ཀྲུང་གོ་བོད་ཀྱི་དྲ་བ།

ཡང་བསྐྱར་དཔེ་ཀློག་གླེང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁྱུང་ཐར་རྒྱལ།   སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔེ་ཀློག་ནི་མི་ཞིག་གི་ངོས་ན་གླེང་ན་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐབས་ལམ་ཉག་ཅིག་ཡིན་ལ།  མི་རིགས་ཤིག་ལ་མཚོན་ནས་བཤད་ན་ཡང་། མི་རིགས་དེའི་བྱང་ཚད་དང་མདུན་ལམ་ལ་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། དཔེ་ཀློག་གིས་ད་གཟོད་མི་དང་མི་ཡི་ཁྱད་པར་དང་མི་རིགས་དང་མི་རིགས་བར་གྱི་སྔོན་ཐོན་དང་རྗེས་ལུས། དབུལ་ཕྱུག་དང་བཙན་གཉོམ་གྱི་ཁྱད་པར་ཕྱེས་པ་རེད། དེའི་ཕྱིར་འདིར་ཁོ་བོས་རང་གི་དཔེ་ཀློག་དང་འབྲེལ་བའི་དོན་དག་ཁ་ཤས་གླེང་རྩིས་ཡོད།

དང་པོ།    དཔེ་ཀློག་གི་སྔོན་འགྲོ།

རིག་གནས་སློབ་པའི་ལས་དང་པོ་བ་ཞིག་ལ་མཚོན་ན། དཔེ་ཀློག་ནི་ལས་སླ་བོར་འཇུག་ཆོག་པའི་སྟབས་བདེ་དང་ཚེགས་ཡངས་ཀྱི་སྤྲོ་སྣང་ལྡན་པའི་ལས་ཀ་ཞིག་མ་ཡིན། དཔེ་ཆ་གང་ཞིག་ཀློག་ན་ཡང་། ཁྱོད་ལ་ངེས་པར་དུ་དཔེ་ཀློག་གི་ཆུ་ཚད་དང་ནུས་པ་ཡོད་དགོས།དེ་ལྟར་མིན་ཚེ་ཁྱོད་ཀྱིས་དཔེ་ཆ་གང་ཞིག་བཀླག་རུང་དེ་ལ་ཡང་དག་པའི་གོ་བ་ཟབ་མོ་ཞིག་རྙེད་པར་མི་འགྱུར། ང་ཚོ་བོད་ཡིག་གི་དཔེ་ཀློག་པ་རྣམས་ལ་མཚོན་ན་ཁྱོད་ཀྱིས་ཐོག་མར་ཤེས་དགོས་པ་ནི་དག་ཡིག་དང་སུམ་རྟགས་དག་གསུམ་སོགས་བརྡ་སྤྲོད་ཀྱི་སྐོར་ཡིན། ཁོ་བོ་རང་ངོས་ནས་གླེང་ན། 《བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས།》དང《དག་ཡིག་ངག་སྒྲོན།》《དག་ཡིག་ཤེས་བྱ་རབ་གསལ།》 《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས།》 《ར་རྒྱའི་དག་ལྷབ།》སོགས་དམའ་འབྲིང་སྐབས་ནས་བློར་བཟུང་ཡོད་པར་མ་ཟད། སུམ་རྟགས་རྩ་འབྲེལ་དང་ལེགས་བཤད་ལྗོན་དབང་སོགས་ཕལ་ཆེར་དུས་ཡུན་ངེས་ཅན་ཞིག་ལ་ཁ་དོན་གྱི་ཚུལ་དུ་ཉིན་རེར་ཐེངས་རེ་སྐྱོར་བཞིན་ཡོད། སྔོན་ཆད་གྲྭ་ས་དག་ནས་ཀྱང་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཞེས་ཀློག་འདི་ཆེས་གཙོ་བོར་འཛིན་པ་ཞིག་ཡིན་ལ།  “ཀློག་ལ་སྦྱངས་པའི་གང་ཟག་གིས།།དང་པོ་ང་རོ་རྣམས་ལ་སྦྱངས།།”ཞེས་གསུང་པ་ལྟར་ཡི་གེའི་ལྕི་ཡང་དང་སྒྲ་གདངས་དྲག་ཞན། ཕོ་མོ་མ་ནིང་སོགས་ཀྱི་སྐོར་ལ་ཡང་ཞིབ་ཆ་གསལ་བོ་ཞིག་ཐོན་དགོས་པ་སྨོས་མེད་ཡིན་ཏེ། འདི་དག་ནི་ཆེས་རྨང་གཞིར་གྱུར་བའི་རྩ་བའི་ཤེས་བྱའི་སྐོར་ཡིན།

གོང་གི་དག་ཡིག་དང་བརྡ་སྤྲོད་སྐོར་གྱི་རྨང་གཞིའི་ཤེས་བྱ་འདི་དག་མེད་ཚེ་ང་ཚོས་དཔེ་ཀློག་ལ་གོ་བ་ཡང་དག་ཞིག་རྙེད་པར་མི་འགྱུར་ཏེ། དྲང་པོར་བཤད་ན་ང་ཚོར་མིང་ཚིག་གིས་མི་འདང་བའི་གནད་དོན་འབྱུང་སྲིད། གནད་དོན་འདི་དག་སེལ་བ་ནི་ང་ཚོའི་དཔེ་ཀློག་གི་སྔོན་འགྲོ་ཟེར་བ་དེ་ཡིན། དེ་བས་རང་ཉིད་ལ་ཆེས་ཐོག་མར་བོད་ཡིག་གི་རྨང་གཞི་ངེས་ཅན་ཞིག་ཆགས་རྒྱུ་དེ་ནི་ང་ཚོའི་འདིར་བཤད་པའི་དཔེ་ཀློག་གི་སྔོན་འགྲོ་ཞེས་པ་དེ་ཡིན། དེ་ལས་གཞན་ད་དུང་ཧ་ཅང་གལ་ཆེ་བ་ནི་ཁྱོད་ལ་དཔེ་ཀློག་གི་སྤྲོ་སྣང་ཡོད་རྒྱུ་དེ་ཡིན། དཔེ་ཀློག་དེ་ཁྱོད་ཀྱིས་རང་གི་དགའ་ཁ་འཁྱེར་ཕྱོགས་ཤིག་དང་། རྒྱུན་ལྡན་གྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་གོམས་གཤིས་སུ་ཆགས་པར་བྱེད་པ་ལས། དཔེ་ཀློག་དེ་འགན་ཁུར་ཞིག་ཏུ་བརྩིས་ན་ཁྱོད་ཀྱིས་དཔེ་ཀློག་གི་རྒྱུན་སྐྱོང་མི་ཐུབ་པར་མ་ཟད། ཁྱོད་ཀྱི་དཔེ་ཀློག་དེ་དོན་སྙིང་དང་མདུན་ལམ་མེད་པར་འགྱུར་ངེས། ད་དུང་གླེང་དགོས་པ་ཞིག་ནི་ཞིབ་ཀློག་དང་། ཡང་ན་རགས་བསྡུས་ཀྱིས་ཀློག་པ་དེ་ཡིན། གལ་ཏེ་ཁྱོད་ཀྱིས་དཔེ་ཆ་ཞིག་ཞིབ་ཀློག་བྱེད་དགོས་བྱུང་ཚེ། མིང་དང་མིང་གི་བར།  ཚིག་དང་ཚིག་གི་བར་འབྲུ་འདེད་ཀྱིས་ཀློག་དགོས་པར་མ་ཟད། ད་དུང་རྟགས་རྒྱགས་པ་དང་ཟིན་བྲིས་འདེབས་པ་སོགས་ཐབས་ལམ་སྣ་ཚོགས་སྤྱད་དེ་ཅིས་ཀྱང་རང་གི་སེམས་ལ་བག་ཆགས་ཆེས་ཟབ་ཤས་དེ་འཇོག་གང་ཐུབ་བྱེད་དགོས། གལ་ཏེ་རགས་བསྡུས་ཀྱིས་ཀློག་པ་ཡིན་ན།   རང་ལ་མཁོ་བའི་རྒྱུ་ཆའི་སྐོར་རམ།   ཡང་ན་ས་བཅད་དང་ལེའུ་སོགས་བདམས་གསེས་ཀྱིས་རང་གིས་གང་འདོད་པ་དེ་མ་གཏོགས་ཆ་ཚང་མ་བཀླག་ཀྱང་ཆོག་པ་ཡིན།  ཡིན་ནའང་།  དཔེ་ཀློག་གི་དམིགས་ཡུལ་ནི་དཔེ་ཆ་དེའི་ནང་གི་ཤེས་བྱ་དང་ཡོན་ཏན་མཐའ་དག་རང་རྒྱུད་ལ་འབྱོར་རྒྱུ་དེ་ཡིན་པས། དཔེ་ཀློག་གི་ཐབས་ལམ་གཙོ་བོ་ཡང་དེ་ལ་བརྟེན་ནས་འགྲོ་དགོས་པ་ཆོས་ཉིད་དུ་སྣང་ངོ་། །

གཉིས་པ།  དཔེ་ཀློག་གི་དངོས་གཞི།

ང་ཚོ་དཔེ་ཀློག་ལ་འཇུག་སྐབས་ཐོག་མར་ཁྱབ་ཁོངས་ངེས་ཅན་ཞིག་ནས་དཔེ་ཆ་གང་ཞིག་ཡིན་རུང་བག་ཆགས་རེ་འཇོག་རྒྱུ་ནི་ཧ་ཅང་གལ་ཆེན་རེད་འདོད། ང་ཚོས་དཔེ་ཆ་མང་པོ་ཞིག་ལ་བལྟས་མི་ཚར་བས་དཔེ་ཆ་ལ་ལར་བམ་ཀློག་རེ་བྱས་པས་འཐུས་པར་བྱས་ལ། དཔེ་ཆ་ལ་ལར་ས་བཅད་དང་ལེའུ། དཀར་ཆག་སོགས་ལ་བལྟས་པས་འཐུས་པར་བྱས་པའང་ཡོད། ང་རང་ནམ་རྒྱུན་དཔེ་ཁང་དུ་འགྲོ་དུས་དཔེ་ཆ་དེ་འདྲའི་མང་པོ་ཞིག་ཉོས་ནས་མི་ཁུགས་ལ། ཁུགས་པའི་དབང་དུ་བཏང་ན་ཡང་མི་ཚེ་ཐུང་ཐུང་འདིར་དཔེ་ཆ་དེ་འདྲའི་མང་པོ་ཞིག་ཀློག་པའི་བསོད་ནམས་དང་དུས་ཚོད་ག་ལ་ཡོད། དེ་བས་བདག་གིས་ནི་མཚམས་ལ་རེར་དཔེ་ཁང་དུ་སོང་སྟེ།སྐབས་ཐོག་དེར་རྒྱུགས་ཆེ་བའི་དཔེ་ཆ་གང་དག་ཡིན་པ་དང་དེའི་རྩོམ་པ་པོ་སུ་ཡིན་པ། ནང་དོན་གནད་བསྡུས་ཅི་ཡིན་པ། ཡང་ན་གླེང་གཞི་དང་མཇུག་བྱང་ཙམ་ལ་རགས་ལྟ་ཙམ་བྱས་པས་ཀྱང་ཕན་ཐོགས་ཆེན་པོ་འབྱུང་གིན་འདུག་སྙམ།

དེ་ཡང་ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས《མཁས་འཇུག》ལས་གསུང་བ་ལྟར། སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླང་།  སྦལ་བའི་འཕར་བས་སྐབས་དོན་སོ་སོར་དབྱེ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བཤད། ཅེས་སེངྒེ་དང་། སྦལ་བ། རུས་སྦལ་བཅས་སྲོག་ཆགས་གསུམ་དཔེར་བླངས་ཏེ།  དཔེ་ཀློག་གི་ཐོག་མའི་གྲ་སྒྲིག་དང་།  བར་གྱི་དངོས་གཞི། མཇུག་མཐའི་ལག་ལེན་བཅས་ཀྱི་གོ་རིམ་གསལ་བོར་གསུང་ཡོད་པར་མ་ཟད། “དཔེ་ཀློག་གི་སྐབས་སུ་རང་གི་ཆེད་ལས་དང་དེ་ཙམ་འབྲེལ་བ་མི་ཆེ་བ་རྣམས་སེངྒེའི་ལྟ་སྟངས་ཀྱིས་བམ་ཀློག་བྱེད་པ་དང་། རང་གི་ཆེད་ལས་དང་འབྲེལ་བ་ཡོད་པ་རྣམས་སྦལ་བའི་འཕར་འགྲོས་ཀྱིས་མྱུར་ཀློག་བྱེད་པ། རང་གི་ཆེད་ལས་ཕྱོགས་ཀྱི་དཔེ་ཆ་རྣམས་རུས་སྦལ་གོག་འགྲོས་ཀྱིས་ཞིབ་ཀློག་བྱ་དགོས་སོ། །  

གཞན་ཡང་དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་དཔེ་ཀློག་ལ་འཇུག་པ་ཡིན་ན། ཁྱོད་ཀྱིས་ངེས་པར་དུ་དཔེ་ཆ་རིགས་གཅིག་བདམས་ནས་བལྟ་རྒྱུ་མ་གཏོགས། མང་པོ་བསྲེས་ནས་བལྟས་ཚེ་ཁྱོད་རང་ཉོག་པར་འགྱུར་ངེས། ང་རང་ལ་མཚོན་ན་ལོ་རྒྱུས་སྐོར་གྱི་དཔྱད་རྩོམ་རེ་འབྲི་དགོས་བྱུང་ཚེ། དཔྱད་རྩོམ་དེ་མ་འགྲུབ་བར་དུ་ལོ་རྒྱུས་སྐོར་གྱི་དཔེ་ཆ་ཁོ་ནར་བལྟ་བ་ལས་དཔེ་ཆ་གཞན་པ་བར་དུ་གསེབ་པ་མིན། གལ་ཏེ་ལོ་རྒྱུས་མིན་པའི་དཔེ་ཆ་གཞན་ཞིག་བར་དུ་བཅུག་པ་ཡིན་ཚེ་བསམ་བློ་ལ་གཞི་ནས་འགྱུར་བ་འབྱུང་སྲིད་ཅིང་། ཁྱོད་ཀྱི་ཐོག་མའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་ལྟ་ཚུལ་ལ་བར་ཆད་ཐེབས་སྲིད། ངས་གླུ་ཚིག་རེ་འབྲི་བའི་དུས་སུ་ཡང་། དུས་ཚོད་ངེས་ཅན་ཞིག་གི་རིང་ལ་གླུ་དབྱངས་སྣ་ཚོགས་ལ་ཉན་ཏེ། རང་གི་བསམ་བློ་དེའི་ཕྱོགས་ལ་སྐོར་གང་ཐུབ་བྱེད་པ་ལས། གླུ་ཚིག་མ་འགྲུབ་པའི་སྔོན་ལ་དཔེ་ཆ་གཞན་པར་བལྟ་བ་སོགས་བྱས་ཚེ་གླུ་ཚིག་དེ་རང་ཤུགས་སུ་བརྡོལ་བ་དེ་འདྲ་མིན་པར་ཨུ་ཚུགས་དང་རྡོ་ཆག་བཙན་སྒྲིག་བྱས་པ་དེ་འདྲའི་སྣང་ཚུལ་འབྱུང་གིན་འདུག དེ་བས་ཕྱོགས་གཅིག་ལ་འཇུ་དུས་དེ་ཁོ་ན་གཙིགས་སུ་འཛིན་པ་ལས་མང་པོ་མང་པོ་ཞིག་མཉམ་དུ་འཛིན་པ་ནི་རང་ངོས་ཀྱི་ནོར་འཁྲུལ་ཅིག་ལ་ངོས་འཛིན་གྱིན་ཡོད།

ང་ཚོས་སྒྲུང་རིང་ཞིག་ཀློག་པར་དཔེ་བཞག་ན། ཐོག་མར་སྒྲུང་དེའི་ནང་གི་མི་སྣ་རྣམས་ལ་ངོ་ཤེས་ཡག་པོ་ཞིག་བཅོ་དགོས་པར་མ་ཟད། མིང་ཚིག་གལ་ཆེན་གྱི་སྐོར་དང་མཚོན་དོན་རབ་རིབ་ཀྱི་སྐོར་ལ་དེ་བས་ཀྱང་རྒྱུས་ལོན་གསལ་བོ་ཡོད་དགོས། དཔེར་ན་དབྱིན་ཇིའི་རྩོམ་པ་པོ་འཇོར་ཇི་ཨོར་ཝེལ་གྱི་སྒྲུང་གཏམ་གྲགས་ཅན《1984》ཞེས་པའི་ནང་དུ་འཁོད་པའི་རྒྱལ་ཁབ་སྟོབས་ཆེན་གསུམ་སྟེ། ཡུ་རེ་ཤི་ཡ་ཡིས་ཨ་མི་རི་ཀ་མཚོན་པ་དང་། ཨོ་ཤི་ཡ་ཎི་ཡས་དེ་སྔའི་ཨུ་རུ་སུའི་དམར་ཤོག་གི་སྤྱི་ཚོགས་མཚོན་པ། ཤར་ཨེ་ཤི་ཡས་རྒྱ་ནག་གི་སྤྱི་ཚོགས་མཚོན་པ་སོགས་དང་།   དེ་བཞིན་དུ་ཚེ་རིང་དོན་གྲུབ་ཀྱི་སྒྲུང་རིང《མེས་པོ།》ལ་མཚོན་ན།   མེས་པོ་ནི་ཆོས་ལུགས་ཀྱི་མཚོན་བྱེད་ཡིན་པ་སོགས་མཚོན་དོན་རང་བཞིན་ལྡན་པའི་སྤྲོས་བརྗོད་འདི་དག་མ་ཤེས་ན་ཁྱོད་རང་ཧ་ཅང་ཉོག་པར་འགྱུར་ངེས་ཏེ། ཁྱོད་ཀྱིས་རང་ངོས་ནས་འོལ་ཚོད་དང་བློས་བསླངས་བྱས་པ་ཙམ་གྱིས་སྒྲུང་རིང་འདི་དག་གི་གོ་དོན་ཡོངས་སུ་རྟོགས་ཐབས་བྲལ།  དེ་བས་བརྩམས་ཆོས་ཀྱི་སྤྱིའི་བརྗོད་བྱར་ངེས་ཤེས་རགས་ཙམ་རྙེད་པ་ནས། མིང་དང་ཚིག་གི་བརྗོད་པ་དང་། བྱུང་རིམ་ཕྲ་རགས་ཚུན་ཆད་ལ་གོ་བ་ཟབ་མོ་ཡོད་དགོས་པར་མ་ཟད། སྒྱུ་རྩལ་མཚོན་སྟངས་དང་མཛེས་དཔྱོད་ལྟ་བ་སོགས་ལ་རིམ་གྱིས་གོ་བ་ལོན་པར་གྱུར་ན་ད་གཟོད་ཁྱོད་རང་ཚད་ལྡན་གྱི་ཀློག་པ་པོ་ཞིག་ལ་འགྱུར་ཐུབ་པའམ། ཡང་ན་འགྱུར་བའི་ཆ་རྐྱེན་གཞི་ནས་འཛོམས་པར་འདོད་དོ། །

གསུམ་པ།  དཔེ་ཀློག་གི་དགེ་མཚན།

དཔེ་ཀློག་གིས་ཁྱོད་ཀྱི་བློ་སྒོ་ཕྱེ་ཞིང་། ཁྱོད་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་མ་ཟད། ཁྱོད་ཀྱི་བསམ་གཞིགས་ཀྱི་སྒོ་མོ་དེ་བས་ཀྱང་ཡངས་པར་འབྱེད་ངེས། མི་ཡི་བཟང་ངན་ནི་གཙོ་བོ་དཔེ་ཀློག་ལས་ཤོར་བ་ཡིན་ལ། དཔེ་ཀློག་ལ་དགའ་བའི་མི་དེས་ནམ་ཡང་ངལ་གསོའི་དུས་ཚོད་དང་ཟ་འཐུང་གི་སྐབས་སུ་འང་དཔེ་ཆ་འདོར་མི་སྲིད་པས་ན། མི་དེ་རིགས་ནི་བྱ་བ་གང་བསྒྲུབ་ལེགས་ལམ་དུ་འགྲོ་བ་དེའི་རིགས་ལ་གཏོགས་པ་ཡིན། ཁོ་རང་གི་བྱ་བ་ལམ་འགྲོ་དང་། མ་འོངས་ཕུགས་འདུན་སོགས་གཙོ་བོ་དཔེ་ཀློག་གིས་གནང་བའི་གོ་སྐབས་དང་དངོས་གྲུབ་ཡིན། རིག་པ་ནངས་པར་འཆི་ཡང་བསླབ་ཞེས་གསུང་པ་ལྟར་དཔེ་ཀློག་ལ་དུས་དང་ཚད་གཟུང་ཡོད་པ་མིན་ལ། དཔེ་ཀློག་གིས་ཁྱོད་ལ་བྱིན་པའི་དགེ་མཚན་ལའང་འདི་དང་འདི་ཙམ་ཞིག་ཅེས་རིན་ཐང་གཞལ་དུ་ཡོད་པ་མིན།

ཡ་རབས་ཁྱིམ་ཚང་ཞིག་ཡིན་ན། དེ་ཚང་དཔེ་ཀློག་ལ་དགའ་བའི་ཁྱིམ་ཚང་ཞིག་ཡིན་ལ།ཡ་རབས་མི་རིགས་ཤིག་ཡིན་ན། མི་རིགས་དེ་དཔེ་ཀློག་ལ་དགའ་བའི་མི་རིགས་ཤིག་ཡིན་པར་མ་ཟད། དཔེ་ཀློག་ལ་དགའ་བའི་རྒྱལ་ཁབ་ཅིག་ཡིན་ན་རྒྱལ་ཁབ་དེ་ངེས་པར་དུ་འཆམ་མཐུན་དང་དཔལ་ཡོན་ལྡན་པའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཡིན། འདི་ནི་རྒྱུ་འབྲས་ཀྱིས་བསྐྱེད་པའི་དཔེ་ཀློག་གི་དགེ་མཚན་ཡིན།

འཛམ་གླིང་འཁྲུགས་ཆེན་གཉིས་པའི་སྐབས་སུ། ཨོ་ཟི་ཝེ་ཞིན་ཟེར་བའི་གཅིག་བསྡུས་བཙོན་ར་ནས། ཧྥ་ཤི་སིས་ཡཱ་ཧུ་ད་བར་ཡ་ང་བའི་མནར་གཅོད་དང་དམར་གསོད་གཏོང་སྐབས། སྣང་ཚུལ་ཡ་མཚན་ཞིག་མཐོང་བ་ནི། འཆི་བདག་དང་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་བའི་སྐབས་སུ་ཡང་། ཡཱ་ཧུ་ད་པ་རྣམས་ཀྱིས《དམ་པའི་གསུང་རབ།》ལས་གཞན་ད་དུང་ཚན་རིག་དང་རང་བྱུང་། རྩོམ་རིགས་སོགས་ཀྱི་དཔེ་ཆ་བསྣམས་ཡོད། ནག་སྦུག་གེར་ཡོད་པའི་མེ་མདེའི་ཁ་ལ་གདོང་གཏད་ནས་འགྲོ་དུས་ཀྱང་། མི་མང་པོས་དཔེ་ཆ་ལག་ཏུ་དམ་པོར་བསྡམས་ཡོད། འདི་ལས་ཅི་ཞིག་མཚོན་ཐུབ་ཅེ་ན། ཡཱ་ཧུ་ད་བ་རྣམས་ཀྱི་དཔེ་ཀློག་གི་སྙིང་སྟོབས་མཚོན་ཐུབ་ལ། དཔེ་ཀློག་གིས་ཁོ་ཚོར་བྱིན་པའི་བློ་སྟོབས་དང་རྩིས་ཐང་ཀྱང་མཚོན་ཐུབ་པ་རེད།

འཛམ་གླིང་གི་རིམ་པ་ཆེས་མཐོ་བའི་རླབས་ཆེན་གྱི་སྲིད་འཛིན་དག་དང་། ནོའོ་སྤེལ་གཟེངས་རྟགས་བཞེས་མཁན། ཕྱུག་པོ་གཏེར་བ་ཚང་མས་དཔེ་ཀློག་གི་གོ་སྐབས་ཡག་པོ་བརྒྱུད་དེ་རང་གི་ཕུགས་འདུན་དང་རྒྱལ་ཁ་མངོན་འགྱུར་བྱས་པ་ཡིན་འདུག བཙན་པོའི་སྐབས་ཀྱི་མགུར་ཞིག་ལ“ཁྱོད་ང་དང་ཉེ་ན་ཇེ་ཉེ་སྟེ།།དགུང་སྔོན་པོ་ང་དང་ཉེ་བ་འདྲ།།”ཞེས་གསུང་པ་ལྟར། ཁྱོད་རང་དཔེ་ཀློག་དང་ཇི་ལྟར་ཉེ་ན། དཔེ་ཀློག་གིས་ཁྱོད་ལ་དེ་བཞིན་དུ་ལེགས་འགྲུབ་ཀྱི་གོ་སྐབས་དང་དགེ་མཚན་བསྐྱལ་ཡོང་ལ། ཁྱོད་རང་དཔེ་ཀློག་དང་བར་ཐག་ཇི་འདྲ་རིང་ན་མུན་འཐོམས་དང་དབུལ་ཕོངས་ཀྱིས་དེ་བཞིན་ཁྱོད་ཀྱི་རྗེས་བསྙེགས་ཡོང་ངེས།  ཁྱོད་ཀྱིས་ཚོད་ལྟ་ཞིག་གྱིས་དང་།  ཆེས་དབུལ་ཕོངས་དང་དམུ་རྒོད་ཀྱི་སྡེ་བ་ཞིག་ཡིན་ན། སྡེ་བ་དེའི་ནང་དུ་ཕལ་ཆེར་དཔེ་ཀློག་དགའ་བའི་མི་གཅིག་ཀྱང་མེད་ཅེས་བཤད་ཆོག  དེ་བས་ང་ཚོས་དཔེ་ཀློག་གི་དགེ་མཚན་ཤེས་དགོས་ཤིང་། སྔོན་ཆད་ང་ཚོས་དཔེ་ཀློག་གི་ཆུ་ཚོད་མང་པོ་ཞིག་ཆུད་ཟོས་བཏང་ཡོད་རུང་། ང་ཚོས་དེ་རིང་ནས་འགོ་བརྩམས་ཏེ། དཔེ་ཀློག་གི་ལམ་དུ་ཞུགས་ན་ཅི་འདྲ། ཧ་ཝིར་ཊི་གཙུག་ལག་སློབ་ཆེན་གྱི་ལེགས་བཤད་ཅིག་ལ“ང་ཚོས་འཕྱི་སོང་སྙམ་པའི་དུས་དེ་ནི་ཏག་ཏག་འགོ་རྩོམ་པའི་དུས་ཡིན།”གསུངས་པ་ལྟར་ང་ཚོ་དེ་རིང་ནས་དཔེ་ཀློག་གི་ལམ་ལ་འཇུག་པར་བྱ་སྟེ། དཔེ་ཀློག་གི་ཆེས་བཟང་པོའི་གོ་སྐབས་དང་དགེ་མཚན་གྱིས་ང་ཚོར་བསྒུག་འདུག། ང་ཚོ་ནི་མི་རིགས་འདི་དང་དུས་རབས་འདིའི་དཔེ་ཀློག་ལ་ཆེས་སྤྲོ་བའི་མི་རབས་དེ་ཡིན། ང་ཚོའི་མི་རབས་འདི་ནི་དཔེ་ཀློག་གི་མི་རབས་ཤིག་ཡིན་ལ། དེ་ལྟར་ཡིན་དགོས་པའང་སྤྱི་ཚོགས་དང་ཁོར་ཡུག་གིས་ཐག་གཅོད་གནང་བ་ཡིན་ལ།      ང་ཚོ་རང་ཉིད་མི་ཞིག་པའི་དོན་གོའང་ཡིན།

2019ལོའི་འཛམ་གླིང་དཔེ་ཀློག་ཉིན་མོར་བྲིས། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།