ཀྱི་དགོས་མཁོ་ལྟར། སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་ཆེད་གཙུག་ལག་ཁང་དང་ཆོས་གྲྭ་མང་དུ་བཞེངས་པ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་ནས་སད་མི་བདུན་རབ་ཏུ་བྱུང་བས་བོད་ལ་དགོན་སྡེ་སློབ་གསོ་ཞེས་པའི་སློབ་གསོའི་མ་ལག་གསར་བ་ཞིག་ཆགས་མགོ་ཚུགས། དེ་ཡང་སྤྱི་ཚོགས་ཀྱི་སྣང་ཚུལ་འདི་འདྲ་ཞིག་བྱུང་བར་རྐྱེན་ངེས་ཅན་ཞིག་ཡོད་དེ། གཅིག་ནས་བོད་རྒྱལ་རིམ་བྱོན་གྱིས་ནང་ཆོས་ལ་རྒྱབ་སྐྱོར་བླ་ལྷག་ཏུ་བྱས་པ་དང་། བན་བོན་ཆོས་རྩོད་ཁྲོད་བོན་ཆོས་ཕམ་ནས་བོད་ཀྱི་སྤྱི་ཚོགས་ནས་ཕྱིར་འབུད་བཏང་བས། སངས་རྒྱས་ཆོས་ལུགས་དེ་བོད་ཀྱི་སྤྱི་ཚོགས་ཀྱི་གཙོ་རྒྱུག་ཆོས་ལུགས་སུ་ཆགས། གཉིས་ནས་ནང་ཆོས་ལ་མིའི་བསམ་བློ་ཀུན་སྤྱོད་ལ་སློབ་གསོ་གཏོང་ཐུབ་པའི་རང་བཞིན་ལྡན་པས། དབང་སྒྱུར་གྲལ་རིམ་གྱིས་རང་འགུལ་གྱིས་བོད་མི་ལ་སློབ་གསོ་བྱེད་སྟངས་དེ་ཆོས་ལུགས་ཀྱི་ལམ་དུ་ཕྱོགས་པ་རེད། བོད་སིལ་བུར་ཐོར་བའི་སྐབས་སུ་བསམ་བློ་མི་འདྲ་བ་དང་ལྟ་བ་མི་འདྲ་བ་ཤུགས་དྲག་པོའི་སྒོ་ནས་ཕྱིར་མངོན་པ་དང་། བླ་མའི་འཁྲིད་རྒྱུན་མི་གཅིག་པར་བརྟེན་ནས་བོད་དུ་གྲུབ་མཐའ་མི་འདྲ་བའི་ཆོས་བརྒྱུད་འཛིན་པ་མི་འདྲ་བ་ཆགས་པ་དང་། གྲུབ་མཐའ་འཛིན་པ་སོ་སོས་རང་ཉིད་ཀྱི་ལྟ་སྒོམ་སྤྱོད་གསུམ་འཁྲིད་སྦྱོང་དང་ཁྱབ་བསྒྲགས་ཀྱི་དགོན་སྡེ་ཡང་མང་པོ་གསར་དུ་བཏབ་པས། བོད་ཀྱི་དགོན་སྡེའི་སློབ་གསོའི་མ་ལག་ཀྱང་རིམ་བཞིན་འཐུས་ཚང་ཅན་དུ་གྲུབ། རྔོག་ལོ་སོགས་ནས་བརྒྱུད་པའི་གཞུང་གི་གོ་བ་ལ་བོགས་འབྱིན་པའི་ཐབས་ཏེ་འཆད་ཉན་གྱི་སྲོལ་དང་། ཕྱྭ་བ་ཆོས་ཀྱི་སེང་གེ་ནས་བརྒྱུད་པའི་གཞུང་གི་ཞིབ་ཆ་བརྡར་ཤ་གཅོད་པའི་ཐབས་ལམ་སྟེ་རྩོད་པའི་སྲོལ་རྨད་དུ་བྱུང་བ་དག་མཆིས་ནའང་། ས་པཎ་གྱི་སྐབས་ནས་བཟུང་ཐ་སྙད་གཞུང་ལུགས་ཀྱི་སྲོལ་ཕྱེ་བ་མ་ཟད། འཆད་ཁྲིད་གཞུང་ལུགས་བྱུང་བས་འཆད་རྩོད་རྩོམ་གསུམ་སྔར་ལས་ཁྱབ་གདལ་དུ་ཕྱིན། རྗེ་ཙོང་ཁ་པའི་སྐབས་སུ་བོད་ཀྱི་དགོན་སྡེ་སློབ་གསོ་སྲོལ་རྒྱུན་གྱི་གསང་ཕུའི་ཕྱག་རྒྱུན་རྒྱུད་འཛིན་བྱས་ཐོག ལམ་ལུགས་སློབ་ཁྲིད་བྱ་ཐབས་གསར་དུ་བཏད་ནས་བོད་ཀྱི་སློབ་གསོ་དེ་དུས་རིམ་གསར་བ་ཞིག་ཏུ་ཐོན།

དང་པོ། རྗེ་ཙོང་ཁ་པས་དགོན་པའི་བདག་དམ་སྒྲིག་གཞི་ཆ་ཚང་དུ་བཏང་བ།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བསམ་ཡས་གཙུག་ལག་ཁང་བཞེངས་ནས་སད་མི་བདུན་རབ་ཏུ་བྱུང་བ་ནས་བཟུང་། བོད་ཀྱི་དགོན་པ་དེ་སྐུ་གསུང་ཐུགས་རྟེན་ལ་མཆོད་འབུལ་བྱེད་སའི་གནས་ཙམ་གྱི་ངོ་བོ་ལས་བརྒལ་ཏེ། བོད་ཀྱི་སྤྱི་ཚོགས་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཆོས་གྲྭ་ཞིག་ཏུ་གྱུར། དུས་རབས་བཅོ་ལྔ་བའི་སྐབས་སུ་སླེབས་པ་ན། ཆོས་གྲྭ་འདི་དག་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འགན་ནུས་ལས་བརྒལ་ནས་བོད་དུ་མཁས་ཤིང་གྲུབ་པའི་སྐྱེས་བུ་དམ་པ་འབྱུང་སའི་གནས་ཤིག་ཏུ་གྱུར། རྗེ་ཙོང་ཁ་པས་དཔལ་རི་བོ་དགེ་ལྡན་པའི་དགོན་པ་ཕྱག་བཏབ་པ་དང་། ཆོས་གྲྭ་འདི་དག་གི་སློབ་གསོའི་སྒྲིག་གཞིའི་མ་ལག་འཐུས་ཚང་དུ་བཏང་། དགེ་ལུགས་པའི་དགོན་པའི་སློབ་གསོའི་མ་ལག་ཁྲོད་གདན་ས་ཆེན་པོ་གསུམ་གྱིས་གཙོ་བྱས་ཤིང་། གདན་ས་རེ་རེ་ལ་རང་རང་གི་སྒྲིག་འཛུགས་ཡོད། གདན་ས་སོ་སོའི་སྒྲིག་འཛུགས་དེ་རིམ་པ་གསུམ་དུ་དབྱེ་ཞིང་། བླ་སྤྱི་དང་། གྲྭ་ཚང་། ཁང་ཚན་བཅས་གསུམ་ཡོད་དེ། བླ་སྤྱི་ནི་དགོན་པའི་ནང་གི་སྒྲིག་འཛུགས་ཆེས་མཐོ་ཤོས་དེ་ཡིན་ཞིང་། དེའི་འགན་ནུས་གཙོ་བོ་ནི་དགོན་པའི་དཔལ་འབྱོར་དང་། དགོན་པའི་བཅའ་ཁྲིམས། སྨོན་ལམ་ཆེན་མོ་སོགས་ཀྱི་ལས་དོན་ལ་བདག་གཉེར་བྱེད་རྒྱུ་དེ་ཡིན། གྲྭ་ཚང་ནི་རིམ་པ་གཉིས་པའི་སྒྲིག་འཛུགས་ལས་ཁུངས་ཡིན་ལ། དེའི་འགན་ནུས་གཙོ་བོ་ནི་གྲྭ་པའི་སློབ་གཉེར་གྱི་ལས་དོན་ལ་དོ་དམ་དང་། གྲྭ་པའི་རྒྱུན་ལྡན་གྱི་འཚོ་བ་ལ་འགན་འཁུར་བྱ་རྒྱུ་དེ་ཡིན། གྲྭ་ཚང་ནི་དགོན་པའི་སློབ་གསོའི་སྒྲིག་གཞི་ཡིན། ཁང་ཚན་ནི་རིམ་པ་གསུམ་པའི་སྒྲིག་འཛུགས་ལས་ཁུངས་ཏེ། དགོན་པའི་ཆེས་དམའ་རིམ་གྱི་སྒྲིག་འཛུགས་ཡིན་ཏེ། མདོ་དབུས་ཁམས་གསུམ་ནས་ཡོང་བའི་ཆོས་བྱེད་པ་རྣམས་ཐོག་དང་པོ་གདན་ས་གང་དུ་ཞུགས་སྐབས། རང་རང་གི་ས་ཕྱོགས་ལྟར་ཁང་ཚན་ངེས་ཅན་ཞིག་ཏུ་བགོས་ནས་སློབ་སྦྱོང་བྱེད་པ་དང་། ཁང་ཚན་འདིའི་སྒྲིག་གཞིའི་འོག་ཏུ་འཚོ་གནས་བྱེད་དགོས་ཀྱི་ཡོད།

གཉིས་པ། རྗེ་ཙོང་ཁ་པས་དགོན་པའི་སློབ་གཉེར་གྱི་ལམ་ལུགས་ཚད་ལྡན་དུ་བཟོས་པ།

རྗེ་ཙོང་ཁ་པས་བོད་ཀྱི་སློབ་གསོ་ལ་བཞག་པའི་བྱས་རྗེས་གཙོ་བོ་ནི་གཞུང་བཀའ་པོད་ལྔའི་སྒོ་ནས་སློབ་གཉེར་ལ་རིམ་པར་འཇུག་པའི་སྲོལ་བཏོད་པ་དེ་ཡིན། སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་ནང་དོན་ཐམས་ཅད་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་དུ་བསྡུས་ཤིང་། སྡེ་སྣོད་གསུམ་གྱི་སྙིང་བོ་ཡང་གཞུང་བཀའ་པོད་ལྔ་ལས་མ་འདས། ཕྱྭ་པ་ཆོས་ཀྱི་སེང་གེའི་སྐབས་སུ། བོད་ཀྱི་ཆོས་གྲྭ་པ་རྣམས་ལ་གཞུང་བཀའ་པོད་ལྔའི་སྒོ་ནས་སློབ་གཉེར་བྱེད་པའི་ཐབས་ལམ་གསར་དུ་བཏོད་མོད། སྐྱེས་བུའི་ཁམས་དང་མོས་པ་དང་མཐུན་པར་གཞུང་བཀའ་པོད་ལྔ་ལ་རིམ་གྱིས་འཇུག་པའི་སྲོལ་རྒྱུན་ནི། ཁམས་གསུམ་ཀུན་ཏུ་སྙན་པའི་གྲགས་པ་ཁྱབ་པའི་མཉམ་མེད་རྗེ་ཙོང་ཁ་པའི་དགོངས་པ་ལས་འཁྲུངས་པ་ཡིན་ནོ།། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ཤིང་འོག་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྗེས། གདུལ་བྱ་གང་ཟག་གི་བློ་ཡི་མཆོག་དམན་ལྟར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་བཞིན། གཞུང་བཀའ་པོད་ལྔ་ལ་རིམ་པར་འཇུག་པའི་སྲོལ་བཏོད་རྒྱུའི་ཐུགས་འཁྲུངས་པ་འདིས་ཀྱང་། རྗེ་ཙོང་ཁ་པ་ཆེན་མོས་རྒྱལ་པོའི་བསྟན་པ་རིན་པོ་ཆེ་འདི་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མ་མཐའ་དག་སྤངས་ནས། བསྟན་པའི་སྙིང་བོ་རྣམ་པར་དག་པ་གང་དེ་ཆུ་བོ་དྭངས་མའི་ཞབས་ཀྱི་རྡེའུ་དཀར་ནག་མཐོང་ཐུབ་པ་ལྟར་གསལ་བར་མཛད་པའི་ཐོས་བསམ་ཕྱོགས་རེ་མ་ཡིན་པ་དེའི་སྟོབས་ཀྱིས་རེད་སྙམ། དེ་ཡང་གཞུང་བཀའ་པོད་ལྔ་ལ་རིམ་གྱིས་ཇི་ལྟར་འཇུག་དགོས་ཤེ་ན། ཐོག་མར་གཞུང་བཀའ་པོད་ལྔའི་རིགས་ལམ་གྱི་སྒོ་འབྱེད་པའི་སླད་དུ་ཐོག་མར་བསྡུས་གྲྭ་དང་བློ་རྟགས་ལ་འཇུག་པ། དེ་ནས་སྟོན་པ་མི་བསླུ་བའི་སྐྱེས་བུ་དང་བསྟན་པ་ཐར་འདོད་རྣམས་ཀྱི་འཇུག་ངོགས་ཟླ་མེད་པར་སྒྲུབ་པ་ལ་ཚད་མ་རྣམ་འགྲེལ། དེའི་རྗེས་སུ་སངས་རྒྱས་ཆོས་ལུགས་ཀྱི་རྩ་བའི་རྨང་བཏིང་བའམ་ཐེག་ཆེན་གྱི་སྤྱོད་ཚུལ་ཤེས་པའི་ཆེད་དུ་ཕར་ཕྱིན། ནང་པ་སངས་རྒྱས་པའི་ལྟ་ཚུལ་ལམ་ཐེག་ཆེན་གྱི་ལྟ་བ་གང་འདྲ་ཞིག་ཡིན་པ་ཤེས་པའི་ཆེད་དུ་དབུ་མ། ཐེག་ཆེན་གྱི་ཁྱད་ཆོས་རྣམས་ངེས་རྗེས་ཐེག་པ་ཆུང་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཤེས་པའི་ཆེད་དུ་མངོན་པ་མཛོད། ནང་པ་སངས་རྒྱས་པའི་འདུལ་ཁྲིམས་ལོ་རྒྱུས་ལག་ལེན་ཞིབ་ཕྲ་ཤེས་པའི་ཆེད་དུ་འདུལ་བ་བཅས་སློབ་གཉེར་ལ་འཇུག་པའི་རིམ་པ་སོ་སོ་གཏན་ལ་ཁེལ་བ་དང་། གཞུང་གི་ནང་དོན་སླ་མོ་ནས་དཀའ་མོར་འཇུག་པ་དང་། རིམ་པ་དམའ་བ་ནས་རིམ་པ་མཐོན་པོར་བསྐྱོད་པ་འདི་ནི་སྐབས་དེའི་ཆོས་བྱེད་མཁན་རྣམས་ཀྱི་ཁམས་དང་མོས་པ་དང་། བློ་དང་རིག་པའི་ཆུ་ཚད་དུ་མཐུན་དུ་སོང་བ་དང་། དེ་ནི་རིག་གཞུང་རྒྱ་མཚོའི་འཇིངས་སུ་བསྐྱོད་པའི་ཐབས་ལམ་ལེགས་ཤོས་དེ་ཡིན་ཏེ། སྔོན་ལ་མདོ་ལ་སྦྱངས་པ་དང་དེ་ནས་སྔགས་ཀྱི་ལམ་དུ་ཞུགས་པ་དང་། མདོ་སྔགས་ཟུང་འབྲེལ་གྱིས་ཐོས་བསམ་སྒོམ་གསུམ་གྱི་ལྟ་སྤྱོད་ཡ་མ་བྲལ་བར་ཕན་ཚུན་འགལ་མེད་གྲོགས་སུ་འཁྱེར་བའི་ལྟ་སྤྱོད་སྒོམ་གྱི་རྣམ་གཞག་དེ་ཡང་རྗེ་ཙོང་ཁ་པའི་ཐུགས་ལས་འཁྲུངས་པ་ཡིན།

འཛིན་གྲྭ་སོ་སོར་དུས་གྲངས་བཅས་ཀྱི་སློབ་གཉེར་བྱེད་སྲོལ་ལ། ལོ་གཅིག་ལ་ཆོས་ཐོག་ཆེན་མོ་ཐེངས་བཞི། ཐེངས་རེར་ཚོགས་ཡུན་ཟླ་གཅིག་དང་ཕྱེད་ཀ དེ་ཡང་ལོ་གཅིག་ལ་ཆོས་ཐོག་ཟླ་དྲུག་དང་ཆོས་མཚམས་ཟླ་བ་དྲུག་ཡོད། ཆོས་ཐོག་ཏུ་རིགས་ལུང་བགྲོ་གླེང་གཙོ་དང་སློབ་ཁྲིད་ཞར་བྱུང་། ཆོས་མཚམས་སུ་སློབ་ཁྲིད་གནང་རྒྱུ་གཙོ་དང་བགྲོ་གླེང་ཞར་བྱུང་བཅས་གཏན་དུ་ཁེལ། གལ་ཏེ། རྗེ་ཙོང་ཁ་པ་ཆེན་མོས་གཞུང་བཀའ་པོད་ལྔ་ལ་རིམ་ཅར་གྱི་འཇུག་རྒྱུ་དང་སྔོན་ལ་མདོ་ལ་སྦྱངས་པ་དཔྱིས་ཕྱིན་བྱས་རྗེས། དེ་ནས་སྔགས་ལ་འཇུག་པའི་སློབ་གཉེར་བྱེད་སྟངས་འདི་ཐག་གིས་མ་བཅད་པ་ཡིན་ན། ཕྱིས་སུ་མཁས་ཆེན་དམ་པ་གང་མང་བྱུང་བ་དེ་དག་མདོ་སྔགས་ཀྱི་ཉམས་ལེན་ལ་ཞུགས་པའི་ཁྲོད་ནས་མགོ་བོ་འཐོམས་པ་དང་། བསྟན་པའི་ཆོས་ལ་མ་རྟོགས་པ་དང་། ལོག་རྟོག ཐེ་ཚོམ་སྐྱེས་པ་བཅས་ཀྱི་དྲི་མས་སྦགས་ནས་བསྟན་པའི་ཆོས་ཀྱི་སྙིང་བོ་རྣམ་པར་དག་པར་ཉམས་སུ་བླངས་མེད་པར་སྙམ་མོ།།

གསུམ་པ། རྗེ་ཙོང་ཁ་པས་རྩོད་གྲྭའི་མ་ལག་ཆ་ཚང་དུ་བཙུགས་པ་དང་དགའ་ལྡན་ཁྲི་བ་བྱུང་བ།

སྤྱིར་སློབ་གཉེར་གྱི་འབྲས་བུ་ལེགས་ཤོས་རྣམས་རང་མོས་ཀྱིས་དགོན་པ་གཞན་དང་གྲྭ་ཚང་གཞན་དུ་ཕྱིན་ནས་གྲྭ་སྐོར་དམ་བཅའ་འཇོག་པའི་སྲོལ་འདི་ཕྱྭ་པ་ཆོས་ཀྱི་སེང་གེ་ཡིས་གསར་དུ་བཏོད་མོད། རྗེ་ཙོང་ཁ་པའི་སྐབས་སུ་ལུགས་འདིའི་མ་ལག་ཆ་ཚང་དུ་བཏང་བ་མ་ཟད། དགེ་ལུགས་པ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྩོད་གྲྭ་ཐོག་མ་བཙུགས། རྗེ་ཙོང་ཁ་པས་མདོ་སྔགས་ཀྱི་གནས་ཀུན་ལ་བསྲེག་བཅད་བརྡར་གསུམ་མཛད་ཅིང་།  གཞུང་ཆེན་བཀའ་པོད་ལྔ་རྒྱ་གཞུང་ལ་ཁུངས་གཏུགས་ནས། རྩ་བའི་མདོ་དང་དེའི་དགོངས་འགྲེལ་བསྟན་བཅོས་ཆེན་མོ་རྣམས་ཀྱི་སྤྱིའི་ཁོག་འབུབས་ལུགས་དང་།    ཚིག་དོན་རྣམས་ཞིབ་ཏུ་གཏན་ལ་འབེབས་ཚུལ། རིག་པའི་མཐའ་དཔྱོད་ཚུལ། བཤད་དོན་རྣམས་ལམ་གྱི་རིམ་པར་བསྒྲིགས་ནས་ཉམས་སུ་ལེན་ཚུལ་བཅས་ལ། ངོ་བོ་དང་གོ་རིམ་མ་འཁྲུལ་བའི་བཀའ་རྩོམ་དོན་གསལ་བ་ཇི་སྙེད་མཛད་པ་དང་། དེ་བཞིན་གདན་ས་ཆེན་མོའི་བྱིན་རླབས་དང་། དགེ་བའི་བཤེས་གཉེན་གྱི་སྐྱོང་བ་དང་། བསླབ་ཁྲིམས་ཡག་པའི་ཆོས་གྲོགས་ཀྱི་མིག་ལྟོས་བཟང་བོ་སོགས་ཀྱི་མཐུན་རྐྱེན་འོག དགེ་ལྡན་པའི་རིང་ལུགས་འཛིན་པ་རྣམས་ཀྱི་སློབ་གཉེར་བདེ་བླག་ངང་འཇུག་ཐུབ། ཁོ་ཚོས་བསྡུས་གྲྭ་འཛིན་གྲྭ་གསུམ་ལ་ལོ་གསུམ་དང་། ཕར་ཕྱིན་འཛིན་གྲྭ་གསུམ་ལ་ལོ་གསུམ། དབུ་མ་འཛིན་གྲྭ་གཉིས་ལ་ལོ་གཉིས་སྟེ་ལོ་བཞི། མཛོད་འཛིན་གྲྭ་གཉིས་ལ་ལོ་བཞི་བཅས་གཞུང་བཀའ་པོད་ལྔ་ལ་རིམ་འཇུག་གི་སྒོ་ནས་སྦྱངས་པ་མཐར་ཕྱིན་བྱས་ཚེ། དབུས་གཙང་གི་གདན་ས་སོ་སོ་ལ་གྲྭ་སྐོར་དུ་ཕྱིན་ནས་དཀའ་བཅུ་བའི་དམ་བཅའ་བཞག་ནས་མཁས་པའི་གོ་འཕང་བླངས་ཆོག རྒྱལ་ཚབ་རྗེ་ནི་གཞུང་བཀའ་པོད་ལྔ་བོ་ལ་དམ་བཅའ་བཞག་ནས་དཀའ་བཅུ་བའི་མཚན་སྙན་ཐོབ་པ་ཨང་དང་པོ་ཡིན། འདི་ལྟར་སློབ་གཉེར་མཛད་པའི་གྲུབ་འབྲས་ནི་རབ་ཡིན་ན་བླ་མ་དབུ་མཛད་གནང་བ་དང་། བྱང་ཤར་རྩེ་སོགས་ལ་བྱོན་ཏེ་གསེར་ཁྲི་དབང་དུ་བསྒྱུར་བའི་མཛད་པོ་རུ་ཆགས་པ་དང་། དེ་མིན་ཁྲི་ལ་མ་ཕེབས་ཀྱང་གཞིས་དགོན་ཡུལ་གྲུ་ཁག་གི་དགོན་པའི་མཁན་པོ་སོགས་མཛད་ནས། ཞྭ་སེར་བསྟན་པ་ཕྱོགས་མཐར་རྒྱས་མཛད་གནང་མཁན་ཞིག་ཏུ་གྲུབ་པའང་ཤིན་ཏུ་མཆོག་གི་གནས་ཡིན། མཐའ་མ་དེ་ལྟར་མ་འཁྱོངས་ནའང་ཚེ་དང་སྒྲུབ་པ་མཉམ་པའི་ཉམས་ལེན་རྣམ་དག་ཅིག་གི་ཐོག་ནས། རྟོགས་པའི་ཡོན་ཏན་ཐོབ་པར་བྱས་པ་བཅས་ནི་སློབ་གཉེར་པའི་མི་ཚེའི་བསྙེག་ཡུལ་ཡིན།

དགའ་ལྡན་ཁྲི་བ་ནི་བོད་ཀྱི་དགོན་སྡེའི་སློབ་གསོའི་མ་ལག་ཁྲོད་ཀྱི་ཤེས་བྱ་ཡོན་ཚད་ཀྱི་ཆེས་ཡང་རྩེ་ཡིན་ཏེ། དེ་ནི་མཉམ་མེད་རྗེ་ཙོང་ཁ་པ་ཆེན་མོའི་སེང་ཁྲིའི་རྒྱུད་འཛིན་མཁན་ལ་གོ དུས་ད་ལྟའི་བར་ཁྲི་རབས་གོ་བདུན་ཐོན་ཟིན་པ་རེད། དགའ་ལྡན་ཁྲི་བ་ནི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་ཤེས་ཡོན་ཅན་རྣམས་ཀྱིས་བསྙེག་སའི་དམིགས་ཡུལ་གལ་ཆེན་དེ་ཡིན། ཀུན་གྱི་ཁ་ནས་རླུང་ལྟར་གྲགས་པ་ལ།“ཨ་མའི་བུ་ལ་བུ་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད།”དོན་དུ་མི་སུ་དང་སུ་ཡིན་ཡང། རང་ཉིད་ཀྱི་ཤེས་ཡོན་དང་ནུས་པ་ལ་བརྟེན་ནས་དགའ་ལྡན་ཁྲི་བར་འདུག་ཐུབ་པ་དང་། དེ་ནི་འདྲ་མཉམ་གྱི་འགྲན་རྩོད་ཅིག་ཡིན་པ་མཚོན་འདུག ཡང་ཁ་དཔེར“བྱེ་བ་རྒན་མོའི་རང་མགོ་ཐོན་དུས་མགོ་དཀར་ཡིན་ལ། ཨ་ཁུ་དགའ་ལྡན་ཁྲི་ལ་ཐོན་དུས་བླ་རྒན་ཡིན།”ཞེས་གྲགས་པ་ལྟར། དཔེ་འདི་གཉིས་ཀྱིས་དགའ་ལྡན་ཁྲི་བའི་གོ་ས་འདུག་པར་མི་ཚེ་གཅིག་རིང་ལ་སློབ་གཉེར་ཐོས་བསམ་ལ་གཞོལ་དགོས་པ་དང་། གོ་ས་འདི་ནི་ཐོབ་དཀའ་བ་དང་ཐོབ་ན་དོན་སྙིང་ཆེ་བའི་ཡང་སྙིང་དེ་མཚོན་འདུག

བཞི་བ། རྗེ་ཙོང་ཁ་པས་བོད་ཀྱི་ཤེས་ལྡན་མི་སྣའི་གསོ་སྐྱོང་ཐད་ལ་ཐོན་པའི་ཤུགས་རྐྱེན།

གངས་རིའི་ལྗོངས་སུ་གཉིས་མེད་ཤར་རྒྱལ་བ་ཙོང་ཁ་པ་ཆེན་མོ་ཆུང་ངུའི་དུས་ནས“ཁྱིམ་གྱི་གནས་ནི་བཙོན་ར་དང་མེ་འབར་བའི་ཀློང་དང་། དུག་སྦྲུལ་གྱི་ཚང་ལྟར་ཉེས་པ་མི་ཟད་པའི་འབྱུང་ཁུངས་སུ་གཟིགས་ཏེ།”② ཁྱིམ་ནས་ཁྱིམ་མེད་པར་མངོན་པར་བྱུང་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་རིམ་གྱིས་དབུས་གཙང་དུ་བྱོན་ཏེ། འབྲི་གུང་དང་། སྙེ་ཐང་བདེ་བ་ཅན། གསང་ཕུ། ཞྭ་ལུ། ས་སྐྱ། ཉང་སྟོད་རྩེ་ཆེན། སྐྱོར་མོ་ལུང་སོགས་ཆོས་གྲྭ་ནས་ཆོས་གྲྭ་འགྲིམས་ཤིང་།    མཁས་པའི་དབང་བོ་བཅུ་ཕྲག་བཞི་ཙམ་གྱི་ཞབས་སུ་གཏུགས་ནས་རིག་པའི་གནས་བཅུ་དང་། མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་སྒོམ་གསུམ་གྱི་ཉམས་བཞེས་མཐར་ཕྱིན་མཛད་དེ། འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་མཁས་པའི་གོ་འཕང་བརྙེས་ཏེ་ཐུབ་བསྟན་ཡོངས་སུ་རྫོགས་པའི་བདག་པོ་ཟླ་མེད་པ་ཉིད་དུ་གྱུར་པ་དང་། རྫོང་ཕྱིའི་བྱམས་པ་ཞིག་གསོ་མཛད་པ་དང་། གཉལ་གྱི་ལུང་ར་ལ་ཆོས་འཁོར་བསྐོར་བ། ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པ། དགའ་ལྡན་མཆོད་སྒྲུབ་ཆེན་མོ་་བཅས་ཀུན་གྱི་བསྔགས་འོས་པའི་མཛད་ཆེན་བཞི་དང་།      《ལམ་རིམ་ཆེན་མོ》དང《སྔགས་རིམ་ཆེན་མོ》སོགས་མདོ་སྔགས་ཀྱི་ལྗགས་རྩོམ་གཞུང་པོ་ཏི་བཅུ་ཕྲག་དུ་མ་བརྩམས་ཤིང་། འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་ནས། སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་།  རྒྱལ་བ་དགེ་འདུན་གྲུབ་སོགས་དངོས་སློབ་བརྒྱ་དང་བཞི་བཅུ་ལྷག་བསྐྱངས། ཁོང་གི་དངོས་དང་བརྒྱུད་ཀྱི་སློབ་མ་ནམ་མཁའི་སྐར་ཚོགས་འདྲ་བ་འདི་དག་གི་ནང་དུ་ས་ཕྱོགས་ཀྱི་སྒོ་ནས་བཤད་ན་མདོ་དབུས་ཁམས་བཅས་ས་ཕྱོགས་གསུམ་གྱི་སློབ་མ་ཡོད་ལ། ཐོབ་གོ་ས་ལྡན་པའི་ས་སྐྱོང་མི་རྗེ་དྲུག་དང་། བསྟན་སྐྱོང་དར་ཆེན་དྲུག གདན་ཁྲིར་མཛེས་པའི་བླ་ཆེན་བཞི། ཚོགས་པ་སྐྱོང་པའི་མཁན་པོ་བཞི། སྐད་གཉིས་སྨྲ་བའི་ལོ་ཙཱ་གཉིས། ཁྱད་འཕགས་ཀྱི་ཡོན་ཏན་ལྡན་པ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བཞི། གཞན་དོན་ལྷུར་ལེན་གྱི་སེམས་དཔའ་དྲུག རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས། ཡ་མཚན་ཅན་གྱི་སྐྱེས་བུ་གཉིས། གདན་ས་ཆེན་པོའི་ཆོས་སྒོ་པ་གཉིས། ལུང་རིགས་སྨྲ་བའི་དཀའ་བཅུ་པ་བཞི། ཚིག་དོན་འཛིན་པའི་དཀའ་བཞི་པ་བཅུ། བརྟུལ་ཞུགས་འཛིན་པའི་ཇོ་གདན་པ་བཞི། ཚུལ་ཁྲིམས་རྣམ་དག་གི་གནས་བརྟན་པ་དྲུག་བཅས་སློབ་མ་བརྒྱ་ཕྲག་ཡོད་ལ། ཁོང་རིགས་ཐམས་ཅད་མཁས་པའི་གོ་འཕང་ཐོབ་མཁན་དག་དག་ཡིན་པས། བོད་ཀྱི་སློབ་གསོ་འཕེལ་རྒྱས་ལ་ཤེས་ལྡན་པ་འབོར་ཆེན་ཞིག་སྐྱེད་སྲིང་མཛད། དངོས་དང་བརྒྱུད་པའི་སློབ་མ་བརྒྱ་ཕྲག་དུ་མ་འདི་དག་སོ་སོ་རང་ཉིད་ཀྱི་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་འཇོན་ཐང་གིས་བོད་ཁ་བ་ཅན་ཕྱོགས་སོ་སོ་ལ་ཕེབས་ནས་དགེ་ལྡན་རིང་ལུགས་ཀྱི་འཕྲིན་ལས་རྒྱ་ཆེར་སྐྱོང་བ་དང་། དགོན་སྡེ་མང་པོ་ཕྱག་བཏབ་བྱུང་བ་ལ་ཞྭ་སེར་བསྟན་པའི་དགོན་ཆེན་དྲུག་ལས་སེ་ར་དང་འབྲས་སྤུངས། གཙང་བཀྲ་ཤིས་ལྷུན་པོ་སོགས་ཡོད། བཤད་གྲྭ་དང་སྒྲུབ་གྲྭ། གསང་སྔགས་ཀྱི་སྒོམ་གྲྭ་སོགས་ཀྱང་མང་དུ་བྱུང་བ་ནི། རྗེའི་སློབ་མའི་གྲས་ནས་འཕྲིན་ལས་ནམ་མཁའ་ལྟར་མཉམ་པའི་སྲས་ཆེན་བཞིའི་ཡ་གྱལ་དུ་གྱུར་པ་རྗེ་ཤེས་རབ་སེང་གེ་ཉིད་ཀྱིས་རྗེ་རིན་པོ་ཆེའི་དགོངས་དོན་ལྟར། སྤྱི་ལོ1433ལོར། རྒྱུད་སྨད་གྲྭ་ཚང་ཕྱག་བཏབ། དགེ་ལྡན་པའི་དགོན་གནས་ལས་ཐོན་པའི་མཁས་གྲུབ་བརྒྱ་ཕྲག་མང་པོས་བསྟན་བཅོས་པོ་ཏི་བྱས་ནས་བརྩམས་པ་དང་། བསྟན་བཅོས་འདི་དག་གི་ནང་དོན་ནི་བོད་ཀྱི་ཆོས་ལུགས་རིག་གནས་དང་། རྩོམ་རིག་སྒྱུ་རྩལ། གནམ་རིག་སྐར་རྩིས། གསོ་རིག་སྨན་དཔྱད། བཟོ་སྐྲུན་ཨར་ལས་སོགས་ཤེས་བྱའི་གནས་ཀུན་མ་འདུས་པ་མེད་པས། འདི་དག་ནི་དུས་ད་ལྟ་ཡང་ང་ཚོ་ཕྱི་རབས་པས་རྒྱུད་འཛིན་དང་།བརྒྱུད་སྒྲོག དར་སྤེལ་བཅས་བྱེད་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་གལ་ཆེན་ཡིན་ནོ།།

རྗེ་འདིས་གངས་ཅན་ཁ་བའི་ལྗོངས་འདིར་རྒྱལ་བའི་བསྟན་པ་གཟུགས་བརྙན་ཙམ་དུ་གྱུར་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པའི་སྙིང་བོ་འཁྱོག་པ་དང་། ལོག་རྟོག་སོགས་ཀྱི་ཐེ་ཚོམ་གྱི་མཐའ་སྤངས་ནས་ཤིན་ཏུ་རྣམ་པར་དག་པའི་སྒོ་ནས་ཉམས་པ་སོར་ཆུད་དང་མ་ཉམས་ཆེས་ཆེར་དར་རྒྱས་སུ་མཛད་པའི་འཕྲིན་ལས་ནི་འཛམ་གླིང་ཧྲིལ་བོས་གོང་བཀུར་བྱ་ཡུལ་ཡིན་པ་མ་ཟད། རྗེ་འདིའི་རྒྱ་མཚོ་ལས་ཟབ་པའི་ཤེས་རིག་དང་ཨ་སྔོན་ལས་ཡངས་པའི་ཁོག་དཔུང་། དེ་བཞིན་ཞི་ཞིང་དུལ་ལ་ང་རྒྱལ་མེད་པའི་རང་གཤིས་བཅས་ནི་དེའི་རྗེས་ཀྱི་བོད་ཀྱི་མཁས་གྲུབ་དག་གི་མིག་ལྟོས་སུ་གྱུར་ཡོད་དེ། དགའ་ལྡན་ཁྲི་ཐོག་ཞེ་བདུན་པ་ཡང་སྟེང་བློ་བཟང་ཆོས་འཕེལ་གྱིས།“བདག་ས་ཐག་རིང་ནས་ལམ་ཕྲེང་སོགས་ཀྱི་ངལ་བ་ཁྱད་དུ་བསད། ཕ་མ་དང་ཉེ་དུ་བརྩེ་དུང་ཅན་རྣམས་ཀྱང་འཕོངས་ཀྱིས་ཕྱིས་པའི་རྡོ་བཞིན་དུ་བསྐྱུར། རང་ཡུལ་དགོན་སྡེ་ཁྱིམ་གྲོང་སོགས་ལ་ཕྱི་མིག་ཙམ་ཡང་མ་བལྟས་པར་ཕྱོགས་འདིར་འོངས་པའི་དགོས་པ། གཙོ་བོ་སྡོམ་གསུམ་རྣམ་པར་དག་ཅིང་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ནས། ཐུབ་བསྟན་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་སྲིད་རྩེའི་བར་བསྒྲེངས་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་ཙོང་ཁ་པ་ཆེན་པོ་དང་སྒོ་ཀུན་ནས་མཚུངས་པར་གྱུར་པའི་ཕྱིར་སྨོན་ལམ་རྣམ་དག་འདེབས་པ་ཡིན།”③ཞེས་གསུངས་པ་ལྟར། སྐྱེ་བོ་ཀུན་གྱིས་རྒྱལ་བའི་བསྟན་པའི་ལས་དོན་རྒྱུད་འཛིན་དང་བོད་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད། རྗེ་ཙོང་ཁ་པའི་སློབ་གཉེར་གྱི་སྙིང་སྟོབས་དང་མཛད་སྤྱོད། ཁོང་གི་བླ་ན་མེད་པའི་འཕྲིན་ལས་དེ་རྣམས་མིག་གི་དཔེ་ལྟོས་དང་འབད་སའི་དམིགས་ཡུལ་དུ་བཟུང་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ལམ་ལ་འཇུག་བཞིན་ཡོད་དོ།། རྗེ་རིན་པོ་ཆེ་ཁོང་བོད་ཀྱི་གྲུབ་མཐའ་སོ་སོ་བའི་བཀག་རྒྱ་ལས་བརྒལ་ཏེ། བཀའ་བརྒྱུད་པ་དང་བཀའ་གདམས་པ། ས་སྐྱ་པ་དང་རྙིང་མ་བ་སོགས་གང་ཡིན་ལ་མི་བལྟ་བར། གྲུབ་མཐའ་སོ་སོའི་མཁས་གྲུབ་མང་པོ་བླ་མ་རུ་བསྟེན་ནས་གྲུབ་མཐའ་རིས་མེད་ཀྱི་ལྟ་བས་བོད་གངས་ཅན་གྲུབ་མཐའ་མི་འདྲ་བའི་སྙིང་བོ་གཅིག་ཏུ་བསྡུས་ནས། དགེ་ལུགས་ཀྱི་གྲུབ་མཐའ་འདི་གསར་དུ་བཙུགས་པས། གདན་ས་ཆེན་པོ་གསུམ་གྱི་གཙོས་དེའི་སློབ་གསོའི་མ་ལག་ཆ་ཚང་བ་མདོ་དབུས་ཁམས་གསུམ་དུ་སྤེལ་ནས་སློབ་མ་གསོ་སྐྱོང་མཛད་པས། བོད་ཀྱི་དགོན་སྡེ་སློབ་གསོ་དེ་མ་ལག་ཇེ་ཚང་དུ་ཆགས་པ་མ་ཟད་དཔུང་སྡེ་ཇེ་ཆེ་རུ་ཕྱིན།

ལྔ་བ། རྗེ་ཙོང་ཁ་པས་གྲུབ་མཐའ་གཞན་དག་ལ་ཐོན་པའི་ཤུགས་རྐྱེན།

        རྗེ་ཙོང་ཁ་པས་རི་བོ་དགེ་ལྡན་པའི་གྲུབ་མཐའ་གསར་དུ་གཏོད་པ་དང་། རྗེ་ཁོང་ཉིད་ཀྱི་མཛད་པའི་འཕྲིན་ལས་ལ་བརྟེན་ནས། དགེ་ལྡན་རིང་ལུགས་ཀྱི་བསྟན་འཛིན་གྱི་སྐྱེ་བོ་དག་མདོ་དབུས་ཁམས་གསུམ་དུ་གནམ་ལ་སྐར་ཚོགས་བཀྲམས་པ་བཞིན་བོད་ཁ་བ་ཅན་གྱི་ས་ཕྱོགས་སོ་སོ་ནས་གཟི་འོད་འཕྲོ་ཞིང་། དེ་དག་གིས་བསྟན་པ་ལ་གཞོལ་བས། དགེ་ལུགས་པའི་དགོན་སྡེ་ནི་ཆར་རྗེས་ཀྱི་ཤ་མོང་བཞིན་ས་ཕྱོགས་སོ་སོ་ནས་བརྡོལ་བྱུང་། དེ་ལ་སྲིད་གཞུང་གི་རྒྱབ་རྩ་མཐུག་ལ་མང་ཚོགས་ཀྱི་རྨང་གཞི་བརྟན་པ། འདུལ་ཁྲིམས་རྣམ་པར་དག་ཅིང་སློབ་གཉེར་གྱི་མ་ལག་ཆ་ཚང་བ། བཤེས་གཉེན་གྱི་དཔུང་སྡེའི་སྟོབས་ཆེ་ལ་ཡོན་ཚད་མཐོ་བ། གདུལ་བྱའི་གྲངས་མང་། དགའ་ལྡན་གསེར་ཁྲིར་བརྩོན་པ་མཁས་པ་ཀུན་གྱི་དམིགས་ཡུལ་དུ་གྱུར་པ་འདིས་བོད་ཀྱི་གྲུབ་མཐའ་འཛིན་པ་གཞན་དག་ལ་གནོན་ཤུགས་ཆེན་པོ་ཞིག་བྱིན་ཅིང་། གྲུབ་མཐའ་དེ་དག་གིས་ཀྱང་རང་ཉིད་ཀྱི་ཆབ་སྲིད་གོ་གནས་བརྟན་པོ་ཡོང་ཆེད་དང་། མང་ཚོགས་ཀྱི་དད་པ་མི་ཤོར་བ་སོགས་ལ་དམིགས་ཏེ་རང་ཉིད་ཀྱི་གྲུབ་མཐའ་ལ་དག་ཐེར་བྱས་ཏེ། འདུལ་ཁྲིམས་ཉམས་པ་རྣམས་གསོ་བ་དང་། མ་ཉམས་པ་རྣམས་དར་སྤེལ་བཏང་བ་མ་ཟད། གྲུབ་མཐའ་སོ་སོའི་མཁན་པོ་མི་ཉུང་བ་ཞིག་གིས་ཀྱང་རྗེའི་ཞབས་ལ་གཏུགས་ནས་ཐོས་བསམ་སྒོམ་གསུམ་ལ་གནང་བ་སྟེ། དཔེར་ན་རྙིང་མ་པས་རྗེ་ཙོང་ཁ་པ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཡང་སྤྲུལ་དུ་འདོད་པ་དང་། དགོན་པ་སོ་སོའི་སློབ་གཉེར་གྱི་ནང་དོན་དང་། འདུལ་ཁྲིམས་བསྲུང་བྱ། ཉམས་ལེན་གྱི་ནང་དོན། སློབ་ཚད་དང་དུས་རིམ་སོགས་ཀྱང་དགེ་ལུགས་པའི་ལམ་ལུགས་དང་མཐུན་པར་བཅོས་པས། གྲུབ་མཐའ་སོ་སོར་དགེ་ལྡན་པའི་ཁྱད་ཆོས་ལྡན་པའི་སློབ་གསོའི་མ་ལག་ཅིག་ཆགས། དེ་ལྟར་རྗེ་རིན་པོ་ཆེའི་ཤུགས་རྐྱེན་ལ་བརྟེན་ནས་བོད་ཀྱི་གྲུབ་མཐའ་སོ་སོས་གོམ་པ་མཉམ་སྤོས་ཀྱིས་མདུན་དུ་སྐྱོད་པས། བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་ཞིག་བྱུང་།

མཇུག་བསྡུ་བའི་གཏམ།

        གངས་རིའི་ལྗོངས་སུ་གཉིས་མེད་རྗེ་ཙོང་ཁ་པའི་མཛད་པ་ལས་བོད་ལ་དུས་ད་ལྟ་རི་བོའི་གཏོས་དང་མཉམ་པའི་བསྟན་བཅོས་དང་གླེགས་བམ་གང་མང་བྱུང་བ་དང་། སླར་ཡང་ཁོང་གི་མཛད་པའི་འཕྲིན་ལས་ལས་ནམ་མཁའི་སྐར་ཚོགས་ལྟ་བུའི་དངོས་བརྒྱུད་ཀྱི་སློབ་བུ་བྱུང་ནས་དགེ་ལྡན་པའི་འཆད་ཉན་བཤད་གྲྭ་དང་། གསང་སྔགས་ཀྱི་སྒྲུབ་གྲྭ་བཙུགས་ནས་མདོ་དབུས་ཁམས་གསུམ་གྱི་འཛིན་མའི་ཁྱོན་ལ་ཁྱབ་པར་གྱུར།

        སྤྱིར་དགོན་སྡེ་སློབ་གསོ་ནི་བོད་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་དུས་རིམ་གལ་ཆེན་ཞིག་ཡིན་པ་དང་། ཉེ་རབས་ཀྱི་སྒེར་བཙུགས་སློབ་གསོ་དང་དེང་རབས་ཀྱི་གཞུང་བཙུགས་སློབ་གསོ་མ་དར་གོང་། བོད་སྤྱི་ཚོགས་ཀྱི་ཤེས་ལྡན་པ་ཚང་མ་གྲྭ་ས་འགྲིམས་ནས་ཐོན་པ་རྐྱང་རྐྱང་ཡིན། རྗེ་ཁོང་ཉིད་ཀྱིས་བོད་ཀྱི་སློབ་གསོ་ལ་བཞག་པའི་མཛད་རྗེས་སྤྱི་དང་། སྒོས་སུ་རྗེ་ཁོང་ཉིད་ཀྱི་སློབ་གཉེར་གྱི་སྙིང་སྟོབས་ནི་ང་ཚོ་རྗེས་རབས་རྣམས་ལ་ཤུལ་དུ་བཞག་པའི་ནོར་བུ་རྩ་ཆེན་ཞིག་ཡིན་པས། ང་ཚོས་རྗེ་ཁོང་ཉིད་ཀྱི་མཛད་རྗེས་ལ་གོང་བཀུར་དང་། ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་བོད་མི་རིགས་སྤྱིའི་མཛེས་སྡུག་ལྡན་པའི་འདུན་མ་དེ་མངོན་འགྱུར་བྱེད་པར་ཤུགས་སྣོན་རྒྱག་ཐུབ་པའི་མི་སྣ་ཞིག་ཏུ་འགྱུར་སླད། འབད་འབུངས་ལྷོད་མེད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བའི་གནས་ཤིག་ཡིན་པར་སྙམ། །

མཆན།

①བཀྲ་ཤིས་ཚེ་རིང་སོགས་ཀྱིས་བརྩམས་པའི《བོད་སྤྱི་བཤད》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008ལོའི་ཟླ5བའི་པར་གཞི་དང་པོ། P138

②འབྲུག་རྒྱལ་བ་ཆོས་རྗེས་བརྩམས་པའི《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ11པའི་པར་གཞི།P108

③བཀྲ་ཐང་འཇམ་དཔལ་ཡེ་ཤེས་རྒྱལ་མཚན་གྱིས་བྲིས་པའི《དགེ་ལུགས་པའི་རྩོད་གྲྭའི་སྐོར་ལ་དཔྱད་བརྗོད་བྱས་པ་མཐོང་ཐོས་མྱོང་བའི་འབེལ་གཏམ》 《བོད་ལྗོངས་ཞིབ་འཇུག》1999ལོའི་དུས་དེབ་གཉིས་པ། P79

དཔྱད་གཞིའི་ཡིག་ཆ།

[1]འབྲུག་རྒྱལ་བ་ཆོས་རྗེས་བརྩམས་པའི《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ11པའི་པར་གཞི།

[2]བསེ་ཚང་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི《དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག》 མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ10བའི་པར་གཞི།

[3]སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི《བཻེཌཱུརྱ་སེར་པོ》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།1989ལོའི་པར་ཐེངས་དང་པོ།

རིན་ཆེན་སྐྱིད། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང2012ལོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།