ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཡིག་སློབ་གསོའི་རྒྱུ་སྤུས་གནས་ཚུལ་དང་ལེགས་བཅོས་ཀྱི་བསམ་འཆར།

ཡོང་ཁུངས། : བོད་ལྗོངས་དྲ་བ།   རྩོམ་པ་པོ། : དོར་ཞི་གདོང་དྲུག་སྙེམས་བློ།   སྤེལ་དུས། : 2018-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་ཡང་སློབ་གསོའི་བྱ་བའི་ལེགས་ཉེས་སློབ་གསོའི་རྒྱུ་སྤུས་སྟེང་ནས་ཕྱེ་བ་ཡིན་ལ། སློབ་གྲྭ་དང་སློབ་མ་མང་ཉུང་གི་སྟེང་ནས་ཕྱེ་བ་མིན། བཟོ་གྲྭ་ལྟ་བུར་མཚོན་ན་བཟོ་གྲྭའི་བཟང་ངན་བཟོ་གྲྭ་ཆེ་ཆུང་དང་ཐོན་རྫས་མང་ཉུང་སྟེང་ནས་ཕྱེ་བ་མིན་ལ། ཐོན་རྫས་ཀྱི་རྒྱུ་སྤུས་བཟང་ངན་སྟེང་ནས་ཕྱེ་བ་ལྟ་བུ་རེད། སློབ་གྲྭ་ཡང་མི་ཡོན་ཏན་ཅན་སྐྱེད་སྲིང་བྱེད་སའི་བཟོ་གྲྭ་ལྟ་བུ་ཡིན་པས། དགེ་རྒན་རྣམས་ལ“མིའི་རིགས་ཀྱི་བསམ་བློ་བཟོ་རྩལ་མཁས་པ”ཞེས་པའི་མིང་གཟི་བརྗིད་ཅན་ཞིག་ཀྱང་བཏགས་འདུག དེང་སྐབས་རྒྱལ་ཁབ་གཞུང་ནས་ཀྱང་སློབ་གསོའི་རྒྱུ་སྤུས་ཇེ་མཐོར་གཏོང་བ་དེ་སློབ་གསོ་བཅོས་བསྒྱུར་གྱི་རྩ་གནད་ཅིག་ཏུ་བྱས་འདུག རང་རེ་བོད་ཡིག་སློབ་གསོར་མཚོན་ན་ཡང་གཞི་རིམ་དང་མཐོ་རིམ་སློབ་གསོ་གང་ལ་ཡང་དཀའ་ལས་དང་གནད་དོན་མང་དུ་ཡོད་ཀྱང༌། སློབ་གསོའི་སྤུས་ཚད་ཞན་པ་དེ་ཐུན་མོང་གི་གནད་དོན་ཞིག་ཏུ་གྱུར་འདུག་པས། ཚང་མས་བཏང་སྙོམས་བྱེད་མི་རུང་སྙམ་ཞིང༌། འདིར་དེའི་ཕྱོགས་ཀྱི་གནས་ཚུལ་དང་ལེགས་བཅོས་ཀྱི་བསམ་འཆར་ཅུང་ཟད་སྨྲས་ན།

དང་པོ། བོད་ཡིག་སློབ་གསོའི་རྒྱུ་སྤུས་ཕྱོགས་ཀྱི་གནད་དོན།

      དེ་ཡང་རྒྱལ་ཁབ་ཕྱི་ནང་དང་གནའ་དུས་དང་དེང་དུས་ཀྱི་སློབ་གསོ་གང་ཡིན་ཀྱང༌། གཞི་དང་རྩའི་བར་གྱུར་པ་ནི་སྐད་ཡིག་གི་སློབ་གསོ་ཡིན་ལ། སྐད་ཡིག་ཤེས་པ་རིག་གནས་སློབ་གསོ་ཀུན་གྱི་གཞི་རྩ་ཡིན་པར་མ་ཟད། རིག་གནས་ཚན་རིག་གཞན་དག་ཤེས་ཐབས་དང༌། བེད་སྤྱོད་ཐབས་ཀྱི་ལག་ཆ་དང༌། སྤྱི་ཚོགས་ཀྱི་འཚོ་བར་བྱ་བ་དོན་དག་གང་སྒྲུབ་ཀྱང་ཁ་མིག་ལག་པ་བཞིན་དུ་མེད་དུ་མི་རུང་བའི་ལག་ཆ་གཅིག་པུ་ཡིན། སྐད་ཡིག་ནི་རིག་གནས་ཀྱི་བང་མཛོད་ཀྱང་ཡིན་ལ། བང་མཛོད་ཀྱི་ལྡེ་མིག་ཀྱང་ཡིན། མི་རིགས་རང་གི་སྐད་ཡིག་མི་རིགས་རང་གི་རིག་གནས་ཀྱི་བང་བཛོད་དང་ལྡེ་མིག་ཡིན་ཏེ། མི་རིགས་ཀྱི་རིག་གནས་ཚང་མ་སྐད་ཡིག་གི་སྟེང་ནས་བརྒྱུད་དེ་འོངས་པ་དང༌། སྐད་ཡིག་ལ་བརྟེན་ནས་ཤེས་དགོས་ལ། སྐད་ཡིག་གཞན་པའི་སྟེང་ནས་མི་རིགས་གཞན་ཞིག་གི་རིག་གནས་ཆ་ཚང་བ་དང་གཏིང་ཕྱིན་པ་ཞིག་ཤེས་མི་ཐུབ་ཅེས་ཁོ་བོས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་སྤོབས། མི་རིགས་རང་གི་སྐད་ཡིག་བཟང་ཙམ་མ་ཤེས་ན། མི་རིགས་རང་གི་རིག་གནས་བཟང་ཙམ་ཤེས་མི་ཐུབ། མི་རིགས་རིང་གི་སྐད་ཡིག་མི་ཤེས་པའི་མི་རྣམས། མི་རིགས་རང་གི་རིག་གནས་ཕྱོགས་ལ་ཡང་ལོང་བ་དང་མཚུངས་པ་རིགས་པ་དང་མངོན་སུམ་ཉམས་མྱོང་སྟེང་ནས་ཤེས་ཐུབ་བོ། ། སྐད་ཡིག་གང་ཤེས་ཤིང་བག་ཆགས་ཟབ་པ་རྣམས། སྐད་ཡིག་དེའི་རིག་གནས་ལ་དགའ་ཞེན་ཆེ་བ་ཡང་དངོས་པོའི་ཆོས་ཉིད་ལྟ་བུར་སྣང༌། དེ་ལས་སྐད་ཡིག་སློབ་གསོ་གལ་ཆེ་བའི་རྒྱུ་མཚན་ཡང་ཤེས་ཐུབ་བོ། །

      སྐད་ཡིག་གི་ཡོན་ཚད་ནི་གཏམ་བཤད་པའི་རྩལ་དང་སྤོབས་པ། ཡི་གེ་འབྲི་རྩོམ་གྱི་བྱང་ཆ་དང་ཆུ་ཚད། སྐད་ཡིག་དེ་ལས་གྲུབ་པའི་ཡིག་ཚང་ཀློག་པའི་གོ་བ་ལོན་ཚད་སོགས་ཀྱི་སྟེང་ནས་མཚོན་པ་ཞིག་ཡིན་པས། ཚད་ཐིག་དེ་ལས་དེང་སྐབས་ཀྱི་བོད་ཡིག་སློབ་གྲྭ་མཐོ་འབྲིང་གི་སློབ་གསོའི་རྒྱུ་སྤུས་མཐོ་དམན་ཅུང་ཟད་གཞལ་ན།

གཅིག རྩོམ་ཡིག་གི་གནས་ཚུལ།

      ལོ་དུ་མའི་སྔོན་ལ《སྦྲང་ཆར》གྱི་རྩོམ་སྒྲིག་པ་རྒན་པ་ཞིག་གིས་ང་ལ་བསམ་འཆར་བཤད་པར། དེང་སང་སློབ་གྲྭ་ཆེན་མོའི་སློབ་མ་དང༌། སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་ན་གཞོན་ཕོ་མོའི་ནང་ན་རྩོམ་ལ་དགའ་བ་དང་རྩོམ་འབྲི་མཁན་མང་དུ་འདུག འོན་ཀྱང་ཚིག་སྦྱོར་བདེ་བ་དང་ཡི་གེ་ལ་དག་ཆ་ཡོད་པ་ཤིན་ཏུ་དཀོན་ཞིང༌། ཚིག་ལོག་བརྡ་ལོག་ཡིག་ནོར་མང་བས། རྩོམ་ཕལ་ཆེར་གཞི་ནས་མ་བཅོས་ན་འཕུད་ཚུལ་མེད་བཅོས་ན་ལས་ཚེགས་ཆེ་བས། ངེད་ཅག་བོད་ཡིག་རྩོམ་སྒྲིག་པ་རྣམས་ལ་རྒྱ་ཡིག་གི་རྩོམ་སྒྲིག་པ་ལ་མེད་པའི་མི་འོས་པའི་འགན་ཁུར་མང་བོ་ཞིག་མགོར་བབས་ཡོད་པས་དཀའ་ཚེགས་ཤིན་ཏུ་ཆེ། ཁྱེད་ཅག་སློབ་གྲྭ་ཆེན་མོའི་དགེ་རྒན་རྣམས་ཀྱིས་ཐུགས་མཉམ་འཇོག་དགོས་འདུག་ཟེར། སྐད་ཆ་དེ་ཐོས་འཕྲལ་ངའི་ངོ་ལ་མེ་སྟག་ལྷུང་བ་ལྟ་བུར་ཚ་རེག་གེར་སོང༌། དེ་ཡང་ཡིན་ཏེ། ངེད་ཅག་དགེ་རྒན་གྱི་གོ་སར་བསྡད་ནས་སློབ་མ་དེ་འདྲ་བྱུང་ན་ཤིན་ཏུ་ངོ་གནོང་དགོས་པ་ཞིག་རེད། དེ་ནས་བཟུང་སྟེ་བདག་གིས་ཀྱང་བོད་ཡིག་གི་དུས་དེབ་དང། གསར་འགྱུར། རྩོམ་དེབ་སོགས་མིག་སྔར་གང་མཐོང་མཐོང་ལ་མཉམ་འཇོག་ཅུང་ཟད་བྱས་པར། སློབ་གྲྭ་ཆེན་མོའི་སློབ་གྲྭ་བ་དང༌། སློབ་གྲྭ་མཐོ་འབྲིང་ནས་མཐར་ཕྱིན་པའི་ན་གཞོན་རྣམས་ཀྱིས་བྲིས་པའི་གསུང་རྩོམ་ནང་དུ་ཡིག་སྐྱོན། ཚིག་སྐྱོན། དོན་སྐྱོན་ཉུང་ཉུང་ཙམ་མ་ཡིན་པར། གང་ཡིན་སར་མཐོང་ཞིང་ཧ་ལས་དགོས་པའི་ཚོད་དུ་སྣང་ལ། ཡིག་སྐྱོན་ཕྱོགས་ལ། ཡི་གེ་མ་དག་པ་དང༌། རྣམ་དབྱེ་དང་ཚིག་ཕྲད་སོགས་དགོས་སར་མི་འཇོག མི་དགོས་སར་འཇོག་པ་སོགས་ཆད་ལྷག་ནོར་འཁྲུལ་མང་བ་དང༌། ཆིག་སྐྱོན་ཕྱོགས་ལ། ཙམ་སྒྲ་དང༌། ངང་སྒྲ་སོགས་ལོག་པར་སྦྱར་བ་དང༌། རྒྱ་སྐད་ཀྱི་ཚིག་གི་སྦྱོར་སྟངས་མང་དུ་བསྲེས་པ་དང༌། ཚིག་སྔ་ཕྱིའི་མཚམས་སྦྱོར་གྱི་སྒྲ་ཆད་ཅིང་དོན་སྔ་ཕྱི་མི་འབྱོར་བ་དང༌། དོན་སྐྱོན་གྱི་ཕྱོགས་ལ། བརྗོད་འདོད་ཀྱི་དོན་ཇི་ལྟ་བ་བཞིན་དུ་མཚོན་ཐུབ་ཀྱིན་མེད་པ་དང་། འགལ་མ་ངེས་ཐེ་ཚོམ་ཅན་གྱི་ཚིག་སྦྱོར་དང༌། ཚིག་དང་དོན་སྟེང་གི་ཞིབ་ཆ་མེད་པའོ། ། དེ་ལྟ་བུའི་རྩོམ་སྐྱོན་དེ་རིགས་རྩོམ་འབྲི་མཁན་གསར་བ་རྣམས་ཀྱི་རྩོམ་ནང་དུ་ཡོད་པར་མ་ཟད། རྩོམ་པ་པོའི་མིང་ཡོད་ལ་རྩོམ་པ་པོའི་གྲལ་དུའང་ཚུད་པར་རློམ་ཞིང་། མྱུག་རྩེ་རང་དགར་སྐྱོད་པ་མང་བོ་ཞིག་གི་རྩོམ་གྱི་ནང་དུ་ཡང་རིག་རྒྱུ་ཡོད་པས། རྩོམ་པ་པོ་ཁ་ཤས་ཤིག་གི་སྐྱོན་མིན་ལ། རྩོམ་སྒྲིག་པ་དང་སློབ་གྲྭའི་དགེ་རྒན་ཚང་མས་མཉམ་འཇོག་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་འདུག བདག་གིས་གྱ་བདུན་ལོ་ལ《<སྙན་ཚིག་རྒྱ་མཚོའི་གསར་སྐྱེས་མེ་ཏོག>ཅེས་པའི་རྩོམ་ལ་ཅུང་ཟད་དཔྱད་པ》ཞེས་པ་ཀན་ལྷོའི《ཟླ་ཟེར》དང༌།《རྩོམ་དཔྱད་དགག་ལན་ངན་རྟོག་དྲི་མ་འཁྲུད་པའི་རིགས་ལམ་བདུད་རྩིའི་ཆུ་རྒྱུན》ཞེས་པ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་དུས་དེབ་སྟེང་དུ་བཀོད། རྩོམ་ཡིག་སྔ་ཕྱི་དེ་གཉིས་ཀྱང་བརྡ་ལོག་ཚིག་ལོག་སྤེལ་བའི་རྩོམ་ཡིག་སྐོར་ཅིག་ལ་དམིགས་ནས་བྲིས་པ་ཡིན། དཔེར་ན།《སྙན་ཚིག་རྒྱ་མཚོའི་གསར་སྐྱེས་མེ་ཏོག》ཅེས་པའི་དཔྱད་གཏམ་ཐུང་ཐུང་ཡི་གེ་ཚེག་བར་ཉིས་བརྒྱ་ཙམ་ལས་མེད་པ་དེའི་ནང་ན་ཚིག་ལོག་བརྡ་ལོག་དྲུག་ཅུ་ལྷག་ཙམ་འདུག དེ་ཡང་རང་ཉིད་སློབ་གྲྭ་ཆེན་མོའི་བོད་ཡིག་དགེ་རྒན་གྱི་གོ་ས་ན་ཡོད་པ་ཞིག་ཡིན་པས། ཡིག་ལོག་བརྡ་ལོག་གིས་གང་བའི་རྩོམ་ཡིག་དེ་འདྲ་བྱུང་ན་རྒྱལ་ཁབ་དང་བོད་ཡིག་སློབ་གྲྭའི་སྙན་གྲགས་ལ་གནོད་པར་དོགས་ནས། སློབ་མའི་རྩོམ་ཡིག་ལ་དགེ་རྒན་གྱིས་སྨྱུ་གུ་དམར་པོས་དག་བཅོས་བྱེད་པ་བཞིན་དུ་ལྷག་བསམ་དག་པས་སྐྱོན་འདོན་དག་བཅོས་བྱས་པ་ཡིན་ཡང༌། རྩོམ་པ་པོས་ནོར་འཁྲུལ་ཁས་མི་ལེན་པའི་སྟེང་དུ། ས་མཆོང་གནམ་མཆོང་བྱས་ཏེ་རྒོལ་ལན་སློག་པར་འདུག ཁོ་བོའི་རྩོམ་དེ་དག་དགེ་རྒན་ཚང་མས་མཉམ་འཇོག་བྱས་མེད་ན་ཡང་ཐང༌། ད་ལྟའང་རྩོམ་ཡིག་གི་གནས་ཚུལ་བཟང་དུ་མ་སོང་བར་མ་དག་རྒྱུན་འབྱམས། ཞིང་ནང་གི་ལྡུམ་བུ་བཞིན་ས་ཁྱབ་འདུག་པས། བོད་ཡིག་སློབ་གྲྭ་དང་བོད་ཀྱི་རྩོམ་རིག་གི་སྙན་གྲགས་ལ་བསམས་ན། རིག་པ་ཤིན་ཏུ་བསྒྲིམ་དགོས་པར་སྣང་ངོ་༌། །

གཉིས། བོད་ཡིག་གི་རྒྱུགས་སྤྲོད་པའི་གནས་ཚུལ།

      ལོ་རེ་བཞིན་བོད་ཡིག་གི་སློབ་གྲྭ་འབྲིང་རིམ་ནས་མཐར་ཕྱིན་ཏེ་སློབ་གྲྭ་ཆེན་མོར་རྒྱུགས་སྤྲོད་མཁན་ནང་ན་རྒྱུགས་འཕྲོད་མཁན་བརྒྱ་ཆའི་སུམ་ཅུ་ཡང་མི་ལོང་ཞིང༌། དེའི་ནང་ན་བོད་ཡིག་སྐར་མ་བརྒྱད་ཅུ་ཡན་ཆད་ཅན་ཆེས་ཉུང་བར་སྣང་ལ། རང་རེ་བོད་ཡིག་ཚན་ཁག་ཏུ་རྒྱུགས་འཕྲོད་པའི་ནང་ན་ཡང༌། བོད་སྐད་བོད་ཡིག་གི་ཡོན་ཚད་བཟང་ཞན་རིམ་པ་གསུམ་ཕྱེ་ན་སློབ་ཁྲིད་ཀྱི་རྗེས་ཆོད་པའི་སྐད་ཡིག་གི་ཡོན་ཚད་ཅུང་ཟད་བཟང་ཤོས། སྤྱིར་བཏང་འཛིན་གྲྭ་རེ་ལ་ལྔ་དྲུག་ཙམ་ལས་མེད།(འཛིན་གྲྭ་རེར་མི་གྲངས༣༠--༣༥བར་ཡོད)དེ་ལ་བརྒྱ་ཆ་བརྩིས་ན་བརྒྱ་ཆའི་བཅོ་ལྔ་ལོང་མི་ལོང་ཙམ་རེད། ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་མཁན་ཡང་ལོ་རེར་ཉི་ཤུ་སུམ་ཅུ་རེ་ཡོད། དེའི་ནང་ན་རྒྱུགས་འཕྲོད་མཁན་བརྒྱ་ཆའི་བཅུ་ནས་བཅོ་ལྔའི་བར་ཡིན་ལ། དེའི་ནང་ན་བོད་ཡིག་སྐར་མ་བརྒྱད་ཅུ་ཡན་ཆད་ཅན་མི་རེ་གཉིས་ལས་མེད། དེ་ཡེང་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་མཁན་ནི་སློབ་གྲྭ་ཆེན་མོ་ནས་སློབ་སྦྱོང་མཐར་ཕྱིན་པ་དང༌། ཡོན་ཚད་དེ་དང་མཉམ་པའི་བོད་ཡིག་དགེ་རྒན་དང༌། བོད་ཡིག་གི་བྱ་བ་བྱེད་མཁན་ཤ་སྟག་རེད། བོད་ཡིག་རྒྱུགས་ཤོག་གི་དཀའ་སླ་ཡང༌། སྤྱིར་བཏང་གི་སློབ་གྲྭ་ཆེན་མོའི་དངོས་གཞི་འཛིན་གྲྭ་ནས་མཐར་ཕྱིན་པའི་འབྲིང་མཐོའི་ཡོན་ཚད་དང་བསྟུན་ནས་ཕུད་པ་ཡིན་ལ། ནང་དོན་ཡང་སྐད་ཡིག་དང་། སུམ་རྟགས། སྙན་ངག མངོན་བརྗོད། ལོ་རྒྱུས། ཚད་མ་སོགས་ཀྱི་གཞི་རྩའི་ཤེས་བྱ་དང༌། རྒྱུན་ཤེས་སྐོར་ཅིག་ལས་མེད།

      ངེད་ཅག་གིས་ལོ་དུ་མར་རྒྱུགས་བླངས་པ་དང་རྒྱུགས་ཤོག་བལྟས་པའི་གནས་ཚུལ་ཕྱོགས་ཙམ་མཚོན་ན། སུམ་རྟགས་ཕྱོགས་ལ་ཡིག་ནོར་བཅའ་མི་ཤེས་པ་དང་རྣམ་དབྱེ། ཚིག་ཕྲད། བྱ་ཚིག་སོགས་ངོས་འཛིན་ནོར་བ་དང༌། སྙན་ངག་ཕྱོགས་ལ། དཔེ་རྒྱན་དང་། གཟུགས་རྒྱན་ལྟ་བུ་རྒྱུན་བཀོལ་གྱི་རྒྱན་གྱི་དཔེར་བརྗོད་ངོས་འཛིན་ནོར་བ་དང༌། ལོ་རྒྱུས་ཕྱོགས་ལ། ངེས་པར་ཤེས་དགོས་པའི་རྒྱུན་ཤེས་ཀྱི་སྐོར་ཀྱང་མི་ཤེས་པ་དང༌། ཚད་མའི་ཕྱོགས་ལ། བསྡུས་ཆུང་གི་ཤེས་བྱའི་གྲངས་འདྲེན་དང༌། ཐལ་འགྱུར་གྱི་ལན་ཙམ་ཡང་འདེབས་མི་ཤེས་པ་དང༌། རྩོམ་རིག་ཕྱོགས་ལ། ཤིན་ཏུ་གོ་སླ་བའི་ཚིགས་བཅད་ཤོ་ལོ་ཀ་རེ་གཉིས་ལ་ཡང་གོ་བ་ལོན་མེད་ཅིང་ཚིག་འགྲེལ་འོལ་ཚོད་དུ་རྒྱག་པ་དང༌། རྒྱུན་དུ་བཀོལ་བཞིན་པའི་མངོན་བརྗོད་ཀྱི་མིང་ཙམ་ཡང་མི་ཤེས་པ་དང༌། ཚོད་བརྟག་ཏུ་རྩོམ་བཅད་ལྷུག་གང་རུང་རེ་ཅུང་ཟད་བྲིར་བཅུག་པ་ཡང༌། ཚིག་སྦྱོར་བདེ་ཞིང༌། ཚིག་སྐྱོན་དང། དོན་སྐྱོན། ཡིག་སྐྱོན་གང་ཡང་མེད་པའི་གྲ་དག་ཅིག་འཁྱོངས་དཀའ་བ་སོགས་མདོར་ན། སྐད་ཡིག་གི་གཞི་རྩའི་ཤེས་བྱའི་ཐད་ལ་གོ་རྒྱ་ཐོས་རྒྱ་ཆུང་བའི་སྐྱོན་ཤིན་ཏུ་མངོན། ལོ་རེ་བཞིན་རྒྱུགས་ཤོག་ལྟ་མཁན་རྣམས་ལ་རྒྱུགས་ལན་དགོད་བྲོ་བ་ཁ་མཚར་བྱས་ནས་མང་དུ་བཤད་རྒྱུ་ཡོད་པ་ལྟ་བུ་ཡིན། དེ་ལས་རང་རེའི་མཐོ་རིམ་སློབ་གསོའི་སྤྱིར་བཏང་གི་རྒྱུ་སྤུས་ཀྱང་ཟུར་བསྟན་ལེབ་མཐོང་གི་དཔེར་ཤེས་ཐུབ་བོ། །

གསུམ། བསམ་པ་དང་ཀུན་སྤྱོད་ཕྱོགས་ཀྱི་གནས་ཚུལ།

      ཕྱི་རྒྱལ་གྱི་མཁས་པ་གྲགས་ཆེན་ཡོ་ཧན་ཟིན་ནས། ཀུན་སྤྱོད་བཟང་བོ་ནི་ཤེས་ཡོན་ཚད་མཐོན་པོར་བསླེབས་པའི་རྟགས་མཚན་ཡིན་ཞེས་དང༌། ཏན་ཏིན་ནས། ཀུན་སྤྱོད་ཀྱིས་ཤེས་ཡོན་གྱི་མི་འདང་ས་ཁ་བསབ་བྱེད་ཐུབ་མོད། འོན་ཀྱང་ཤེས་ཡོན་གྱིས་ཀུན་སྤྱོད་ཀྱི་མི་འདང་ས་ཁ་གསབ་བྱེད་མི་ཐུབ་གསུངས་སོ། ། 《ས་སྐྱའི་ལེགས་བཤད》ལས། ཤེས་རབ་ལྡན་པས་ཉེས་པ་དག །སེལ་བར་ནུས་ཀྱི་བླུན་པོས་མིན། །ཞེས་དང༌། ། གལ་ཏེ་རིག་པ་ཡོད་ན་ཡང༌། །སྐྱེ་བོ་རང་བཞིན་ངན་པ་སྤང༌། །དུག་སྤྲུལ་ནོར་བུས་མགོ་བརྒྱན་ཀྱང༌། །མཁས་པ་སུ་ཞིག་པང་དུ་ལེན། ། ཞེས་གསུངས་པ་ལྟར། བསམ་པ་ཀུན་སྤྱོད་བཟང་བོ་སྐྱེད་སྲིང་བྱེད་པ་རྒྱལ་ཁབ་ཕྱི་ནང༌། གནའ་དུས་དང་དེང་དུས་ཀྱི་སློབ་གསོ་ཐུན་མོང་གི་ནང་དོན་གལ་ཆེན་ཞིག་རེད་མོད། དེང་སང་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་སློབ་མའི་ནང་ན་བསམ་པ་དང༌། ཀུན་སྤྱོད་ཕྱོགས་ཀྱི་ངན་ཤན་འགོས་ནས། ལད་པོ་མ་རབས་སུ་གྱུར་པ་ཤིན་ཏུ་མང་ཞིང༌། ཡ་ང་དགོས་པའི་ཚོད་དུ་གདའ། འབྲོག་པའི་ས་ཆ་སོགས་ན་བྱིས་པ་སློབ་གྲྭར་མི་གཏོང་བའི་རྒྱུ་མཚན་གལ་ཆེན་ཞིག་ནི། བྱིས་པ་ལད་འགྲོ་བར་སྐྲག་པ་རེད། ཕ་མ་མང་བོ་ཞིག་གིས་བཤད་རྒྱུར་བྱིས་པ་སློབ་གྲྭར་སོང་ན་ཡོན་ཏན་མི་ལོབས་ཤིང་ངན་ལོབས་ནས། ཁྱིམ་དུ་ཡོང་ན་ཕ་མའི་ཁ་མི་ལེན། ལས་ཀ་མི་ལས། ཤོམ་བྱས་ནས་ལབ་མགོ་བྱེད་ཅིང༌། ཤོ་དང་རྡུང་རེ་རྒྱག་པ་སོགས་ལ་དགའ་བས་སློབ་གྲྭར་མ་སོང་ན་དགའ་ཟེར། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ནས་བཤད་རྒྱུར། དེང་སང་གི་སློབ་མ་རྣམས་ཀྱིས་སློབ་སྦྱོང་མི་བྱེད། འགྲིག་ལམ་མི་རྩི། ཕར་བཤད་དུས། ཚིག་ཡང་ན་མི་ཉན། ཚིག་ལྩི་ན་མི་ཁུར། བྱིས་པ་མ་རབས་ལ་ལས་དགེ་རྒན་རྣམས་ལ་ཁ་འཐབ་ལག་འཛིང་བྱེད་པ་དང༌། དགྲར་བཟུང་ནས་གྲི་དང་མཚོན་ཚད་པ་སོགས་ཀྱང་ཡོད་པས་དགེ་རྒན་བྱེད་རྒྱུ་དཀའ་མོ་རེད་ཟེར། སློབ་གྲྭ་ཆེན་མོ་ན་ཡང༌། སློབ་སྦྱོང་མི་བྱེད་པ་དང༌། འགྲིག་མི་འཁུར་བར་ཆང་འཐུང༌། ཤོ་རྒྱག འཁོན་འཛིང་རྡུང་རེས་བྱེད་པ་དང༌། གཞུང་གི་ནོམ་རྫས་ཅོག་ཙེ་དང་ཤེལ་སྒོ་གཅོག་པ་དང༌། གློག་སྐུད་གཅོད་པ། རྐུ་བྱེད་པ། ཆབ་སྲིད་སྟེང་དུ་ཁྲིམས་འགལ་གྱི་བྱ་བ་བྱེད་པ་སོགས་དང༌། རྒྱུགས་སྤྲོད་སྐབས་གཡོ་སྒྱུ་བྱེད་པ་སོགས་ལོ་རེ་བཞིན་ཆད་པ་བཅད་པ་དང༌། གཏན་འཕུད་བཏང་བ་ཡང་མི་ཉུང་བ་ཞིག་ཡོད། ལྷག་པར་རིག་གནས་ཤིན་ཏུ་རྗེས་ལུས་ཡིན་ས་ནས་ཡོང་བའི་རོང་འབྲོག་གི་ན་གཞོན་ལ་ལ་སྤྱོད་པ་ལྷག་པར་བཙོག ལ་ལ་ཞིག་ཡུལ་ནས་ཡོང་དུས་གྲི་དང་སྐོར་དབྱུག་སོགས་བཟུང་ནས། འཐབ་འཛིང་བྱེད་རྒྱུའི་གྲ་སྒྲིག་བྱས་ནས་འོངས་པར་སྣང༌། ལ་ལས་སྐྲ་རིང་བོ་མི་དྲེད་ལྟ་བུར་བཞག་ནས། མི་གྲལ་དུ་སོང་ན་གཡག་གི་འགྲོ་སྟངས་བྱེད་ཅིང། སྐད་ཆ་བཤད་ན་ངུར་བ་ལྟ་བུར་བྱེད་ཅིང་། སྐེ་ཤིང་ཤིང་བྱས་ནས་གུས་གུས་དུད་དུད་བྱེད་མི་ཤེས། དགེ་རྒན་རྣམས་ལ་བརྩི་བཀུར་མེད་ལ་ཁ་ལེན་ཚིག་རྩི་མི་བྱེད་པ་དང༌། འགྲིག་ལམ་དོ་དམ་བྱེད་པའི་དགེ་རྒན་རྣམས་ལ་དགྲར་བཟུང་ནས་མིག་ཟུར་གྱིས་བལྟ་བ་སོགས་སློབ་གྲྭ་ཆེན་མོའི་སློབ་མའི་བཟོ་ལྟ་ཅུང་ཟད་ཀྱང་མེད་པ་མི་ཉུང་བ་ཞིག་ཡོད། སྤྱི་ཚོགས་སྟེང་ན་ཡང༌། དེང་སང་གི་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ། བོད་སར་མངགས་པའི་ན་གཞོན་ཕལ་ཆེར་ཞིག་ཡོན་ཏན་ལས་མི་ཚད་པའི་ང་རྒྱལ་དང༌། བྱ་བ་མི་ལས་པར་ཆང་འཐུང་ཞིང༌། ལབ་རྒྱག་མཁན་ཤ་སྟག་རེད་ཟེར་བ་དང༌། དེང་སང་གི་བོད་ཀྱི་སློབ་གྲྭ་པ་རྣམས་བོད་ཀྱི་རིག་གནས་མི་ཤེས་ཤིང༌། བོད་ཀྱི་རིག་གནས་ལ་སྐྱོན་རྒྱག་མཁན་མང་དུ་སྣང་ཟེར་བ་སོགས་རྣ་བར་མང་དུ་ཐོས་སོ། །

      གོང་གསལ་ཡོན་ཚད་ཞན་པ་དང་བསམ་པ་ཀུན་སྤྱོད་སོགས་མི་ཡི་རྒྱུ་སྤུས་ཞན་པའི་རྒྱུ་མཚན་གང་ཡིན་ཟེར་ན། གཙོ་ཆེར་མཉམ་སྡོམ་གྱི་རྒྱུ་སྤུས་མཐོར་འདེགས་བྱེད་པ་སློབ་གསོའི་དམིགས་ཡུལ་གཙོ་བོ་ཡིན་པའི་ངོས་ཟིན་མེད་ཅིང་། སྐབས་འགར་ཆབ་སྲིད་གཙོ་བོར་བྱེད་པ་དང༌། སྐབས་འགར་ཤེས་བྱའི་རིག་གནས་རྐྱང་བ་སློབ་པ་གཙོ་བོར་བྱེད་པ་དང༌། བོད་ཡིག་སློབ་གྲྭ་ལྟ་བུར་མཚོན་ན་བོད་ཡིག་གཙོ་བོར་མི་བྱེད་པ་དང༌། བོད་ཡིག་གཙོ་བོར་བྱེད་པའི་སློབ་ཁག་རྣམས་ཀྱང་བོད་ཡིག་གི་གཞི་རྩའི་ཤེས་བྱ་གཙོ་བོར་མི་འཛིན་པ་དང༌། སློབ་ཁྲིད་བྱེད་པའི་ཚེ་ཤེས་བྱའི་རིག་གནས་བཤད་ཁྲིད་བྱེད་པ་ལས། བསམ་པ་དང༌། ཀུན་སྤྱོད་སྐྱེད་སྲིང་གལ་ཆེར་མི་བྱེད་པ་དང༌། དེ་དང་མཚུངས་པར། སློབ་གསོའི་འཆར་གཞི། བཀོད་སྒྲིག དོ་དམ་བྱེད་ཐབས་བཅས་བོད་ཡིག་སློབ་གསོའི་གནས་ལུགས་དང་མཐུན་པ་ཞིག་དང༌། ཆ་འཛོམས་པོ་ཞིག་མེད་པ་བཅས་སོ། །

      གོང་གསལ་བོད་ཡིག་སློབ་གསོའི་ཕྱོགས་ཀྱི་གནད་དོན་དེ་དག་གཞི་ནས་བསྒྱུར་ཐབས་མ་བྱས་ན། སློབ་གསོའི་འཕེལ་རྒྱས་ཕྱོགས་ལ་གནོད་པ་ཐེབས་པར་གོར་མ་ཆག་པས། མྱུར་དུ་བཅོས་བསྒྱུར་བྱེད་དགོས།

      དང་པོ། བཅོས་བསྒྱུར་གྱི་ཐོག་མ་བསམ་བློའི་ལྟ་ཕྱོགས་བཅོས་བསྒྱུར་བྱེད་པ་དེ་ཤིན་ཏུ་གལ་ཆེ་བས། དེའི་ཐད་ལ་རང་རེའི་ལྟ་ཚུལ་མང་བོ་ཞིག་དུས་ལས་ཡོལ་ཞིང་རྙིང་དྲགས་པ་དང༌། གཡོན་ལྷུང་གི་འཆིང་བ་ལས་གྲོལ་མ་ཐུབ་པ་དང༌། རིག་གནས་གསར་རྙིང་གཉིས་ཀྱི་འབྲེལ་བའི་ཐད་ལ་ལྟ་ཚུལ་ཡང་དག་ཅིག་མེད་པ་དང༌། རིག་གནས་རིགས་མི་གཅིག་པ་ལ། ཁྱད་ཆོས་མི་གཅིག་པ་མང་བས། སློབ་གསོ་བྱེད་པའི་སྐབས། རིག་གནས་རང་རང་གི་ཁྱད་ཆོས་ལྟར་མི་བྱེད་པར་གཞན་དག་གི་བྱེད་སྟངས་དང་བསྟུན་ཅི་ཐུབ་བྱེད་པ་སོགས་ལྟ་ཚུལ་ཐད་ཀྱི་གནད་དོན་ཤིན་ཏུ་མང༌་།

      ཐོག་མར་བོད་སྐད་བོད་ཡིག་དེ་བོད་མི་རིགས་ལ་མཚོན་ན་མེད་དུ་མི་རུང་བའི་མི་རིགས་ཀྱི་རྟགས་མཚན་དང་རིག་གནས་ཀྱི་གཞི་རྩ་ཡིན་ལ། སྐད་ཡིག་རིག་གནས་འདི་མ་ཉམས་ན་བོད་མི་རིགས་ཀྱང་ཉམས་མི་སྲིད། སྐད་ཡིག་རིག་གནས་འདི་ཉམས་སོང་ན་མི་རིགས་ཀྱང་རྩ་བ་ནས་ཉམས་འགྲོ་བ་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དང༌། རིག་གཞུང་སྟེང་ནས་ངེས་ཐུབ་པ་ཞིག་ཡིན། མི་རིགས་གཞན་དང། རྒྱལ་ཁབ་གཞན་གྱི་ཚན་རིག་རིག་གནས་བཟང་བོ་སློབ་དགོས་པ་དང༌། བེད་སྤྱོད་བྱེད་དགོས་པ་སྨོས་མ་དགོས། དེ་མ་བསླབས་ན་རང་རེ་འཇིག་རྟེན་འདིར་འཚོ་གནས་བྱེད་དཀའ་ལ། སྟོབས་འབྱོར་མངའ་ཐང་ལྡན་པའི་མི་རིགས་ཤིག་ཏུའང་འགྱུར་མི་ཐུབ། འོན་ཀྱང་ཚན་རིག་རིག་གནས་སློབ་པ་རྒྱུ་མཚན་དུ་བྱས་ནས་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་བོར་བརླག་བྱེད་པ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ནོར་འཁྲུལ་ཆེན་པོ་ཞིག་ཏུ་འདུག དེ་ཡང་ཀྲུང་གོའི་མཚན་ཉིད་རིག་པའི་མཁས་ཆེན་ཀཱོ་ཟི་ཆི་ཡིས། རིག་གནས་ཆ་ཚང་བར་རྒྱུན་འཛིན་བྱས་ན། ད་གཟོད་སྒོ་ཀུན་ནས་གསར་སྐྲུན་བྱེད་ཐུབ་གསུངས་པ་ལྟར་རྒྱུན་འཛིན་དང་གསར་སྐྲུན་བར་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་དེ་ལ་ངོས་ཟིན་ཡང་དག་ཅིག་དགོས་པ་ཡིན། རང་རེས་རྒྱ་སྐད་རྒྱ་ཡིག་བསླབ་དགོས་ཤིང༌། དབྱིན་ཇི་སོགས་ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་ཀྱང་བསླབ་དགོས་མོད། མི་རིགས་གང་ཡང་ཐོག་མར་རང་གི་ཕ་སྐད་མ་ཡིག་ཤེས་པ་གཞིར་བཞག་གིས་སྐད་རིགས་ཡིག་རིགས་གཞན་དག་བསླབ་པ་ཡིན་ལ། དང་ཐོག་ཉིད་ནས་སྐད་ཡིག་གཞན་པ་ཞིག་ལ་བརྟེན་པ་ནི་རང་ལ་སྐད་ཡིག་མེད་པའམ། སྐད་ཡིག་ཡོད་ཀྱང་། བསླབ་པའི་རང་དབང་དང་ཆ་རྐྱེན་མེད་པའམ། སྐད་ཡིག་གཞན་པའི་འཁོར་ཡུག་ཏུ་གནས་པ་གང་རུང་ལས་མ་འདས་སོ། །

      གཞན་ཡང་མི་ཁ་ཤས་ཀྱིས་སྐད་ཡིག་ནི་བེད་སྤྱོད་པའི་ལག་ཆ་ཁོ་ནར་བལྟ་ཞིང༌། བེད་སྤྱོད་བྱེད་ཡུལ་ཆུང་ན་བསླབ་པའི་དགོས་པ་ཆུང་བསམ་ཞིང༌། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཞིག་ཏུ་བཟུང་ནས་རྒྱུན་འཛིན་དགོས་པ་མི་ཤེས། ལ་ལས་ཡི་གེ་རྐྱང་བ་ཞིག་བསླབས་ནས་དེ་ཡིས་ལག་ཆ་བྱས་ཏེ་ཚན་རིག་རིག་གནས་གསར་བ་སྤེལ་ན་ཆོག སྲོལ་རྒྱུན་རིག་གནས་གཞན་དག་བསླབ་མི་དགོས་བསམས་ཡོད་ལ། དེ་ནི་མི་རིགས་རང་རང་གི་སྐད་ཡིག་ནི། མི་རིགས་དེའི་རིག་གནས་ཡོངས་རྫོགས་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་དང༌། སྐད་ཡིག་གང་གི་ཤེས་བྱའི་ཡོན་ཚད་མཐོ་དམན། སྐད་ཡིག་དེ་དང་འབྲེལ་ཡོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཤེས་བྱ་དང༌། ཡོན་ཚད་ལ་རག་ལས་ཡོད་པ་ཞིག་ཡིན་པར་མ་ཤེས་པ་དང༌། རྩོམ་ཡིག་གི་ཆུ་ཚད་ནི། སྐད་ཡིག་རྐྱང་བའི་ཆུ་ཚད་མཚོན་པ་མིན་ལ།ཤེས་བྱའི་ཡོན་ཏན་ཡོངས་རྫོགས་མཉམ་སྡོམ་གྱི་ཆུ་ཚུད་མཚོན་པ་ཡིན་ཞེས་མཁས་པའི་ཁ་ལ་རླུང་ལྟར་གྲགས་པའི་དོན་དེ་མ་ཤེས་པའི་སྐྱོན་དུ་འདུག ཡང་ལ་ལས་ཚན་རིག་དང་ལག་རྩལ་སོགས་སྐད་ཡིག་གཞན་པར་བརྟེན་ནས་བསླབ་ན་ལས་སླ་བསམས་ཡོད་ཀྱང༌། དེ་ནི་རང་གི་སྐད་ཡིག་སློབ་མི་དགོས་པའི་རྒྱུ་མཚན་དུ་མི་འགྲོ་ལ། མིག་སྔར་གྱི་ལྟོ་གོས་འཚོ་བ་དོན་དུ་གཉེར་དགོས་པ་དེ། རིན་ཐང་གཞལ་དུ་མེད་པའི་ལོ་རྒྱུས་རིག་གནས་མི་དགོས་པའི་རྒྱུ་མཚན་དུ་ཡང་མི་འགྲོའོ། །

      སྤྱི་ལོ ༡༩༩༠ ལོའི་ཟླ ༤ པའི་ཚེས ༢༦ ཉིན་མི་དམངས་གསར་འགྱུར་ངོས་སུ་འཁོད་པའི《རྒྱལ་གཅེས་རིང་ལུགས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས》ཞེས་པའི་རྩོམ་གྱི་ནང་དུ“རྒྱལ་གཅེས་རིང་ལུགས་ཉིད་ནི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཤིག་དང༌། རྒྱལ་གཅེས་རིང་ལུགས་པ་ཞིག་ཡིན་ན། ཐོག་མར་ངེས་པར་དུ་རང་གི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་བྱེད་དགོས”ཞེས་དང༌།“རྒྱལ་གཅེས་རིང་ལུགས་ཞེས་པའི་གཅེས་འཛིན་གྱི་ཡུལ་གཙོ་བོ་ནི་ཀྲུང་ཧྭ་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དེ་དང༌། རང་རེའི་སྔོན་བྱོན་མེས་པོ་རྣམས་ཀྱིས་ལག་རྗེས་སུ་བཞག་པའི་འོད་འབར་རིན་ཆེན་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན”ཞེས་དང༌། “མི་ཞིག་གིས་གལ་ཏེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་ཡོད་རིགས་རྩ་མེད་དུ་དོར་ཅིང༌། སྲོལ་རྒྱུན་རིག་གནས་ཡོངས་རྫོགས་གཞི་རྩ་ནས་བགག་སྟེ་ནུབ་ཕྱོགས་ཀྱི་ལུགས་སྲོལ་ལྷུར་བླངས་ན། དེ་ལ་ཀྲུང་གོའི་མི་ཡི་ལ་རྒྱ་ཡོད་དམ་”ཞེས་དང༌། “གལ་ཏེ་འཛམ་གླིང་སྤྱི་འབངས་བྱེད་འདོད་དེ། རང་གི་མི་རིགས་ཀྱི་རིག་གནས་གཞི་རྩ་ནས་དོར་ན། དེ་ལྟ་བུའི་འཛམ་གླིང་སྤྱི་འབངས་དེ་སུས་ཀྱང་ཁས་མི་ལེན་ཏེ། མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྩ་བརྟན་ཆགས་མེད་པའི་འཛམ་གླིང་སྤྱིའི་རིག་གནས་ཟེར་བ་ཞིག་མེད་པའི་ཕྱིར”ཞེས་བཤད་དོ། ། དེང་སྐབས་རྒྱལ་ཁབ་གཞུང་ནས་ཀྱང༌། སློབ་གྲྭ་ཆེན་མོ་རྣམས་སུ་སྲོལ་རྒྱུན་རིག་གནས་ཀྱི་སློབ་ཁྲིད་འཛུགས་པ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བའི་ཐབས་སུ་བཟུང་ནས་ལག་བསྟར་བྱེད་ཀྱིན་ཡོད་དོ། །

      དེང་སྐབས་བོད་ཡིག་གི་སློབ་གྲྭ་མཐོ་རིམ་ནས་མཐར་ཕྱིན་པའི་སློབ་མ་ཕལ་ཆེར་སྐད་ཡིག་གི་ཆུ་ཚད་མཐོན་པོར་འགྲོ་མི་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི། སྲོལ་རྒྱུན་རིག་གནས་ཀྱི་གཞི་རྩ་མཐུག་པོ་ཞིག་ཆགས་མེད་པའི་སྐྱོན་དེར་ཐུག་ཡོད། གནད་དེ་མ་ཤེས་ན་བོད་སྐད་བོད་ཡིག་གི་ཆུ་ཚད་མཐོར་འདེགས་ཟེར་བ་ཚིག་སྟོང་སྨྲ་བ་ལས་མ་འདས་སོ། ། དེས་ན་བོད་ཡིག་གི་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་བྱེད་དགོས་ན། ལྟ་ཚུལ་བསམ་ཚུལ་སྟེང་གི་ནོར་འཁྲུལ་མང་བོ་ཞིག་སེལ་དགོས།

གཉིས་པ། སློབ་གསོའི་བཀོད་སྒྲིག་བྱེད་ཕྱོགས།

      སྐད་ཡིག་གི་གཞི་རྩའི་ཤེས་བྱར་ཤུགས་སྣོན་དང༌། སློབ་མའི་བསམ་པ་དང་ཀུན་སྤྱོད་སོགས་མཉམ་སྡོམ་རྒྱུ་སྤུས་མཐོར་འདེགས་ཕྱོགས་ལ་ཤུགས་སྣོན་བྱེད་པའི་སློབ་གསོའི་བཀོད་སྒྲིག་ཆ་འཛོམས་ཤིང་ཐབས་ལེགས་པ་ཞིག་བཟོ་བཅོས་ལག་བསྟར་བྱེད་དགོས་པས། དེ་ཇི་ལྟར་བྱེད་པའི་ཐབས་ལ།

      ༡ སློབ་གསོའི་ནང་དོན་ཕྱོགས་ལ། གཙོ་ཕལ་གྱི་དབྱེ་བ་ཕྱེས་ནས་གཞི་རྩའི་ཤེས་བྱའི་གཞུང་ལུགས་ཀྱི་སློབ་ཁྲིད་གཙོ་བོར་བྱས་ཏེ། སློབ་ཁྲིད་སྤྱིའི་སྡོམ་གྲངས་ཀྱི་བརྒྱ་ཆའི་དྲུག་ཅུའམ་བདུན་ཅུ་ཟིན་པ་དང༌།

      ༢ བོད་ཡིག་འཛིན་གྲྭར་སློབ་མ་སྡུད་ལེན་བྱེད་སྐབས། བོད་སྐད་བོད་ཡིག་གི་སྐར་གྲངས་གཙོ་བོར་བྱེད་པའི་སྟེང་ནས། སློབ་གྲྭ་འབྲིང་རིམ་ནས་ཐོ་རྟགས་བཀོད་པའི་བསམ་པ་དང་ཀུན་སྤྱོད་ཀྱི་ཡིག་རྟགས་ལ་བལྟས་ནས། སློབ་སྦྱོང་དང་ཀུན་སྤྱོད་ལེགས་ཤོས་སྡུད་ལེན་བྱེད་པ་དང༌།

     ༣ ལོ་རིམ་འཛིན་གྲྭ་འཕར་བ་དང༌། མཐར་ཕྱིན་པའི་ཡིག་རྟགས་སྟེར་བ་ལ། གཞི་རྩའི་ཤེས་བྱའི་རྒྱུགས་སྐར་བརྒྱད་ཅུ་ལོན་དགོས་པ་དང༌། བསམ་པ་ཀུན་སྤྱོད་སོགས་མཉམ་སྡོམ་རྒྱུ་སྤུས་ཀྱི་ཚད་གཞི་ངེས་ཅན་ཞིག་གཏན་ཁེལ་བྱས་ནས། ཚད་མ་འདང་ན་མཐར་ཕྱིན་ཡིག་རྟགས་མི་སྟེར་བའོ། །

གསུམ་པ། སློབ་གསོའི་ནང་དོན་ཕྱོགས།

      བོད་ཡིག་སློབ་གསོའི་གཞི་རྩའི་ཤེས་བྱའི་སློབ་སྦྱོང་ལ་ཤུགས་སྣོན་བྱེད་དགོས། དེ་ཡང་གཞི་རྩའི་ཤེས་བྱའི་སྐོར་ལ། རྩོམ་རིགས་དང་། བརྡ་སྤྲོད་རིག་པ། སྙན་ངག ཚད་མ། བོད་ཀྱི་ལོ་རྒྱུས། ནང་དོན་རིག་པའི་སྤྱི་ཁོག བོད་ཀྱི་རིག་གནས་སྤྱི་ཁོག་བཅས་སྣ་ཁ་བདུན་ངེས་པར་སློབ་དགོས་པའི་ཤེས་བྱའི་ཁོངས་སུ་གཏན་ཁེལ་བྱེད་པ་དང༌། གཞི་རྩའི་ཤེས་བྱ་དེ་དག་ཀྱང་ཤེས་བྱའི་རྣམ་གྲངས་ཚང་ཞིང་གཞུང་ལུགས་ཀྱི་ཟབ་ཁྱད་ངེས་ཅན་ཞིག་ཡོད་པ། སློབ་གྲྭའི་སློབ་ཁྲིད་ཀྱི་ཁྱད་ཆོས་ལྡན་པའི་བོད་ཡིག་སློབ་གྲྭ་མཐོ་རིམ་སྤྱི་མཐུན་གྱི་སློབ་དེབ་གསར་བ་ཞིག་རྩོམ་སྒྲིག་བྱེད་དགོས།

བཞི་པ། སློབ་ཁྲིད་བྱེད་སྟངས་ཕྱོགས།

      གོ་བདེ་བ། ཡིད་ངོར་འཇགས་སླ་བ། སློབ་མའི་བློ་སྒོ་འབྱེད་ཕུལ་ཆེ་བའི་ཐབས་སྣ་ཚོགས་བསྟེན་པ། དཔེར་ན། བོད་ཀྱི་ཆོས་ལུགས་རིག་གནས་ངོ་སྤྲོད་ཀྱི་གློག་པྲ་སྣང་བརྙན་སྟོན་པ་ལྟ་བུ་སོགས་ཚན་རིག་གི་སློབ་གསོའི་ཐབས་གསར་བེད་སྤྱོད་བྱེད་པ་དང༌། ལྟ་ཀློག་འབྲི་རྩོམ་སོགས་བསླབས་པའི་ཤེས་བྱ་བེད་སྤྱོད་གོམས་བྱང་གི་འགྲིག་ལམ་བཙུགས་ནས་གཤར་སྦྱང་ནན་ཏན་དུ་བྱེད་དུ་འཇུག་པ་དང༌། རྩོམ་ཡིག་དཔེར་བརྗོད་འབྲི་བའི་ཚད་གྲངས་དང༌། ཟུར་ལྟའི་ཡིག་ཆའི་རིམ་པ་གཏན་ཁེལ་བྱས་ནས། ཚད་གྲངས་སྐར་གྲངས་ངེས་ཅན་ལོང་དུ་འཇུག་པ་དང༌། སློབ་ཁྲིད་བྱེད་པའི་དགེ་རྒན་རྣམས་ལ་གཤར་སྦྱང་ལྟ་རྟོག་དང༌། རྩོམ་ཡིག་དཔེར་བརྗོད་དག་བཅོས་ཀྱི་འགན་ཁུར་འགྲུབ་ཚད་གཏན་ཁེལ་བྱས་ནས་རྟིང་སྐུལ་བྱེད་པ་དང༌། གཤར་སྦྱང་གི་སྐར་གྲངས། སློབ་ཁྲིད་ཀྱི་རྒྱུགས་སྤྲོད་སྐར་གྲངས་ཀྱི་བརྒྱ་ཆའི་ལྔ་བཅུ་བྱས་ནས་བགྲངས་སྟེ། རྒྱུགས་འཕྲོད་པའི་ཚད། གཞི་རྩའི་ཤེས་བྱ་རེ་རེ་བཞིན་སྐར་མ་བརྒྱད་ཅུ་ལོང་དགོས་པར་བྱེད་པ་དང༌། མཐར་ཕྱིན་པའི་སྐབས་གཞི་རྩའི་ཤེས་བྱ་རིགས་བདུན་རེ་རེ་བཞིན་རྒྱུགས་སྐར་བརྒྱད་ཅུ་མ་ལོངས་ན་མཐར་ཕྱིན་འཛིན་རྟགས་མི་སྟེར་བའི་ཐབས་ལག་བསྟར་བྱེད་པ།

ལྔ་པ། བསམ་པ་ཀུན་སྤྱོད་སློབ་གསོའི་ཕྱོགས།

      ཀུན་སྤྱོད་ཀྱི་སློབ་ཁྲིད་ལ་ཤུགས་སྣོན་དང༌། འགྲིག་ལམ་དོ་དམ་ནན་ཏན་བྱེད་པ་ཟུང་འབྲེལ་བྱེད་པའི་ཐབས་བསྟེན་པ། དེ་ཡང་སློབ་གསོའི་ཕྱོགས་ལ། མི་རིགས་རང་གི་ཡ་རབས་མི་ཆོས་ཀྱི་སློབ་གསོ་དང༌། རྒྱལ་གཅེས་ཁྲིམས་སྲུང་གི་སློབ་གསོ་ཟུང་འབྲེལ་བྱེད་པ་དང༌། བཟང་བོ་ལ་བྱ་དགའ། ངན་པ་ལ་ཆད་པ་གཅོད་པ་སོགས་སྐྱེད་སྲིང་བྱེད་ཡུལ་ཤེས་བྱའི་ཡོན་ཏན་གྱི་མཚན་ཉིད་ཚང་དགོས་པར་མ་ཟད། ཡ་རབས་མི་ཡི་མཚན་ཉིད་ཀྱང་ཚང་དགོས་པར་སྒོ་ཀུན་ནས་འབད་དགོས་པར་སྙམ་མོ། །

ཞེས ༡༩༩༨ ལོའི་ཟླ ༦ ཚེས ༡༦ ལ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།