ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཁུལ་གྱི་སྐད་གཉིས་འཕེལ་རྒྱས་ཀྱི་སྣ་མང་རང་བཞིན་དང་རྙོག་འཛིང་རང་བཞིན་གླེང་བ།

ཡོང་ཁུངས། : 2018ལོའི《བོད་ཀྱི་སློབ་གསོ》དེབ་དང་པོ།     སྤེལ་དུས། : 2019-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་ཁུལ་གྱི་སྐད་གཉིས་འཕེལ་རྒྱས་ཀྱི་སྣ་མང་རང་བཞིན་དང་རྙོག་འཛིང་རང་བཞིན་གླེང་བ།

——སྐད་གཉིས་མི་སྣ་ཟླ་བ་དང་ལྷ་མཚོ་གཉིས་ཀྱི་དཔེ་མཚོན་དབྱེ་ཞིབ།

རྩོམ་པ་པོ། ཡེ་ཤེས་ལྷ་མོ་འཚོ། བསམ་གྲུབ་ཀྱིས་བསྒྱུར།

གནད་བཏུས། དཔྱད་རྩོམ་འདིར་བོད་རིགས་སྐད་གཉིས་མི་སྣ་གཉིས་ཀྱི་སྐད་གཉིས་མྱོང་བརྒྱུད་དཔེ་མཚོན་བྱས་ཏེ། དེ་ལ་དབྱེ་ཞིབ་སྒོས་ཁོ་ཚོའི་མི་མཐུན་པའི་སྐད་གཉིས་མྱོང་བརྒྱུད་དེ་ལས་སློབ་གྲྭ་ནི་མི་མཐུན་པའི་སྐད་གཉིས་ལག་ལེན་སྣ་གཉིས་འབྱུང་རྐྱེན་ཁོ་ན་མ་ཡིན་པར། སྤྱི་ཚོགས་དང་ཆབ་སྲིད་རིག་གནས་བཅས་རིམ་པ་མི་མཚུངས་པའི་ཁོར་ཡུག་འགྱུར་ལྡོག་གིས་ཀྱང་སྐད་གཉིས་མི་སྣའི་མྱོང་བརྒྱུད་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད་པ་བསྟན་ཡོད།

གནད་ཚིག སྣོན་རྣམ་གྱི་སྐད་གཉིས་ལག་ལེན། འཕྲི་རྣམ་གྱི་སྐད་གཉིས་ལག་ལེན། སྐད་གཉིས་མྱོང་བརྒྱུད།

1.གླེང་གཞི།

སྐད་གཉིས་ཞིབ་འཇུག་ཁྲོད། མཁས་པ་མང་ཆེ་ཤོས་ཀྱིས་སྐད་གཉིས་ལག་ལེན་མི་འདྲ་བ་སྣ་གཉིས་ཡོད་པར་འདོད་དེ། དེ་སྣོན་རྣམ་གྱི་སྐད་གཉིས་ལག་ལེན་དང་། འཕྲི་རྣམ་གྱི་སྐད་གཉིས་ལག་ལེན་གཉིས་སོ། །ཟླ་བ་དང་ལྷ་མཚོ་ནི་ལོ་ན་ཕལ་ཆེར་མཚུངས་ཀྱང་སྐད་གཉིས་མྱོང་བརྒྱུད་གཏན་ནས་མི་མཚུངས་པའི་སྐད་གཉིས་མི་སྣ་གཉིས་ཡིན། དཔྱད་རྩོམ་འདིར་ཁོ་ཚོའི་སྐད་གཉིས་མྱོང་བརྒྱུད་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ། ཁོ་ཚོ་སློབ་ཆུང་ནས་མཐོ་འབྲིང་བར་གྱི་ལོ་ངོ12རིང་གི་སློབ་སྦྱོང་དང་འཚོ་བའི་ཁྲོད་སོ་སོས་སྐད་གཉིས་ལག་ལེན་མི་འདྲ་བ་སྟེ།  སྣོན་རྣམ་གྱི་སྐད་གཉིས་ལག་ལེན་དང་འཕྲི་རྣམ་གྱི་སྐད་གཉིས་ལག་ལེན་བརྒྱུད་པ་སྟེ། ཁོ་ཚོའི་མྱོང་བརྒྱུད་མི་འདྲ་བ་དེས་སློབ་གྲྭ་ནི་སྐད་གཉིས་ལག་ལེན་སྣ་གཉིས་འབྱུང་རྐྱེན་ཁོ་ན་མ་ཡིན་པར། ཁོ་ཚོ་འཚོ་གནས་བྱེད་བཞིན་པའི་སྡེ་བ་དང་ཁྱིམ་ཚང་ལ་སོགས་པའི་མཐའ་སྐོར་གྱི་སྤྱི་ཚོགས་ཁོར་ཡུག་གིས་ཀྱང་ཚད་མི་འདྲ་བའི་ངང་ནས་ཁོ་ཚོའི་སྐད་གཉིས་མྱོང་བརྒྱུད་ལ་ཤུགས་རྐྱེན་ཐེབས་བཞིན་པ་རྟོགས།

2. སྣོན་ཐབས་རྣམ་པའི་སྐད་གཉིས་མི་སྣ་དང་འཕྲི་ཐབས་རྣམ་པའི་སྐད་གཉིས་མི་སྣ།

ལམ་བྷིར(Lamber, in Landry and Allard, 1991)གྱིས། 1975ལོརསྣོན་རྣམགྱི་སྐད་གཉིས་མི་སྣ་དངའཕྲི་རྣམགྱི་སྐད་གཉིས་མི་སྣ་གཉིས་ཀྱི་ཁྱད་པར་བཏོན། ལམ་བྷིར་གྱིས་སྐད་གཉིས་མི་སྣས་གལ་ཏེ་སྐད་རིགས་གཉིས་པར་སློབ་སྦྱོང་བྱེད་པ་དེས་ཕ་སྐད་སྤྱོད་པའི་ནུས་པར་འཇིགས་སྐུལ་མེད་ཚེ། སྣོན་རྣམགྱི་སྐད་གཉིས་མི་སྣ་འབྱུང་མོད། འོན་ཀྱང་དེ་ལས་ལྡོག་སྟེ་གལ་ཏེ་སྐད་རིགས་གཉིས་པར་སློབ་སྦྱོང་བྱེད་པ་དེས་ཕ་སྐད་སྤྱོད་པའི་ནུས་པར་འཇིགས་སྐུལ་ཡོད་པ་དང་། ཐ་ན་དེས་ཕ་སྐད་ཀྱང་ཤོར་འགྲོ་བའི་རྐྱེན་དུ་འགྱུར་བ་སྟེ། འདི་ལྟ་བུའི་སྐད་གཉིས་མི་སྣ་ལའཕྲི་རྣམགྱི་སྐད་གཉིས་མི་སྣ་ཟེར། སྤྱིར་བཏང་དུ། གཙོ་རྒྱུག་སྤྱི་ཚོགས་ཀྱི་གཙོ་རྒྱུག་མི་ཚོགས་ཀྱིས་སྐད་རིགས་གཉིས་པར་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོདསྣོན་རྣམགྱི་སྐད་གཉིས་མི་སྣར་འགྱུར་བའི་སྐབས་མང་སྟེ།  སྐད་རིགས་གཉིས་པར་སློབ་སྦྱོང་བྱེད་པ་མང་ཆེ་བར་ཕ་སྐད་སྤྱོད་པར་འཇིགས་སྐུལ་བཟོ་མི་སྲིད་པས་སོ། །འོན་ཀྱང་གྲངས་ཉུང་མི་རིགས་ཀྱི་བྱིས་པར་ཇུས་འགོད་བྱས་པའི་དཔེ་དབྱིབས་མི་མཚུངས་པའི་སྐད་གཉིས་སློབ་གསོ་མང་ཤོས་ཀྱིས་མཇུག་མཐར་གྲངས་ཉུང་མི་རིགས་ཀྱི་བྱིས་པ་དགའཕྲི་རྣམ གྱི་སྐད་གཉིས་མི་སྣར་འགྱུར་དུ་བཅུག་པ་རེད།(Skutnabb – Kangas, 1986, 1988; Cummins, 1996; Rajanayagam, 1986)ཁ་རྨིན་སིས(Cummins, 1986)གྲངས་ཉུང་མི་རིགས་ཀྱི་བྱིས་པ་ནིསྣོན་རྣམགྱི་སྐད་གཉིས་མི་སྣར་འགྱུར་སྲིད་མོད། འོན་ཀྱང་དེ་ལྟར་འགྱུར་བའི་ཆ་རྐྱེན་ནི། གྲངས་ཉུང་མི་རིགས་ཀྱི་བྱིས་པའི་སྐད་རིགས་དང་པོའི་རིན་ཐང་དེ་སྤྱི་ཚོགས་དང་སློབ་གྲྭས་ཁས་ལེན་པ་དང་མཉམ་དུ་གྲངས་ཉུང་མི་རིགས་ཀྱི་བྱིས་པ་རྣམས་སློབ་གྲྭར་ཕ་སྐད་གཙོར་བཟུང་བའི་སློབ་ཁྲིད་དཔེ་དབྱིབས་ལོངས་སུ་སྤྱོད་དགོས་པ་རེད།

 3.ཞིབ་འཇུག་གི་རྒྱབ་ལྗོངས།

1949 – 1957ལོ་ནི་རིག་གནས་རྒྱུ་མང་ཅན་གྱི་དུས་རིམ་ཡིན། དུས་རིམ་འདིའི་ནང་དུ་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་དང་ཐབས་ཤེས་གཏན་འབེབས་བྱས། སྲིད་ཇུས་འདིའི་འོག་ཏུ།  བོད་ཀྱི་སྐད་དང་ཡི་གེ་ལ་བོད་ཁུལ་དུ་སྲུང་སྐྱོབ་བྱས། (Mackerras, 1994, 1995; Zhou,2009; Wang, Y. and J. Phillion, 2009).  1958-1977ལོ་ལ་གཅིག་སྒྱུར་དུས་རིམ་ཟེར། (Tsung and Cruickshank, 2009)དུས་རིམ་འདིའི་ནང་དུརིག་གསརགཡོན་ལྷུང་བསམ་བློའི་ཤུགས་རྐྱེན་ཐེབས་པས། རང་རྒྱལ་གྱི་གྲངས་ཉུང་མི་རིགས་མང་ཆེ་ཤོས་ལ་རང་ཉིད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་པའི་ཁེ་དབང་འཕྲོག   བོད་ཁུལ་དུ། སློབ་གྲྭའི་སློབ་ཐུན་རེའུ་མིག་ཏུ་བོད་ཡིག་སློབ་ཁྲིད་ཕལ་ཆེར་མཐོང་མི་ཐུབ། བོད་ཁུལ་གྱི་བྱིས་པས་སློབ་གྲྭར་རྒྱའི་སྐད་ཡིག་ཁོ་ནར་སློབ་སྦྱོང་བྱེད་པ་ཡིན།  1978-1990ལོ་ནི་མི་རིགས་ཀྱི་སྐད་དང་ཡི་གེ་བསྐྱར་དར་བྱེད་པའི་དུས་རིམ་ཡིན། 1987ལོ་ནས་མགོ་བཟུང་སྟེ་སྐད་གཉིས་སློབ་གྲྭ་ནི་བོད་ཁུལ་དུ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་འཛུགས་སྐྲུན་བྱས།

4.ཞིབ་འཇུག་གི་མ་ལག

4.1དོན་བརྗོད་རང་བཞིན་གྱི་ཞིབ་འཇུག་བྱེད་ཐབས། (Narrative inquiry)

དོན་བརྗོད་རང་བཞིན་གྱི་ཞིབ་འཇུག་བྱེད་ཐབས་ཀྱི་ནང་དོན་ནི་མི་བུ་རང་ཉིད་ཀྱི་འཚོ་བའི་མྱོང་བརྒྱུད་ལ་ཞིབ་འཇུག་བྱེད་པ་དེ་ཡིན། དོན་བརྗོད་རང་བཞིན་གྱི་ཞིབ་འཇུག་བྱེད་ཐབས་སུ་གཙོ་བོ་མི་བུ་རང་ཉིད་ཀྱིས་བརྗོད་པའི་འཚོ་བའི་མྱོང་བརྒྱུད་དེ་ཁོ་ཚོའི་གཏམ་རྒྱུད་ལ་དོ་སྣང་མཛད་དགོས། གཏམ་རྒྱུད་འདི་དག་གིས་མི་བུ་རང་ཉིད་ཀྱི་འཇིག་རྟེན་ངོས་ཟིན་མཚོན། (Connelly & Clandinin, 1990)   དོན་བརྗོད་རང་བཞིན་གྱི་ཞིབ་འཇུག་བྱེད་ཐབས་སུ་མི་བུ་དང་སྤྱི་ཚོགས་གཉིས་ཀྱི་འབྲེལ་བ་དང་། མི་བུ་དང་ཁོར་ཡུག་གི་འབྲེལ་བར་ཞིབ་དཔྱད་བྱེད་དགོས།

4.2རྟོགས་བརྗོད་རྣམ་པའི་འདྲི་བརྗོད་བྱེད་ཐབས།(Life history interview)

དཔྱད་རྩོམ་འདིར་རྟོགས་བརྗོད་རྣམ་པའི་འདྲི་བརྗོད་བྱེད་ཐབས་སྤྱད་ཡོད། ཀུའུ་ཏེ་སེན་གྱིས་བསྟན་དོན།( Good son , 2013)རྣམ་ཐར་རྣམ་པའི་འདྲི་བརྗོད་བྱེད་ཐབས་ནི་ཞིབ་འཇུག་བྱེད་ཐབས་ཤིག་ཡིན། དེས་ཐོག་མར་མི་བུ་རང་ཉིད་ཀྱི་གཏམ་རྒྱུད་འཚོལ་སྡུད་བྱེད་པ་ནས་མགོ་རྩོམ་པ་དང་། དེ་ནས་གཏམ་རྒྱུད་ཆུང་ཆུང་འདི་དག་ལོ་རྒྱུས་ཆབ་སྲིད་རིག་གནས་ཀྱི་རྒྱབ་ལྗོངས་འོག་ཏུ་བཞག་སྟེ་གོ་བ་ལེན་པ་རེད། འདི་ལྟར་བྱས་ཚེ་གཏམ་རྒྱུད་ཆུང་ཆུང་དེ་ལོ་རྒྱུས་སུ་གྱུར་པ་རེད།

རྟོགས་བརྗོད་རྣམ་པའི་འདྲི་བརྗོད་བྱེད་ཐབས་འདིས་བས་མཐའ་ཅན་གྱི་མི་ཚོགས་ལ་དོ་སྣང་བྱེད་པ་ཡིན། (Tierney, 2000; Brewer, 2000)བས་མཐའ་ཅན་གྱི་མི་ཚོགས་ཞེས་པ་ནི་མི་ཚོགས་འདི་དག་གི་འཚོ་བའི་མྱོང་བརྒྱུད་ལ་ཞིབ་འཇུག་དེ་འདྲ་བྱས་མ་མྱོང་བ་དང་། སྤྱི་ཚོགས་ཀྱིས་ཀྱང་དོ་སྣང་དེ་འདྲ་བྱས་མེད་པ་ལ་ཟེར། བོད་རིགས་ཀྱི་བྱིས་པ་དག་སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་སྟེ་སྐད་གཉིས་ལ་སློབ་སྦྱོང་བྱས་ཏེ་སྐད་གཉིས་མི་སྣར་གྱུར་པས། ཁོ་ཚོའི་མྱོང་བརྒྱུད་ནི་སྤྱིར་བཏང་བ་ཞིག་མིན། རྟོགས་བརྗོད་རྣམ་པའི་འདྲི་བརྗོད་བྱེད་ཐབས་འདིས་ང་ཚོར་བོད་རིགས་མི་བུ་རང་ཉིད་ཀྱི་སྐད་གཉིས་མྱོང་བརྒྱུད་ལ་ཞིབ་འཇུག་དང་ཁོ་ཚོའི་སྐད་སྒྲ་ལ་ཉན་པའི་གོ་སྐབས་ཤིག་གནང་བའོ། །

5.ཟླ་བའི་སྐད་བརྡའི་མྱོང་བརྒྱུད།

5.1ཟླ་བའི་གཏམ་རྒྱུད།

ཟླ་བ་ནི1986ལོར་སྐྱེས། ལོ་བཅུའི་སྟེང་སློབ་གྲྭར་སོང་། ཟླ་བའི་ཨ་ཕ་ནི་གློག་ལས་བཟོ་པ་ཞིག་ཡིན། ཕུ་བོ་གཉིས་ས་ཆ་གཞན་དུ་སློབ་གྲྭར་འགྲོ་བཞིན་ཡོད། ཨ་མ་གཅིག་པུས་ཞིང་ལས་བྱེད་བཞིན་ཡོད་པས། ཨ་མ་ལ་ཟླ་བས་ཞིང་ལས་ཐད་རོགས་བྱེད་པར་མཁོ། ཟླ་བ་འགྲོ་བཞིན་པའི་སློབ་ཆུང་ནི་སྡེ་བའི་སློབ་ཆུང་ཞིག་ཡིན་ཞིང་། དགེ་རྒན་གཅིག་ལས་མེད། སློབ་གྲྭས་སློབ་མ་ཚོར་རྒྱ་ཡིག་དང་རྩིས་རིག་གི་སློབ་ཁྲིད་བྱེད་པ་ལས་བོད་ཡིག་གི་སློབ་ཁྲིད་མེད།

ཟླ་བའི་སློབ་ཆུང་གི་སློབ་སྦྱོང་མྱོང་བརྒྱུད་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་བྱུང་། ཁོ་མོ1996ལོར་སློབ་ཆུང་དུ་སོང་། 1996ལོ་ནི་སྐད་གཉིས་སློབ་གསོ་དེ་བོད་ཁུལ་དུ་བསྐྱར་དར་བྱས་པའི་དུས་རིམ་གྱི་ལོ་གྲངས18པ་ཡིན། འོན་ཀྱང་ཟླ་བ་སློབ་གྲྭར་འགྲོ་བཞིན་པའི་སློབ་ཆུང་དེར། སློབ་གྲྭས་བོད་རིགས་བྱིས་པ་རྣམས་ལ་བོད་ཡིག་སློབ་ཁྲིད་སྤེལ་ཐབས་མེད་པ་མ་ཟད་སློབ་གྲྭར་དགེ་རྒན་ཧ་ཅང་མི་འདང་བའི་གནད་དོན་ལ་འཕྲད་ཡོད།

དམའ་འབྲིང་ནི་རྫོང་མཁར་དུ་ཡོད། དམའ་འབྲིང་སྐབས་སུ་ད་གཟོད་ཟླ་བ་ཐེངས་དང་པོར་མི་རིགས་གཞན་པའི་སློབ་གྲོགས་དང་འཕྲད། རྒྱ་སྐད་ལ་སློབ་སྦྱོང་བྱེད་པ་ནི་དམའ་འབྲིང་སྐབས་སུ་ཧ་ཅང་གལ་ཆེན་ཡིན། སློབ་གྲྭས་ཀྱང་སློབ་མ་ཚོར་རྒྱ་སྐད་ཀྱིས་གླེང་མོལ་བྱེད་དུ་འཇུག་པ་རེད། དམའ་འབྲིང་གི་སློབ་སྦྱོང་འཚོ་བའི་ཁྲོད་ཁོ་རང་ཐེངས་དང་པོར་རྒྱ་སྐད་བཤད་མ་ཤེས་པར་ངོ་ཚ་སྐྱེས། ཟླ་བ་རྒྱ་སྐད་ལ་བྱང་ཆ་མེད་པས་སློབ་གྲོགས་གཞན་པ་དང་བསམ་བློ་བརྗེ་རེས་ལེགས་པོ་བྱེད་ཐབས་མེད་པ་དེས་ཕྱོགས་གཅིག་ནས་རྒྱ་སྐད་ནི་གྲངས་ཉུང་མི་རིགས་ཀྱི་སློབ་མར་མཚོན་ན་གལ་ཆེན་ཡིན་པ་གསལ་བཤད་བྱས། གྲངས་ཉུང་མི་རིགས་ཀྱི་སློབ་མ་ངེས་པར་དུ་སྐད་གཉིས་མི་སྣར་འགྱུར་དགོས། ཁོ་ཚོ་ནི་སྐད་རིགས་སྣ་གཉིས་ལ་འབྲལ་ཐབས་མེད་དེ། ཕ་སྐད་དང་ཁོ་ཚོ་འཚོ་བ་རོལ་བཞིན་པའི་རྒྱལ་ཁབ་ཀྱི་གཞུང་ཕྱོགས་ཀྱི་སྐད་བརྡ་དེའོ། །

དམའ་འབྲིང་གི་ལོ་གསུམ་གྱི་རིང་ལ་ཟླ་བས་སློབ་སྦྱོང་ལ་འབད་བརྩོན་བྱས་པར་བརྟེན། ཁོ་མོའི་རྒྱའི་སྐད་ཡིག་ཇེ་བཟང་རེད། བཅར་འདྲི་བྱེད་སྐབས་ཁོ་མོས་དམའ་འབྲིང་སྐབས་ཀྱི་སློབ་སྦྱོང་གི་མྱོང་བརྒྱུད་ལ་འདི་ལྟར་ཕྱིར་དྲན་བྱས། “དམའ་འབྲིང་སྐབས་སུ་ངས་རྒྱ་ཡིག་ལ་འབད་བརྩོན་བྱས་པས། ངའི་རྒྱ་ཡིག་ཇེ་བཟང་དུ་གྱུར། འོན་ཀྱང་ང་ལ་བོད་ཡིག་སྦྱང་བའི་གོ་སྐབས་གཏན་ནས་མེད། ངས་བོད་རིགས་ཀྱི་བྱིས་པ་ཐམས་ཅད་ང་དང་འདྲ་བར་སློབ་གྲྭ་ནས་རྒྱ་ཡིག་ཁོ་ནར་སློབ་སྦྱོང་བྱེད་བཞིན་པར་སྙམ། མཐོ་འབྲིང་ལ་རྒྱུགས་སྤྲོད་པར་གྲ་སྒྲིག་བྱེད་སྐབས་ངས་ད་གཟོད་ང་ཚོ་ཁུལ་གྱི་མཐོ་འབྲིང་ཞིག་ཏུ་བོད་ཡིག་སློབ་ཁྲིད་སྤེལ་བཞིན་ཡོད་པ་ཐོས། ངས་གནས་ཚུལ་འདི་ཐོས་རྗེས་ཧ་ཅང་སེམས་འགུལ་ཐེབས། ཨ་ཕས་ཐོག་མར་ཤེས་རྗེས་ང་ལ་བཤད་པ་ཡིན། ཨ་ཕས་ཀྱང་གནས་ཚུལ་འདི་ཐོས་རྗེས་ཧ་ཅང་སེམས་འགུལ་ཐེབས།”

ཟླ་བས་མཐོ་འབྲིང་སྐབས་སུ་ད་གཟོད་བོད་ཡིག་སློབ་མགོ་བརྩམས། བཅར་འདྲི་བྱེད་སྐབས་ཁོ་མོས་འདི་ལྟར་བཤད། “ངས་ཐེངས་དང་པོར་བོད་ཡིག་གིས་རང་མིང་འབྲི་སྐབས་ང་རྒྱལ་དང་གཟི་བརྗིད་ཅིག་སྐྱེས།”འདིས་ཁོ་མོ་དང་རང་གི་ཕ་སྐད་བར་གྱི་རང་བྱུང་གི་འབྲེལ་ཐག་དེ་གསལ་སྟོན་བྱས། ཟླ་བས་བོད་ཡིག་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་དམ་འཛིན་བྱས་པ་དང་། ཁོ་མོ་དང་སློབ་གྲོགས་གཞན་པས་ཐ་ན་རང་ཉིད་ཀྱིས་དགེ་རྒན་བསྟེན་ཏེ་བོད་ཡིག་ལ་སློབ་སྦྱོང་བྱས་པའི་མྱོང་བརྒྱུད་འདིས་ཁོ་ཚོའི་བོད་ཡིག་ལ་སློབ་སྦྱོང་བྱེད་འདོད་པའི་སྤྲོ་སེམས་དེ་མཚོན་ཡོད། བོད་ཡིག་ལ་སློབ་སྦྱོང་བྱེད་རྒྱུ་དེ་ཟླ་བ་ལྟ་བུའི་མཐོ་འབྲིང་སྐབས་སུ་ད་གཟོད་སློབ་མགོ་བརྩམས་པའི་སློབ་མ་ཞིག་ལ་མཚོན་ན་དཀའ་ངལ་ཧ་ཅང་ཆེ་མོད། འོན་ཀྱང་ཟླ་བ་ལ་བོད་ཡིག་གི་ཆུ་ཚད་ཇེ་མཐོར་བཏང་སྟེ། མཐར་བོད་སྐད་ཡིག་ཆེད་ལས་ཀྱི་སློབ་ཆེན་སློབ་མ་ཞིག་ཏུ་འགྱུར་རྒྱུའི་འདུན་པ་ཡོད།

5.2ཟླ་བའི་གཏམ་རྒྱུད་ནི་བདེ་ཆེན་དུ་བྱུང་།

ཟླ་བའི་སྐད་གཉིས་སློབ་སྦྱོང་གི་མྱོང་བརྒྱུད་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་བྱུང་། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་དེ་ཡིན། བརྒྱ་ཆའི30ཡི་སྡོད་དམངས་ནི་བོད་རིགས་ཡིན། བདེ་ཆེན་དུ་མི་གྲངས་ཆེས་མང་བའི་མི་རིགས་ཡིན། དེ་ནས་རྒྱ་རིགས་ཡིན། (Kolas, 2005:2)  བདེ་ཆེན་གྱི་མངའ་ཁོངས་སུ་ད་དུང་འཇང་རིགས་དང་ལི་སུའུ་རིགས། པའེ་རིགས། ཧུའེ་རིགས། དབྱིས་རིགས། མིའོ་རིགས་སོགས་གྲངས་ཉུང་མི་རིགས་གཞན་པའང་གནས་ཡོད། དེའི་ཕྱིར་བདེ་ཆེན་ནི་མི་རིགས་མང་པོ་འདུས་སྡོད་བྱས་པའི་ས་གནས་ཤིག་ཡིན།

རིག་གསར་སྐབས་སུ་བོད་རིགས་ཀྱི་ས་ཁུལ་མང་ཆེ་ཤོས་ཀྱི་སློབ་གྲྭ་ན་བོད་ཡིག་གི་སློབ་ཁྲིད་མེད་པས། བདེ་ཆེན་ཡང་དེ་ལས་མ་འདས། 1978ལོ་ནས་མགོ་བཟུང་སྟེ་སྐད་གཉིས་སློབ་གྲྭ་བོད་ཁུལ་དུ་སྔ་རྗེས་སུ་བཙུགས། བདེ་ཆེན་དུ་ཡང1980ལོ་ནས་བཟུང་སྟེ་སྐད་གཉིས་སློབ་གྲྭ་འཛུགས་པར་ཚོད་ལྟ་བྱས། 1980ལོར་སྤེལ་བའིམི་རིགས་སློབ་གསོའི་བྱ་བར་ཤུགས་སྣོན་པའི་ཐད་ཀྱི་བསམ་འཆརལས“རང་མི་རིགས་ལ་སྐད་དང་ཡི་གེ་ཡོད་པའི་མི་རིགས་ཚང་མས་རང་མི་རིགས་ཀྱི་སྐད་ཡིག་སྤྱད་ནས་སློབ་ཁྲིད་བྱེད་དགོས་པ་དང་། རང་མི་རིགས་ཀྱི་སྐད་ཡིག་ལེགས་པོར་སློབ་པ་དང་མཉམ་དུ་རྒྱའི་སྐད་དང་ཡི་གེ་ལ་ཡང་སློབ་སྦྱོང་བྱེད་དགོས།”ཞེས་གཏན་འཁེལ་བྱས་ཡོད། 1980ལོ་ནས་བཟུང་སྟེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་བརྩོན་སྒོས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ། བདེ་ཆེན་དུ་སྐད་གཉིས་སློབ་གསོའི་ལས་གཞི་སྒྲུབ་མགོ་བརྩམས། འོན་ཀྱང“རིག་གསར”ལོ་བཅུའི་ནང་དུ་བོད་སྐད་ཡིག་གི་སློབ་གསོ་དེ་བོད་ཁུལ་དུ་མེད་པར་གྱུར་པས་བོད་ཁུལ་གྱི་སློབ་གསོ་ལ་གནོད་སྐྱོན་ཚོད་དཔག་བྱེད་ཐབས་མེད་པ་ཞིག་ཐེབས་ཡོད། སྤྱི་ལོ1978ལོ་ནས་བཟུང་། མི་རིགས་སློབ་གསོས་མི་རིགས་ཀྱི་སྐད་དང་ཡི་གེ་བསྐྱར་གསོ་བྱེད་པའི་གོ་སྐབས་ཧ་ཅང་བཟང་པོ་དེ་བསུས་འོང་ན་ཡང་། བོད་སྐད་ཡིག་གི་ཤེས་ལྡན་མི་སྣ་རིམ་པ་ཆད་པ་དེས་བྱ་བ་སླར་གསོ་བྱེད་པ་ལ་དཀའ་ཁག་ཆེན་པོ་ཞིག་བཟོས། སྒྲོལ་མས2007ལོ་ནས་བཟུང་སྟེ་ལོ་ལྔའི་རིང་གྲ་སྒྲིག་བྱས་མཐར། བདེ་ཆེན་དགེ་འོས་སློབ་གྲྭར་སྐད་གཉིས་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭ་ཞིག་བཙུགས་ཏེ་སློབ་མ150བསྡུས་ཤིང་སློབ་ཡུན་ལོ་གསུམ་ཡིན།[i] སྐད་གཉིས་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭ་འཛུགས་པའི་དམིགས་ཡུལ་ནི་སློབ་གྲྭར་བོད་ཡིག་དགེ་རྒན་སྐྱེད་སྲིང་བྱེད་ཆེད་ཡིན་མོད་ཀྱང་། སྤྱི་ལོ2005ལོར་སླེབས་རག་བར་དུ་བདེ་ཆེན་ཁུལ་གྱི་སློབ་ཆུང924དང་སློབ་འབྲིང23ལས་སློབ་གྲྭ21ལ་མ་གཏོགས་བོད་ཡིག་སློབ་ཁྲིད་གཟུགས་པའི་དགེ་རྒན་འདང་ངེས་པ་ཞིག་མེད། ཟླ་བས་མཐོ་འབྲིང་ལ་སླེབས་རག་བར་དུ་མ་གཏོགས་སློབ་ཆུང་ནས་དམའ་འབྲིང་བར་དུ་བོད་ཡིག་སློབ་པའི་གོ་སྐབས་རག་མེད་ཅིང་། ཟླ་བའི་སྐད་གཉིས་ཀྱི་མྱོང་བརྒྱུད་དེས་ཁོ་མོས་འཚོ་བ་རོལ་སའི་གྲོང་སྡེ་དང་དེའི་མཐའ་སྐོར་གྱི་སྤྱི་ཚོགས་ཁོར་ཡུག་གིས་ཁོ་མོའི་སྐད་གཉིས་ཀྱི་མྱོང་བརྒྱུད་ལ་ཤུགས་རྐྱེན་ཐེབས་པ་གསལ་བཤད་བྱས་ཡོད་དེ། ཁོ་མོའི་གཏམ་རྒྱུད་ཀྱིས་ང་ཚོར་ས་ཁོངས་ཀྱིས་སྐད་གཉིས་མི་སྣའི་མྱོང་བརྒྱུད་ལ་ཤུགས་རྐྱེན་ཐེབས་པ་གསལ་པོར་བསྟན་ཡོད་དོ། །

6.ལྷ་མཚོའི་སྐད་གཉིས་ཀྱི་མྱོང་བརྒྱུད།

6.1ལྷ་མཚོའི་གཏམ་རྒྱུད།

ལྷ་མཚོའི་སྐད་གཉིས་ཀྱི་མྱོང་བརྒྱུད་ནི་ཁོ་མོ་ཡོད་སའི་གྲོང་སྡེའི་ཕ་སྐད་སྲུང་སྐྱོབ་མཐུན་ཚོགས་ནས་བཟུང་གླེང་མགོ་རྩོམ་དགོས། “ངའི་ཕ་ཡུལ་གཅན་ཚ་རྫོང་ན་ཡོད་ཅིང་རེབ་གོང་ལ་ཧ་ཅང་ཐག་ཉེ་བོ་ཡོད། ངའི་ཁྱིམ་མི་ཚང་མས་བོད་སྐད་བཤད་ཀྱི་ཡོད། ང་རང་སྡོད་སའི་གྲོང་སྡེའི་ནང་ཕ་སྐད་སྲུང་སྐྱོབ་མཐུན་ཚོགས་ཤིག་ཡོད་ལ། མཐུན་ཚོགས་འདི་ང་རང་ལོ་ན་ཧ་ཅང་ཕྲ་བའི་སྐབས་སུ་ནས་གྲོང་སྡེའི་ནང་བཙུགས་ཡོད། མཐུན་ཚོགས་འདིས་སྡེ་མི་ཀུན་གྱིས་བོད་སྐད་གཙང་མ་བཤད་དགོས་པའི་བླང་བྱ་བཏོན་ཡོད། གལ་ཏེ་སྡེ་པའི་ནང་མི་སུ་ཞིག་གིས་བོད་སྐད་བཤད་དུས་དེའི་ནང་རྒྱ་སྐད་བསྲེས་ནས་བཤད་པ་ཤེས་ཚེ་མི་དེ་ལ་དངུལ་ཆད་གཅོད།”

ལྷ་མཚོས་ཞང་གི་སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་བོད་ཡིག་དང་རྒྱ་ཡིག་བསླབ་པ་ཡིན་ལ་དགེ་རྒན་ཚང་མ་ཡང་སྐད་གཉིས་དགེ་རྒན་ཡིན། རྒྱ་ཡིག་དགེ་རྒན་གྱིས་བྱིས་པའི་ཕ་སྐད་ཀྱིས་ཁོ་ཚོར་སྐད་བརྡ་ཨང་གཉིས་པ་བསླབ་རོགས་བྱེད་ཅིང་། རྒྱ་ཡིག་དགེ་རྒན་ནི་བོད་རིགས་ཡིན་པས་བོད་རིགས་བྱིས་པ་རྣམས་ཀྱིས་སྐད་བརྡ་ཨང་གཉིས་པ་སློབ་དུས་སུ་དཀའ་ཁག་ལ་འཕྲད་འོང་བ་ཡང་ཁོས་ཧ་གོ་ཡོད། ལྷ་མཚོས་ཀྱང་རྒྱ་ཡིག་དགེ་རྒན་འདི་ཉིད་བརྗེད་མི་སྲིད་དེ། ཁོ་མོས་རང་ཉིད་ཀྱི་རྒྱ་ཡིག་ལ་ཞང་གི་སློབ་ཆུང་ནས་བཟུང་རྨང་གཞི་ལེགས་པོ་ཞིག་བཏིང་ཡོད་བསམས། རྫོང་སློབ་ཆུང་དུ་ལྷ་མཚོས་རྒྱ་ཡིག་སློབ་དཀའ་བར་སྙམ་བྱུང་། རྒྱུ་མཚན་ནི། སློབ་ཁང་གི་སྐད་བརྡ་ནི་རྒྱ་སྐད་ཁོ་ན་ཡིན། འོན་ཀྱང་བཅར་འདྲིའི་སྐབས་སུ་ཁོ་མོ་ན་རེ། “དགེ་རྒན་ཚང་མ་སྐད་གཉིས་དགེ་རྒན་ཡིན་པས། ཁོ་ཚོས་ང་ལ་ཇི་ལྟར་རོགས་རམ་བྱེད་རྒྱུ་དེ་ཤེས་ཡོད”ཟེར།

སློབ་ཆུང་ནས་དམའ་འབྲིང་དང་མཐོ་འབྲིང་གི་བར་དུ་ལྷ་མཚོ་འགྲིམས་པ་དེ་སྐད་གཉིས་སློབ་གྲྭ་ཡིན་ཞིང་། སློབ་གྲྭའི་སྐད་གཉིས་དཔེ་དབྱིབས་ནི་བོད་སྐད་གཙོ་བོ་ཡིན། ལྷ་མཚོས་ཕྱིར་དྲན་བྱེད་རྒྱུར། མཐོ་འབྲིང་གི་སྐབས་སུ་སློབ་ཁྲིད་མང་པོ་ཞིག་སྐད་བརྡ་གཉིས་ཀྱིས་ཁྲིད་པ་ཡིན་ཏེ། དཔེར་ན། ཆབ་སྲིད་དང་། ས་ཁམས། ལོ་རྒྱུས་བཅས་ལྟ་བུ་སྟེ། དེར་མ་ཟད་སློབ་ཁྲིད་འདི་དག་གི་སྐབས་སུ་རྒྱ་བོད་སྐད་ཡིག་གཉིས་ཀྱི་སློབ་དེབ་སྤྲོད་པ་ཡིན་པས། མཐོ་འབྲིང་གི་སྐབས་སུ་ཁོ་ཚོས་བོད་ཡིག་དང་རྒྱ་ཡིག་གང་རུང་གིས་རྒྱུགས་སྤྲད་ཆོག ལྷ་མཚོའི་བོད་ཡིག་དང་རྒྱ་ཡིག་གི་འབྲི་ཀློག་ཉན་བཤད་ཚང་མ་ཡང་ཅུང་ཟད་ལེགས་ཤིང་། ངས་ཁོ་མོར་བཅར་འདྲི་བྱེད་དུས་ཁོ་མོ་ནི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་སློབ་མ་ཞིག་རེད།

6.2ལྷ་མཚོའི་གཏམ་རྒྱུད་ནི་གཅན་ཚ་ནས་བྱུང་བ་ཡིན།

ལྷ་མཚོའི་གཏམ་རྒྱུད་དེ་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་ནས་བྱུང་ཞིང་། གཅན་ཚ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཏེ། ཁུལ་སྲིད་གཞུང་ཡོད་སའི་རེབ་གོང་རྫོང་དང་ཐག་དེ་ཙམ་མི་རིང་།

རེབ་གོང་ནི་བོད་ཀྱི་རིག་གནས་སུ་ཡུལ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ཏེ། སྙན་པའི་གྲགས་པ་ཁྱབ་པའི“རེབ་གོང་སྒྱུ་རྩལ”ཞེས་པའི་འབྱུང་གནས་ཡིན་ལ། རེབ་གོང་སྒྱུ་རྩལ་ནི་ཀྲུང་གོའི་བོད་ཀྱི་ནང་བསྟན་སྒྱུ་རྩལ་གྱི་གལ་ཆེའི་གྲུབ་ཆ་ཁག་ཅིག་ཡིན། ཧ་ལམ་ཡོན་རྒྱལ་རབས་ནས་མགོ་ཚུགས་ཤིང་ད་ལྟའི་བར་ལོ་ངོ700ལྷག་གི་ལོ་རྒྱུས་ཡོད། 2009ལོར། རེབ་གོང་སྒྱུ་རྩལ་འཛམ་གླིང་གཟུགས་འདས་རིག་གནས་ཤུལ་བཞག་ཏུ་བདམས་ཐོན་བྱུང་ཞིང་། ལོ་རྒྱུས་སུ་བོད་ཀྱི་ལོ་རྒྱུས་རིག་གནས་གལ་ཆེན་དང་ཆོས་ལུགས་མི་སྣ་མང་པོ་ཞིག་ཀྱང་རེབ་གོང་ནས་འཁྲུངས་པ་ཡིན་པར་མ་ཟད། རེབ་གོང་དུ་ད་དུང་བོད་ཀྱི་དགོན་སྡེ་གྲགས་ཅན་ཡང་ཡོད། དེ་བས་རེབ་གོང་ནི་བོད་ཀྱི་རིག་གནས་སུ་ཡུལ(Dhondup,1995:33)ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པའང་བཤད་མ་དགོས། “རིག་གསར”སྐབས་སུ་བོད་ཁུལ་གྱི་སློབ་གྲྭ་ཕལ་མོ་ཆེ་རུ་བོད་ཡིག་གི་སློབ་ཁྲིད་བྱེད་མི་ཐུབ་ན་ཡང་། རེབ་གོང་ས་ཁུལ་དུ“རིག་གསར”སྐབས་སུའང་གནོན་ཤུགས་ཐེག་ཅི་ཐུབ་བྱས་ནས་སློབ་གྲྭར་བོད་ཡིག་གི་སློབ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་པས། རེབ་གོང་རིག་པ་འབྱུང་བའི་གནས་ཞེས་པའི་བསྔགས་བརྗོད་ཀྱང་དོན་ལ་གནས།

7. ཟླ་བ་དང་ལྷ་མཚོའི་སྐད་གཉིས་མྱོང་བརྒྱུད་ལས་བྱུང་བའི་བློ་འབྱེད།

7.1སྣོན་རྣམ་གྱི་སྐད་གཉིས་ལག་ལེན་དང་འཕྲི་རྣམ་གྱི་སྐད་གཉིས་ལག་ལེན།

ཟླ་བས་བཅར་འདྲིའི་སྐབས་སུ་རྒྱ་སྐད་ཀྱིས་ང་ལ་གླེང་མོལ་བྱེད་འདུན་ཡོད་ཚུལ་བརྗོད། ང་ཚོའི་བཅར་འདྲི་བོད་སྐད་ཀྱིས་མགོ་བརྩམས་པ་ཡིན་མོད། འོན་ཀྱང་། ཚིག་སྦྱོར་གཉིས་པར་ཁོ་མོའི་ཕ་ལགས་ཀྱི་ལས་རིགས་གསལ་བཤད་བྱེད་སྐབས“电工”ཞེས་པ་དེ་ཁོ་མོས་རྒྱ་སྐད་ཀྱིས་ལབ་བྱུང་། དེ་ནས་སྐད་ཆ་ཚིག་འགའི་རྗེས་ནས་ཁོ་མོས་རང་གི་སྐད་གཉིས་མྱོང་བརྒྱུད་དེ་རྒྱ་སྐད་ཀྱིས་བརྗོད་མགོ་བརྩམས། ཁོ་མོའི་སྐད་གཉིས་མྱོང་བརྒྱུད་དེ་ཁོ་མོས་རང་གི་སྐད་གཉིས་མྱོང་བརྒྱུད་བཤད་སྟངས་དང་ཧ་ཅང་མཐུན་ཞིང་། ཁོ་མོའི་ཕ་སྐད་དེ་ཁོ་མོའི་སྐད་བརྡ་ཨང་གཉིས་པ་ལ་མི་དོ་བར་མ་ཟད། ཁོ་མོའི་སྐད་བརྡ་ཨང་གཉིས་པ་བསླབ་པ་དེས་ཡུན་རིང་ནས་ཕ་སྐད་སྤྱོད་པའི་ནུས་པ་ལའང་འཇིགས་སྣང་སྐུལ་ཡོད། ཁོ་མོ་ནི་འཕྲི་རྣམ་གྱི་སྐད་གཉིས་ལག་ལེན་བྱེད་མཁན་ཞིག་ཡིན་ལ། མཁས་པ་མང་པོ་ཞིག་གིས་འཕྲི་རྣམ་གྱི་སྐད་གཉིས་ལག་ལེན་གྱིས་སྐད་གཉིས་སྨྲ་མཁན་གྱི་ཤེས་རྟོགས་ཀྱི་ནུས་པ་ལ་ཞོར་རྐྱེན་ངན་པ(Lamber, 1975 in Landry and Allard,1991;  Cummins, 1978, 1979; Hamers & Blanc, 1983)ཐེབས་པར་འདོད་མོད། འོན་ཀྱང་། ལན་ཏི་རོས་དང་ཨ་ལ་ཏི(Landry and Allard,1991)རྣམ་གཉིས་ཀྱིས། ཤེས་རྟོགས་ཀྱི་ནུས་པ་ཁོ་ན་དེ་སྣོན་རྣམ་ནམ་ཡང་ན་འཕྲི་རྣམ་གྱི་སྐད་གཉིས་ལག་ལེན་ཤན་འབྱེད་བྱེད་ཀྱི་ཚད་གཞི་ཉག་གཅིག་ཏུ་བཟུང་བ་ནི་ཕྱི་རོལ་ཡུལ་དང་མི་མཐུན་པར་འདོད། སྐད་གཉིས་སྨྲ་མཁན་ལ་ལའི་ཤེས་རྟོགས་ཀྱི་ནུས་པ་དེ་འཕྲི་རྣམ་གྱི་སྐད་གཉིས་ལག་ལེན་བྱེད་མཁན་ལས་ཀྱང་མི་ཆེ་རུང་། ཁོ་ཚོ་སྣོན་རྣམ་གྱི་སྐད་གཉིས་ལག་ལེན་བརྒྱུད་བཞིན་ཡོད། དེ་བཞིན་དུ་སྐད་གཉིས་སྨྲ་མཁན་ལ་ལ་ནི་དངོས་ནས་འཕྲི་རྣམ་གྱི་སྐད་གཉིས་ལག་ལེན་བརྒྱུད་བཞིན་ཡོད་མོད་ཀྱང་། ཁོ་ཚོའི་ཤེས་རྟོགས་ཀྱི་ནུས་པ་དེ་སྣོན་རྣམ་གྱི་སྐད་གཉིས་ལག་ལེན་བྱེད་མཁན་ལས་ཞན་པ་ཞིག་མིན་ནོ། །ཟླ་བའི་སྐད་གཉིས་ལག་ལེན་ཁྲོད་ཁོ་མོའི་ཤེས་རྟོགས་ཀྱི་ནུས་པ་ལ་ཞོར་རྐྱེན་ངན་པ་གཏན་ནས་བྱུང་མེད་པར། ཁོ་མོའི་སྐད་བརྡ་ཨང་གཉིས་པ་དེ་ཕ་སྐད་ལྟ་བུའི་ཉེར་སྤྱོད་ཐོགས་པ་མེད་པའི་ཆུ་ཚད་ལ་སླེབས་ཡོད། ཡིན་ཡང་ཁོ་མོའི་ཕ་སྐད་ཀྱི་ཆུ་ཚད་དེ་སྐད་བརྡ་ཨང་གཉིས་པ་ལ་མི་དོ། སྐད་གཉིས་ཞིབ་འཇུག་ཆེད་མཁས་པ་མང་པོ་ཞིག་བཞེད་ཚུལ་འདི་ལ་འཐད་དེ། གལ་ཏེ་གྲངས་ཉུང་མི་རིགས་ཀྱི་ཕ་སྐད་དེ་སྐད་བརྡ་ཨང་གཉིས་པ་ལས་ཞན་ཚེ། ཁོའམ་ཁོ་མོས་འཕྲི་རྣམ་གྱི་སྐད་གཉིས་ལག་ལེན(Baker,1988,2006;Cummins:,1996;Dagmar Hellmann-Rajanagam,1986)བརྒྱུད་བཞིན་ཡོད།

ལྷ་མཚོ་སྣོན་རྣམ་གྱི་སྐད་གཉིས་ལག་ལེན་བརྒྱུད་ཅིང་། ཁོ་མོའི་སྐད་བརྡ་ཨང་གཉིས་པ་བསླབ་པ་དེས་ཁོ་མོའི་ཕ་སྐད་ཉེར་སྤྱོད་བྱེད་པ་ལ་འཇིགས་སྐུལ་ཐེབས་མེད། ཁོ་མོས་འཚོ་བ་རོལ་སའི་གྲོང་སྡེ་དང་ཁོ་མོ་འགྲིམས་པའི་སློབ་གྲྭ་ཡོངས་རྫོགས་ཀྱིས་ཕ་སྐད་ཀྱི་རིན་ཐང་དང་ཕ་སྐད་དེ་མི་སྒེར་གྱི་ངོས་ནས་གལ་ཆེན་ཡིན་པ་དེ་ཁས་ལེན་གང་ལེགས་བྱས་ཡོད་པ་དང་། སློབ་ཆུང་ལོ་རིམ་དང་པོ་ནས་བཟུང་རྒྱ་ཡིག་ཧུར་ཐག་གིས་བསླབས་པ་དེས་ཀྱང་རྒྱ་ཡིག་གི་གལ་ཆེན་རང་བཞིན་དེ་སློབ་གསོའི་དོན་གཉེར་ཁྲོད་གཙིགས་འཛིན་བྱས་པ་མཚོན། Casanova and Arias(1993:24)གཉིས་ཀྱིས་བསྟན་དོན། “སྐད་གཉིས་མི་སྣའི་སྐད་བརྡ་གཉིས་ཀ་ལ་སྤྱི་ཚོགས་སུ་ཁས་ལེན་ཐོབ་ཚེ། ཕལ་ཆེར་སྣོན་རྣམ་གྱི་སྐད་གཉིས་ལག་ལེན་བྱེད་མཁན་འབྱུང་སྲིད”ཟེར། ལན་ཏི་རོས་དང་ཨ་ལ་ཏི(Landry and Allard,1991)རྣམ་གཉིས་ཀྱི་འདོད་ཚུལ་ལྟར་ན། སྣོན་ཐབས་ཀྱི་སྐད་གཉིས་ལག་ལེན་བྱེད་མཁན་གྱི་ཁོངས་སུ་འདི་འདྲའི་གནད་འགའ་འདུ་སྟེ། (a)ཕ་སྐད་དང་སྐད་བརྡ་གཉིས་པ་དེ་རིག་གཞུང་གི་སྟེང་ནས་སམ་ཡང་ན་ཉིན་རྒྱུན་གྱི་འཚོ་བར་སྤེལ་རེས་བྱས་ནའང་ཐོགས་པ་མེད་པ། (b)རང་ཉིད་ཀྱི་རིག་གནས་དང་སྐད་ཡིག་ལ་དགའ་ཞེན་ཆེ་བ།(c)ཕ་སྐད་སྤྱོད་པའི་ཁྲོད་སྐད་བརྡ་ཨང་གཉིས་པ་བསྲེས་ནས་སྐད་ཆ་བརྗོད་རོགས་བྱེད་མི་དགོས་པ་བཅས་སོ། །ལྷ་མཚོས་བཅར་འདྲི་སྐབས་སུ་ཕ་སྐད་རྐྱང་རྐྱང་བཤད་པ་དེས་ཁོ་མོས་ཕ་སྐད་ལ་བཟུང་བའི་རིན་ཐང་ལྟ་ཚུལ་གསལ་བཤད་བྱས་ཡོད་ལ། དེ་ནི་བོད་མི་ཞིག་ཡིན་ན་ཕ་སྐད་བཤད་དགོས་པ་དེ་ཡིན། དེར་མ་ཟད་ཁོ་མོའི་ཕ་སྐད་ཤིན་ཏུ་བདེ་པོ་ཡིན་པའང་ར་སྤྲོད་བྱས་ཡོད། ལྷ་མཚོས་ད་དུང་ང་ལ་སྐད་ཡིག་གཉིས་ཀྱིས་བྲིས་པའི་དཔྱད་རྩོམ་ཞིག་ཀྱང་བསྟན་བྱུང་། འདི་དག་གིས་ཁོ་མོའི་སྐད་ཡིག་གཉིས་ཀྱི་ཉེར་སྤྱོད་ཀྱི་ནུས་པ་ཧ་ཅང་མཐོ་བའང་གསལ་པོར་མཚོན་ཡོད།

ཞིབ་འཇུག་མང་པོ་ཞིག་ལས་གསལ་པོར་མཚོན་པ་ལྟར་ན། གྲངས་ཉུང་མི་རིགས་ཀྱི་བྱིས་པ་རྣམས་ཀྱིས་སྐད་བརྡ་ཨང་གཉིས་པ་བསླབ་པའི་ཁྲོད་ཕལ་ཆེར་འཕྲི་རྣམ་གྱི་སྐད་གཉིས་ལག་ལེན་བྱེད་མཁན་དུ་འགྱུར་འོང་སྲིད་མོད། འོན་ཀྱང་། ལྷ་མཚོའི་སྐད་གཉིས་ཀྱི་མྱོང་བརྒྱུད་ལས་གྲངས་ཉུང་མི་རིགས་སྣོན་རྣམ་གྱི་སྐད་གཉིས་ལག་ལེན་བྱེད་མཁན་དུ་འགྱུར་ཐུབ་པའང་གསལ་པོར་མངོན། འདི་ལ་སྤྱི་ཚོགས་དང་སློབ་གྲྭ་གཉིས་ནས་ཐུན་མོང་གིས་འབད་བརྩོན་བྱེད་དགོས། ཞིབ་འཇུག་འདིས་ཀྲུང་གོའི་བོད་ཀྱི་སྐད་གཉིས་མི་སྒེར་པའི་སྐད་གཉིས་ཀྱི་མྱོང་བརྒྱུད་ངོས་ནས་ཁ་མེང་སིའི(Cummins,1986)ཆོད་གཏམ་དེ་ར་སྤྲོད་བྱས་ཡོད་དེ། གཅིག་བྱས་ན་གྲངས་ཉུང་མི་རིགས་ནི་ཕལ་ཆེར་སྣོན་རྣམ་གྱི་སྐད་གཉིས་ལག་ལེན་བྱེད་མཁན་དུ་འགྱུར་སྲིད་མོད། འོན་ཀྱང་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་དེ་ཁོ་ཚོ་གཞིས་སྡོད་བྱེད་སའི་རྒྱལ་ཁབ་ཀྱིས་ཁས་ལེན་པ་མ་ཟད། ཁོ་ཚོའི་ཕ་སྐད་དེ་སློབ་གསོའི་བསླབ་ཚན་ནང་གོ་གནས་མི་དམན་པ་བཟུང་ཡོད་ན་མ་གཏོགས་དེ་ལྟར་འགྱུར་མི་ཐུབ།

ཟླ་བ་དང་ལྷ་མཚོ་གཉིས་ཀྱི་སྐད་གཉིས་མྱོང་བརྒྱུད་མི་འདྲ་བ་དང་དེ་མིན་དེ་དང་བསྟུན་ནས་ཕ་སྐད་དང་སྐད་བརྡ་ཨང་གཉིས་པ་ལ་བཟུང་བའི་རྣམ་འགྱུར་མི་འདྲ་བ་དེ་ནི་ཉིན་གསོག་ཟླ་གསོག་གིས་ཆགས་པ་ཞིག་ཡིན། རིག་གནས་ལ་བསྟུན་པའི་གཞུང་ལུགས་ལས། མི་བུ་རང་ཉིད་ཀྱིས་མི་རིགས་གཞན་དང་དེའི་གཙོ་གཞི་མི་རིགས་བར་ཉིན་རྒྱུན་ལན་གྲངས་མང་པོར་ཐུག་འཕྲད་བྱུང་བའི་ཁྲོད། རང་ཉིད་ཀྱི་རིག་གནས་དང་སྐད་དང་ཡི་གེ། དེ་མིན་གཙོ་གཞི་མི་རིགས་ཀྱིས་ཚབ་བྱས་པའི་རིག་གནས་དང་སྐད་ཡིག་ལ་བཟུང་བའི་རྣམ་འགྱུར་དང་སྤྱོད་ལམ་ལ་འགྱུར་ལྡོག(Berry,2005)བྱུང་བ་བརྗོད་ཡོད། མི་བུ་རང་ཉིད་ཀྱི་སྤྱོད་ལམ་ནི་ཁོ་མོའམ་ཁོའི་ཉིན་རྒྱུན་གྱི་རིག་གནས་ཀྱི་ལས་འགུལ་མི་འདྲ་བའི་ཁྲོད་མངོན་འོང་། དཔེར་ན་རང་ཉིད་ཀྱི་ཐོབ་ཐང་ངོས་ཟིན་པ་དང་སྐད་བརྡ་ལ་བཟུང་བའི་རྣམ་འགྱུར། དེ་མིན་གྲོགས་ཚོམས་ཀྱི་ཁོངས་སུ་འདུ་བའི་རང་མི་རིགས་དང་རང་མི་རིགས་མ་ཡིན་པའི་གྲོགས་མཆེད་ལྟ་བུའོ། །(Berry,2005)བྷེ་རོས(Berry)ཀྱི་འདོད་པ་ལྟར་ན། རིག་གནས་ལ་བསྟུན་པའི་བརྒྱུད་རིམ་ཁྲོད་མི་བུ་རང་ཉིད་ཀྱིས་རང་ཉིད་ཀྱི་བྱ་སྤྱོད་ལ་ལེགས་སྒྲིག་བྱས་ནས་རང་ཉིད་ཁོར་ཡུག་གསར་བ་ལ་འཕྲོད་ཐུབ་པར་བྱ་དགོས། ཟླ་བས་དམའ་འབྲིང་དུ་མི་རིགས་གཞན་གྱི་སློབ་གྲོགས་ལ་ཉིན་རྒྱུན་གྱི་འབྲེལ་འདྲིས་བྱེད་སྟངས་དེས་ཁོ་མོས་སྐད་བརྡ་ཨང་གཉིས་པར་བཟུང་བའི་རྣམ་འགྱུར་ལ་ཤུགས་རྐྱེན་ཐེབས་ཡོད་ཅིང་། ཁོ་མོས་ཉིན་རྒྱུན་འཚོ་བའི་ནང་རྒྱ་སྐད་ཀྱི་གལ་ཆེན་རང་བཞིན་དེ་ཤུགས་ཆེར་ཚོར་ཡོད། དེ་བས་བཅར་འདྲི་བྱེད་སྐབས་ཁོ་མོས་ཕྱིར་དྲན་བྱེད་རྒྱུར། “དམའ་འབྲིང་གི་ལོ་གསུམ་པོ་ནི་ཧུར་ཐག་གིས་རྒྱ་སྐད་བསླབས་པའི་ལོ་གསུམ་ཡིན”ཟེར། འདི་ནི་ཟླ་བས་མི་རིགས་གཞན་གྱི་སློབ་གྲོགས་ལ་འབྲེལ་འདྲིས་བྱེད་པའི་ཁྲོད་རང་ཉིད་ཀྱི་སྤྱོད་ལམ་ལེགས་སྒྲིག་བྱས་པ་ཞིག་ཡིན། ལྷ་མཚོས་གྲོང་སྡེ་ཞིག་ཏུ་འཚོ་བ་རོལ་ཞིང་དེ་གར་ཕ་སྐད་སྲུང་སྐྱོབ་མཐུན་ཚོགས་ཤིག་ཡོད། གལ་ཏེ་སྡེ་མི་དག་གིས་བོད་སྐད་བཤད་སྐབས་ནང་དུ་རྒྱ་སྐད་འདྲེས་པ་ཤེས་ཚེ་དངུལ་ཆད་གཅོད་འོང་ཞེས་བརྗོད་པ་བཞིན། འདི་ལས་ང་ཚོས་ཁོ་མོས་འཚོ་བ་རོལ་སའི་གྲོང་སྡེ་དེ་ཉིན་རྒྱུན་འཚོ་བའི་ཁྲོད་གཙོ་གཞི་མི་རིགས་ལ་ལན་གྲངས་མང་པོར་ཐུག་འཕྲད་བྱེད་བཞིན་ཡོད་ཅིང་། འདི་ལྟ་བུའི་ཐུག་འཕྲད་བྱུང་བ་དེས་ཕ་སྐད་ཀྱི་ལྷད་མེད་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའང་རྒྱུས་ལོན་བྱེད་ཐུབ་བོ། །ཕ་སྐད་མཐུན་ཚོགས་བྱུང་བ་དེས་རིག་གནས་ལ་བསྟུན་པ་ནི་མི་སྒེར་རམ་ཚོགས་པ་ཞིག་གིས་རིག་གནས་གཉིས་ཉིན་རྒྱུན་ལན་མང་པོར་འཕྲད་པ་ལས་ལེགས་སྒྲིག་བྱས་པ་ཞིག་སྟེ། འགྲོས་དལ་ཞིང་ཡང་ན་བསམ་བཞིན་དུའམ་བསམ་བཞིན་མིན་པའི་སྒོ་ནས་དུས་སྐབས་རིང་པོའི་རིག་གནས་ལ་བསྟུན་པའི་བརྒྱུད་རིམ་ཁྲོད(Berry,2005)བྱུང་བ་གསལ་པོར་མཚོན་ཡོད་ཅིང་། ཟླ་བ་དང་ལྷ་མཚོ་གཉིས་ཀྱི་རིག་གནས་ལ་བསྟུན་པའི་བརྒྱུད་རིམ་ནང་དུ་ས་ཁོངས་ཀྱི་བསྲེགས་ཐམ་ཟབ་མོ་ཞིག་བརྒྱབ་འདུག་པས། ཁོ་ཚོའི་སྐད་གཉིས་ལག་ལེན་ལ་ཤུགས་རྐྱེན་ཐེབས་ཡོད་དོ། །

7.2 སྤྱི་ཚོགས་དང་ཆབ་སྲིད་དང་རིག་གནས་སོགས་རིམ་གྲས་མི་འདྲ་བའི་ཁོར་ཡུག་གིས་སྐད་གཉིས་མི་སྣའི་མྱོང་བརྒྱུད་ལ་ཤུགས་རྐྱེན་ཐེབས་ཚུལ།

ཟླ་བ་དང་ལྷ་མཚོ་གཉིས་ནི་ན་ཚོད་ཕལ་ཆེར་འདྲ་ཞིང་སྐད་གཉིས་མྱོང་བརྒྱུད་ཀྱང་ལོ་རབས་གཅིག་ལ་བྱུང་ཡོད་མོད། འོན་ཀྱང་། ཁོ་ཚོའི་སྐད་གཉིས་མྱོང་བརྒྱུད་ནི་རྦད་དེ་མི་འདྲའོ། །ཁོ་ཚོའི་སྐད་གཉིས་མྱོང་བརྒྱུད་ཀྱིས་བོད་ཁུལ་གྱི་སྐད་གཉིས་སློབ་གསོ་ལས་མངོན་པའི་སྣ་མང་རང་བཞིན་གསལ་བཤད་བྱས་ཡོད་པ་མ་ཟད། དེའི་རྙོག་འཛིང་རང་བཞིན་ཡང་ར་སྤྲོད་བྱས་ཡོད། པུའུ་ལང་ཧྥུན་པུའུ་ལུན་ནཱ(Bronfenbrenner)ཡིས་བཏོན་པའི་སྐྱེ་ཁམས་རིག་པའི་གཞུང་ལུགས་ལས། མི་སྒེར་པའི་གྲུབ་ཚུལ་དང་འཕེལ་རྒྱས་དེ་ཕན་ཚུན་ཤུགས་རྐྱེན་ཐེབས་པའི་ཁོར་ཡུག་གི་མ་ལག་རབས་དང་རིམ་པ་ཞིག་ཏུ་འཇུག་དགོས་པའི་སྟེང་། མ་ལག་དང་བྱེ་བྲག་པའི་བར་ཕན་ཚུན་ནུས་པ་ཐེབས་པ་དེས་བྱེ་བྲག་པའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ཁོང་གིས་་ཕྲ་བའི་མ་ལག(the micro system)དང་ཕྱིའི་མ་ལག(the exosystem)ཅེས་པ་བཏོན་ཞིང་། ཕྲ་བའི་མ་ལག་ནི་བྱིས་པ་ཐད་ཀར་འཕྲད་པའི་ཁོར་ཡུག་སྟེ། དཔེར་ན་ཁྱིམ་ཚང་དང་། སློབ་གྲྭ། དེ་མིན་བྱིས་པ་རྒྱུན་པར་རྩེད་འཇོར་རོལ་སའི་ཁྱིམ་མཚེས་ལྟ་བུ་ཡིན། རྒྱུ་མཚན་དེའི་དབང་གིས་པུའུ་ལང་ཧྥུན་པུའུ་ལུན་ནཱ་ཡིས་སྐྱེ་ཁམས་མ་ལག་འདི་ལ“ཐད་ཀའི་ཁོར་ཡུག”(Immediate surroundings)ཀྱང་ཟེར། ཕྱིའི་མ་ལག་ནི་སྤྱི་ཚོགས་ཀྱི་ཁོར་ཡུག་ཆེན་པོ་དེ་ལ་གོ་ཞིང་། དེ་ནི་བྱིས་པ་ཐད་ཀར་འཚར་ལོངས་འབྱུང་བའི་གནད་མིན་མོད། འོན་ཀྱང་དེས་བྱིས་པ་འཚར་ལོངས་འབྱུང་བའི་ཐད་ཀའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་དོ། །ཟླ་བ་དང་ལྷ་མཚོ་གཉིས་ཀྱི་སྐད་གཉིས་མྱོང་བརྒྱུད་དེ་སོ་སོར་གྲོང་སྡེ་དང་སློབ་གྲྭ་གཉིས་ནས་བྱུང་ཡོད། འོན་ཀྱང་། ཁོ་ཚོའི་སྐད་གཉིས་མྱོང་བརྒྱུད་མི་འདྲ་བ་དེ་ལས་ང་ཚོས་ཕྱིའི་མ་ལག་གིས་ཕྲ་བའི་མ་ལག་ལ་ཤུགས་རྐྱེན་ཐེབས་ཡོད་པའང་རྟོགས་ཐུབ། ཁོ་ཚོའི་སྐད་གཉིས་མྱོང་བརྒྱུད་དེ་ཡུན་ནན་དང་མཚོ་སྔོན་གྱི་ས་གནས་མི་འདྲ་བ་གཉིས་ནས་བྱུང་ཡོད་དེ། ཟླ་བས་མཐོ་འབྲིང་གི་སྐབས་ལ་སླེབས་རག་བར་དུ་བོད་ཡིག་སློབ་པའི་གོ་སྐབས་རག་མེད་ཅིང་། མྱོང་བརྒྱུད་འདིས་ངོས་གཞན་ཞིག་ནས། “རིག་གསར”གྱི་ལོ་ངོ་བཅུས་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ལ་གནོད་སྐྱོན་བཏང་བ་དེས་ད་དུང་ཟླ་བའི་སྐད་གཉིས་མྱོང་བརྒྱུད་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་གསལ་བཤད་བྱས་ཡོད། ཁོ་མོའི་སྐད་གཉིས་མྱོང་བརྒྱུད་དེ2000ནས2012ལོའི་བར་སྐབས་འདིར་བྱུང་བ་ཡིན་རུང་། ཟླ་བའི་སྡེ་པའི་སློབ་ཆུང་གི་དགེ་རྒན་དེ་སྐབས་དེར་ལོ50ལྷག་ཡིན་ཞིང་། ཁོ་རང་སློབ་གྲྭ་འགྲིམ་བཞིན་པའི་ན་ཚོད་ནི“རིག་གསར”གྱི་སྐབས་ཏག་ཏག་ལ་ཁེལ་ཡོད། དུས་རབས་འདིའི་མི་རྣམས་ཀྱིས“རིག་གསར”གྱི་དབང་གིས་རང་གི་ཕ་སྐད་སློབ་ཐུབ་མེད་པས། “རིག་གསར”གྱི་ལོ་ངོ་བཅུ་དེས་ཡུན་ནན་གྱི་མི་རིགས་སློབ་གསོ་ལ་གནོད་སྐྱོན་བཏང་བ་དེ་ཟླ་བ་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་ཀྱི“ཕྱིའི་མ་ལག”ཏུ་བརྩིས་ཆོག་ཅིང་། དེས་ཟླ་བའི་སྐད་གཉིས་སློབ་གསོའི་མྱོང་བརྒྱུད་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་དོ། །ལྷ་མཚོའི་སྐད་གཉིས་མྱོང་བརྒྱུད་ནི་ཟླ་བ་དང་རྦད་དེ་མི་འདྲ་བར་ཁོ་མོའི་གཏམ་རྒྱུད་དེ་གཅན་ཚའི་ཡུལ་ནས་བྱུང་ཞིང་རེབ་གོང་དང་ཐག་ཧ་ཅང་ཉེ། ཁོ་མོ་ནི་བོད་ཀྱི་རིག་གནས་ཀྱི་སྣང་ཚུལ་ཧ་ཅང་མཐུག་པའི་གྲོང་སྡེ་ཞིག་ཏུ་སྐྱེས་པ་མ་ཟད། ཁོ་མོའི་སློབ་གསོའི་མྱོང་བརྒྱུད་དེ་མཚོ་སྔོན་ནས་བྱུང་ཡོད་ལ། བོད་སྐད་ཡིག་གི་ཆེད་ལས་ཞིང་ཆེན་གཞན་དང་བསྡུར་ན་བལྟོས་བཅས་ཀྱིས་ལེགས་པའི་ཡུལ་ཞིག་ཡིན། “རིག་གསར”སྐབས་ཡུལ་འདིའི་ས་གནས་ཁ་ཤས་སུ་བོད་སྐད་ཡིག་ད་དུང་སློབ་གྲྭའི་ཁྲིད་ཚན་རེའུ་མིག་སྟེང་ཡོད། འདི་དག་ཡོད་ཚད་ཀྱིས་གཅན་ཚ་ནས་རེབ་གོང་དང་། དེ་ནས་མཚོ་སྔོན་ཞིང་ཆེན་གྱི་ནུས་པ་ཅུང་ལེགས་པའི་དགེ་རྒན་གྱི་སྟོབས་ཤུགས་ཏེ་གཅིག་སྣེ་གཅིག་གིས་སྦྲེལ་ནས་ལྷ་མཚོའི་སྐད་གཉིས་མྱོང་བརྒྱུད་ལ་ཤུགས་རྐྱེན་ཐེབས་ཡོད།

ཟླ་བས་འཚོ་བ་རོལ་སའི་བདེ་ཆེན་ནི་མི་རིགས་མང་པོ་འདུས་སྡོད་བྱེད་སའི་ཡུལ་ཞིག་ཡིན་ཞིང་། མི་རིགས་ཕན་ཚུན་བར་ལས་འགུལ་སྤེལ་རེས་ལན་མང་པོར་བྱེད་བཞིན་ཡོད། དེར་མ་ཟད་ཡུན་ནན་བདེ་ཆེན་དུ་ཆགས་པའི་སེམས་ཀྱི་ཉི་ཟླ་ཞེས་པའི་ཡུལ་དེ་ནི་སྙན་གྲགས་གླིང་ཀུན་ཏུ་ཁྱབ་པའི་ཡུལ་སྐོར་བྱེད་ས་ཤིག་ཡིན་ལ། ལོ་རེ་བཞིན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་འབོར་ཆེན་སྣེ་ལེན་བྱེད་བཞིན་ཡོད། སྒྲོག་སྤེལ་བྱས་པ་ལྟར་ན། སེམས་ཀྱི་ཉི་ཟླ་རུ2012ལོ་ཧྲིལ་པོར་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་ཐེངས་ཁྲི664.18(སེམས་ཀྱི་ཉི་ཟླ་དྲ་བ། 2013ལོའི་ཟླ་བ་དང་པོའི་ཚེས24ཉིན།)སྣེ་ལེན་བྱས་ཡོད། བདེ་ཆེན་གྱི་ལྗོངས་རྒྱུ་སྤྲོ་གསེང་ལས་རིགས་དང་བདེ་ཆེན་ནི་མི་རིགས་མང་པོ་འདུ་འཛོམས་བྱུང་བའི་ཡུལ་ཞིག་ཡིན་པ་འདི་དག་ནི་ཟླ་བ་འཚར་ལོངས་བྱུང་བའི་ཁོར་ཡུག་ཁྲོད་ཀྱི“ཕྱིའི་མ་ལག”ཏུ་བརྩིས་ཆོག་ཅིང་། ཚད་ངེས་ཅན་ཞིག་གི་སྒོ་ནས་ཁོ་མོའི“ཕྲ་བའི་མ་ལག”ཁྲོད་ཀྱི་སྐད་གཉིས་ཀྱི་མྱོང་བརྒྱུད་དང་ཁོ་མོས་སྐད་གཉིས་ལ་བཟུང་བའི་རྣམ་འགྱུར་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་དོ། །ལྷ་མཚོ་གཞིས་སྡོད་བྱེད་སའི་མཚོ་སྔོན་ཞིང་ཆེན་ནི་བོད་རིགས་གཙོ་གཞི་ཡིན་པའི་གཅིག་འདུས་ཀྱི་ཞིང་ཆེན་ཞིག་ཡིན། མཚོ་སྔོན་དུ་གཞིས་སྡོད་བྱས་ཡོད་པའི་བོད་རིགས་སྡེ་པ་མང་པོ་རུ་ཕ་སྐད་སྲུང་སྐྱོབ་མཐུན་ཚོགས་བཙུགས་ཡོད་ཅིང་། མཚོ་སྔོན་དུ་གྲོང་སྡེ་མང་པོ་ཞིག་གིས“རྒྱལ་སྤྱིའི་ཕ་སྐད་ཉིན་མོ”འདིར་མང་ཚོགས་ཀྱིས་རང་ཤུགས་སྒོ་ནས་རྩ་འཛུགས་བྱས་ཏེ་ཕ་སྐད་ཉིན་མོ་ལ་དགའ་སྟོན་རྟེན་འབྲེལ་ཞུ་བཞིན་ཡོད། འདི་འདྲའི་ཁོར་ཡུག་འོག་འཚར་ལོངས་བྱུང་བའི་ལྷ་མཚོར་མཚོན་ན། ཁོ་མོའི་སྐད་གཉིས་མྱོང་བརྒྱུད་ནི་ཟླ་བ་དང་རྦད་དེ་མི་འདྲ་བ་མ་ཟད། ཁོ་མོས་སྐད་གཉིས་ལ་བཟུང་བའི་རྣམ་འགྱུར་ཡང་ཟླ་བ་དང་གཏན་ནས་མི་འདྲའོ། །

པུའུ་ལང་ཧྥུན་པུའུ་ལུན་ན་ཡི་སྐྱེ་ཁམས་རིག་པའི་གཞུང་ལུགས་ལ་བརྟེན་པས། ང་ཚོར་སྔར་ལས་ལྷག་པའི་སྒོ་ནས་སྐད་གཉིས་མི་སྣའི་མྱོང་བརྒྱུད་དང་སྤྱི་ཚོགས་ཀྱི་སྡོམ་རྒྱ་ལྟ་བུའི་འབྲེལ་བ་དེ་ངོས་ཟིན་ཐོབ་པ་དང་། སྤྱི་ཚོགས་དང་། ཆབ་སྲིད། རིག་གནས་སོགས་རིམ་གྲས་མི་འདྲ་བའི་ཁོར་ཡུག་གིས་སྐད་གཉིས་མི་སྣའི་མྱོང་བརྒྱུད་ལ་ཤུགས་རྐྱེན་ཐེབས་པར་དབྱེ་ཞིབ་བྱས་པར་བརྟེན་ནས། བོད་ཁུལ་གྱི་སྐད་གཉིས་འཕེལ་རྒྱས་ཀྱི་སྣ་མང་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ཡང་ངོས་ཟིན་ཐོབ་བོ། །

མཇུག་བསྡུའི་གཏམ།

སྐད་གཉིས་སློབ་གསོ་བོད་ཁུལ་དུ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཞིང་། བོད་ཁུལ་གྱི་རིམ་པ་མི་འདྲ་བའི་སྲིད་འཛིན་ས་ཁོངས་ཀུན་ཏུ་སྐད་གཉིས་སློབ་གྲྭ་བཙུགས་ཡོད། བོད་ཁུལ་གྱི་བྱིས་པ་ཕལ་མོ་ཆེ་ནི་སྐད་གཉིས་སློབ་གསོ་དང་དེ་མིན་ཁོ་ཚོའི་ཉིན་རྒྱུན་འཚོ་བ་བརྒྱུད་ནས་སྐད་གཉིས་སྨྲ་མཁན་དུ་གྱུར་ཡོད། འོན་ཀྱང་ང་ཚོས་བོད་ཁུལ་གྱི་བྱིས་པའི་སྐད་གཉིས་མྱོང་བརྒྱུད་ལ་ཞིབ་འཇུག་བྱས་པ་ཧ་ཅང་ཉུང་།

ཟླ་བ་དང་ལྷ་མཚོ་གཉིས་ཀྱི་སྐད་གཉིས་མྱོང་བརྒྱུད་ལ་ཞིབ་འཇུག་བྱས་པས། ང་ཚོས་སློབ་གསོས་འགན་ཁུར་བའི་གལ་ཆེན་རང་བཞིན་དེ་ཤེས་ཐུབ་ཅིང་། དེ་རྟོགས་པས་སྤྱི་ཚོགས་ལ་ལྷ་མཚོ་ལྟ་བུའི་སྣོན་རྣམ་གྱི་སྐད་གཉིས་ལག་ལེན་བྱེད་མཁན་སྔར་ལས་མང་པོ་སྐྱེད་སྲིང་བྱེད་ཐུབ། རྒྱུ་མཚན་ནི། འདི་ནི་གྲངས་ཉུང་མི་རིགས་ཀྱི་སྐད་གཉིས་མི་སྣའི་རེ་འདུན་ཞིག་ཀྱང་ཡིན་པས་སོ། །དུས་མཚུངས་སུ་ང་ཚོ་སློབ་གསོའི་ལས་ཁུངས་དག་གིས་ཕྱིན་ཆད་འཕྲི་རྣམ་གྱི་སྐད་གཉིས་ལག་ལེན་བྱེད་མཁན་མི་འབྱུང་བ་བྱེད་ཐུབ་པས། ཟླ་བ་དང་ལྷ་མཚོའི་སྐད་གཉིས་མྱོང་བརྒྱུད་ལ་ཞིབ་འཇུག་བྱས་པ་དེས་རྒྱལ་ཁབ་ཀྱིས་སློབ་གསོའི་སྲིད་ཇུས་གཏན་ལ་ཕེབས་པ་དང་དེ་མིན་སྲིད་ཇུས་ལག་བསྟར་བྱེད་མཁན་ཀུན་ལ་བློ་སྒོ་མང་པོ་འབྱེད་ཐུབ་བོ། །སི་ཀུའུ་ཐི་ན་པོ་དང་ཁང་ཀོ་སི(Skutnabb-Kanggas,1988:10)རྣམ་གཉིས་ཀྱིས་བསྟན་དོན།“གྲངས་ཉུང་མི་རིགས་ལ་མཚོན་ནས་བཤད་ན། ཁོ་ཚོ་སྐྱེས་མ་ཐག་མ་ཉིད་ནས་སྐད་གཉིས་སྨྲ་མཁན་དུ་འགྱུར་དགོས་པ་ལ་འདམ་ག་གཞན་གང་ཡང་མེད། དེ་བས་སློབ་གསོའི་ལས་ཁུངས་ལ་ཁོ་ཚོ་སྐད་གཉིས་སྨྲ་མཁན་དུ་འགྱུར་བར་གཏོང་བར་འགན་འཁྲི་ཡོད”ཅེས་ཟེར། དོན་དུ་བོད་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་སློབ་གསོས་ཐོག་མཐའ་བར་གསུམ་དུ་བོད་ཁུལ་དུ་དཔེ་དབྱིབས་གཉིས་ཀྱི་སྐད་གཉིས་སློབ་གསོ་ལག་བསྟར་བྱས་ཏེ། བོད་ཀྱི་བྱིས་པ་ཁྲི་སྟོང་མང་པོ་སྐད་གཉིས་སྨྲ་མཁན་དུ་འགྱུར་བར་རོགས་རམ་བྱས་དང་བྱེད་བཞིན་ཡོད།

སྐད་གཉིས་ནི་གྲངས་ཉུང་མི་རིགས་ལ་མཚོན་ནས་བཤད་ན། ཉིན་རྒྱུན་འཚོ་བའི་ཁྲོད་ངེས་པར་དུ་མཁོ་བའི་སྐད་བརྡ་གཉིས་ཡིན་ཏེ། སྐད་བརྡ་དང་པོ་ནི། ཁོ་ཚོའི་ཕ་སྐད་ཡིན་ལ་ཁོ་ཚོས་གཉེན་ཉེ་དག་ལ་འབྲེལ་བ་བྱེད་པའི་སྒྲོག་ཐག(Alladina,1995)ལྟ་བུ་ཡིན། དེ་བཞིན་དུ་སྐད་བརྡ་ཨང་གཉིས་པ་བསླབས་པ་ནི། ཁོ་ཚོས་འཚོ་བ་རོལ་སའི་རྒྱལ་ཁབ་འདིའི་གཞུང་ཕྱོགས་ཀྱི་སྐད་བརྡ་ཡིན་ལ། དེ་བསླབས་པས་ཁོ་ཚོ་ལས་ཀར་ཞུགས་པ་དང་སློབ་གསོ་མྱོང་བའི་གོ་སྐབས་སྔར་ལས་མང་བ་དང་། ཡང་ན་སྔར་ལས་མང་བའི་འཕེལ་རྒྱས་ཡོང་ཐུབ། དེ་བས་གི་སི་ནོ་ཅན(Grosjean,1982)གྱིས། སྐད་གཉིས་ནི་གྲངས་ཉུང་མི་རིགས་ལ་མཚོན་ནས་བཤད་ན་སྤྱི་ཚོགས་འཚོ་གནས་ལ་དགོས་གལ་ཆེ་བ་ཞིག་ཡིན་ཏེ། ཕ་སྐད་ནི་ཁོ་ཚོས་གཉེན་ཉེའི་བརྩེ་དུང་འབྲེལ་བའི་སྦྲེལ་ཐག་ལྟ་བུ་ཡིན་ལ། དུས་མཚུངས་སུ་ཁོ་ཚོ་སྤྱི་ཚོགས་ཀྱི་ཁག་ཅིག་ཏུ་འགྱུར་བའང་བཤད་མ་དགོས་སོ། །


[i] སྒྲོལ་མ། (2007)བདེ་ཆེན་སྐད་གཉིས་སློབ་གསོ། China.Come

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།