ཀྲུང་གོ་བོད་ཀྱི་དྲ་བ།

ཐབས་བཞི་ཅན་གྱི་འཆད་ཐབས་ལ་དཔྱད་པ།

ཡོང་ཁུངས། : བོད་ཀྱི་སློབ་གསོ།སྤྱིའི་དེབ241པ།   རྩོམ་པ་པོ། : སྟོབས་ལྡན།   སྤེལ་དུས། : 2019-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

[གནད་བཏུས] རྣམ་གྲངས་ཀྱིས་འཆད་པ་ལ་སོགས་པའི་འཆད་ཐབས་རྣམ་བཞི་དང་། རྩོམ་པ་པོའི་ཆེ་བ་ལ་སོགས་པའི་ཆེ་བ་བཞི་ལྡན་གྱི་འཆད་ཐབས། སེང་གེའི་ལྟ་སྟངས་ཀྱིས་དོན་གྱི་གཞི་ངེས་ལ་སོགས་པའི་སེང་སྟག་སྦལ་སོགས་ཀྱི་འཆད་ཐབས་བཅས་ཐབས་བཞི་ཅན་གྱི་འཆད་ཐབས་ལ་འགྲེལ་བ་དང་དབྱེ་ཞིབ་བྱས་ཡོད།
[གནད་ཚིག] འཆད་ཐབས། ཆེ་བ། ཉན་པ། དབྱེ་ཞིབ།

ང་ཚོ་གངས་ལྗོངས་ཀྱི་མཁས་པའི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་ཕུན་སུམ་ཚོགས་པའི་འཆད་ཐབས་དག་ལས། ཐབས་བཞི་ཅན་གྱི་འཆད་ཐབས་ལ་རྣམ་གྲངས་ཀྱིས་འཆད་པ་དང་། མཚན་ཉིད་ཀྱིས་འཆད་པ། ངེས་ཚིག་གིས་འཆད་པ། རབ་ཏུ་དབྱེ་བས་འཆད་པ་སྟེ་འཆད་ཐབས་རྣམ་བཞི་དང་། རྩོམ་པ་པོའི་ཆེ་བ་དང་། ཆོས་ཀྱི་ཆེ་བ། བཤད་པའི་ཆེ་བ། ཉན་པའི་ཆེ་བ་སྟེ་ཆེ་བ་བཞི་ལྡན་གྱི་འཆད་ཐབས། སེང་གེའི་ལྟ་སྟངས་ཀྱིས་དོན་གྱི་གཞི་ངེས་པ་དང་། སྦལ་བའི་འཕར་འགྲོས་ཀྱིས་གཞུང་དོན་དུམ་བུར་གཅོད་པ། རུས་སྦལ་བཞི་འགྲོས་ཀྱིས་ཚིག་གི་འབྲུ་ནོན་པའམ་ཚིག་དོན་མ་ལུས་པར་འཆད་པ། སྟག་གི་མཆོང་སྟབས་ཀྱིས་སྐབས་དབྱེ་བ་སྟེ། སེང་སྟག་སྦལ་སོགས་ཀྱི་འཆད་ཐབས་སོགས་ཡོད། སོགས་སྒྲའི་ནང་དུ་བརྗོད་བྱ་དང་དགོས་པ། ཉིང་དགོས། འབྲེལ་བ་སྟེ་དགོས་སོགས་ཆོས་བཞིའི་འཆད་ཐབས་དང་། གཞན་ད་དུང་གསང་སྔགས་འཆད་ཐབས་ཏེ། སྐུ་བཞིའི་སྒོ་ནས་འཆད་པའི་གནས་པ་བཞིའི་འཆད་ཐབས་ལྟ་བུ་ཡོད། གཤམ་ནས་དང་པོ་གསུམ་ལ་རབ་ཏུ་དབྱེ་བའི་ཐབས་ལ་བརྟེན་ནས་དབྱེ་ཞིབ་ཙམ་བྱའོ། །

དང་པོ། འཆད་ཐབས་རྣམ་བཞི།

འཆད་ཐབས་འདི་ནི་རྣམ་བཤད་རིགས་པ་ལས་བྱུང་བའི་འཆད་ཐབས་ཤིག་རེད། སློབ་དཔོན་དབྱིག་གཉེན་གྱིས། རྣམ་གྲངས་ཀྱིས་དང་། མཚན་ཉིད་ཀྱིས་དང་། ངེས་ཚིག་གིས་དང་། རབ་ཏུ་དབྱེ་བའི་སྒོ་ནས་ཆོས་འཆད་པའོ། ། ཞེས་རྣམ་བཤད་རིགས་པ་ལས་གསུངས་ཡོད་པ་ལས། འཆད་ཐབས་རྣམ་བཞི་ཞེས་པའི་མཚན་འདི་གསོལ་མེད། ཡིན་ཡང་། རྣམ་པ་བཞི་དག་གིས་ཚིག་གི་དོན་རིག་པར་བྱ་སྟེ། ཞེས་གསུངས་ཡོད་པར་གཞིགས་ཏེ། མཚན་འདི་ནི་དོན་ལྡན་གྱི་མཚན་ཞིག་གོ་སྙམ་ནས་རང་གིས་གསོལ་བ་ཡིན་ནོ། །

དེ་ཡང་རྣམ་གྲངས་ཀྱིས་འཆད་པ་ཞེས་པས། རྣམ་གྲངས་ལ་མིང་གི་རྣམ་གྲངས་དང་དོན་གྱི་རྣམ་གྲངས་གཉིས་ཡོད་པ་ལས། སྔ་མ་མིང་གི་རྣམ་གྲངས་ལ་བརྟེན་ནས་འཆད་བྱ་འཆད་དགོས་པ་སྟེ་རྒྱུས་མེད་པའི་མིང་ཞིག་ཤེས་ཟིན་པའི་མིང་གི་རྣམ་གྲངས་ཤིག་གིས་འཆད་དགོས་པ་བསྟན་ཡོད། དཔེར་ན། ནོར་འཛིན་ཞེས་པ་ནི་ས་གཞི་དང་། རྐང་འཐུང་ཞེས་པ་ནི་ལྗོན་ཤིང་། བི་ས་ཎི་ཞེས་པ་ནི་ཚོང་ལམ་དང་། རང་བསྲེལ་ཞེས་པ་ནི་རང་གཅེས། འདབ་ཆགས་ཞེས་པ་ནི་བྱ་དང་། རྐང་གཉིས་ཞེས་པ་ནི་མི། ཕྱི་ཡི་གཟུགས་ཞེས་པ་ནི་འདོད་ཡོན་ལྔ་དང་། ནང་གི་གཟུགས་ཞེས་པ་ནི་དབང་པོ་ལྔ། ངག་རིག་ཅེས་པ་ནི་སྙན་ངག་དང་། ངོ་བོ་ཅན་གྱི་རྒྱན་ཞེས་པ་ནི་གཟུགས་ཅན་གྱི་རྒྱན། བཅུ་གཉིས་བདག་པོ་ཞེས་པ་ནི་ཉི་མ་དང་། སྟོབས་བཅུ་མངའ་བ་ཞེས་པ་ནི་སངས་རྒྱས་ཡིན་ནོ་ཞེས་འཆད་པ་ལྟ་བུའོ། ། འཆད་ཐབས་འདི་བཀོལ་བ་ལ་ངེས་པར་མིང་ཚིག་མང་པོ་གསོག་འཇོག་བྱ་དགོས། སྒོས་སུ་མང་མང་གི་རྒྱུན་སྤྱོད་ཀྱི་མིང་ཚིག་མང་དུ་གསོག་འཇོག་བྱ་དགོས། མིང་ཚིག་གིས་སྟོང་ན་འཆད་ཐབས་འདི་ཤེས་ཀྱང་སྟོང་པ་ཡིན་ནོ། །

མཚན་ཉིད་ཀྱིས་འཆད་པ་ཞེས་པས། མཚན་ཉིད་ལ་བརྟེན་ནས་འཆད་བྱ་འཆད་དགོས་པ་བསྟན་ཡོད། དཔེར་ན། སྨྲ་ཤེས་ཤིང་དོན་གོ་བའི་མཚན་ཉིད་ལ་བརྟེན་ནས་མི་རྣམས་གསལ་བར་བྱེད་པ་དང་། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ་ཞེས་པའི་མཚན་ཉིད་ལ་བརྟེན་ནས་མིག་གི་དབང་པོ་གོ་བར་བྱེད་པ། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་མངོན་སུམ་དུ་ལག་མཐིལ་ལ་སྐྱུ་རུ་ར་རློན་པ་བཞག་པ་ཇི་བཞིན་དུ་རྟོགས་པར་བྱེད་པའི་རྟོགས་པ་མཐར་ཐུག་ཅེས་པའི་མཚན་ཉིད་ལ་བརྟེན་ནས་རྣམ་མཁྱེན་ཤེས་པར་བྱེད་པ་ལྟ་བུ་ལ་གོ་དགོས། དེའི་ཕྱིར། འཆད་ཐབས་འདི་བཀོལ་བ་ལ་མཚན་ཉིད་མང་པོ་བདག་གིར་འཛིན་དགོས། གལ་ཏེ་མཚན་ཉིད་གཅིག་ཀྱང་མི་ཤེས་ན། འཆད་ཐབས་འདི་བཀོལ་འདོད་ཀྱང་བཀོལ་མི་ཐུབ་བོ། །

ངེས་ཚིག་གིས་འཆད་པ་ཞེས་པས། ངེས་ཚིག་གམ་སྒྲ་བཤད་ལ་བརྟེན་ནས་འཆད་བྱ་འཆད་དགོས་པ་བསྟན་ཡོད། ཡང་ན། ངེས་ཚིག་ཡོད་པའི་མིང་སྟེ། དངོས་མིང་རྗེས་གྲུབ་ཅིག་གསལ་བར་བྱེད་པ་ལ་ངེས་ཚིག་ལ་བརྟེན་དགོས་ཞེས་པའི་དོན་ནོ། ། དཔེར་ན། ཅི་ཡང་ཤེས་པ་ལ་བརྟེན་ནས་ཅང་ཤེས་གསལ་བར་བྱེད་པ་དང་།
མགོ་འདྲེན་པ་པོ་ལ་བརྟེན་ནས་མགོན་པོ་གསལ་བར་བྱེད་པ། ཡོན་ཏན་གྱི་ཆ་ནས་རང་ཉིད་ཀྱི་གོང་སྟེ་བླ་དང་།བྱམས་དང་སྙིང་རྗེ་ཡི་ཆ་ནས་རང་ཉིད་ཀྱི་ཨ་མ་སྟེ་མ་དང་འདྲ་བ་ཞེས་པ་ལ་བརྟེན་ནས་བླ་མ་གསལ་བར་བྱེད་པ་ལྟ་བུའོ། ། འཆད་མཁན་ལ་འབྲེལ་ཡོད་ཀྱི་ཤེས་བྱའི་རྨང་གཞི་མཐུག་པོ་ཞིག་མེད་ན། མིང་ཚིག་དག་གི་ངེས་ཚིག་ཇི་ལྟར་གནས་པ་དེ་ལྟར་བརྗོད་མི་ཐུབ། ངེས་ཚིག་ཇི་བཞིན་བརྗོད་མ་ཐུབ་ན། ཕུན་ཚོགས་ནི་ཕུན་ཚོགས་ཏེ་དགེ་ལེགས་ནི་དགེ་ལེགས་སོ་ཞེས་པའི་དགོད་གཏམ་དང་། བླ་མ་ནི་བླ་མ་དང་མགོན་པོ་ནི་མགོན་པོའོ་ཞེས་པའི་དགོད་གཏམ། སྤང་བྱ་ནི་གོང་མོ་དང་། བླང་བྱ་ནི་འཇོལ་མོའོ་ཞེས་པའི་དགོད་གཏམ་ལྟ་བུ་བཟོ་སྲིད། 

རབ་ཏུ་དབྱེ་བས་འཆད་པ་ཞེས་པས། རབ་ཏུ་དབྱེ་བ་སྟེ་དབྱེ་ཞིབ་ལ་བརྟེན་ནས་འཆད་བྱ་འཆད་དགོས་པ་བསྟན་ཡོད། རབ་ཏུ་དབྱེ་བའི་འཆད་ཐབས་འདི་ནི། དེང་སྐབས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ནང་དུ་སློབ་ཚན་ལ་འགྲེལ་བ་བྱེད་སྐབས་སློབ་ཚན་དབྱེ་ཞིབ་ཅེས་ཐབས་འདི་བེད་སྤྱོད་གཏོང་བཞིན་འདུག ཡིན་ཡང་། དབྱེ་ཞིབ་བྱེད་པ་ལ་བསྟན་བཅོས་སམ་སློབ་ཚན་ལ་བལྟ་བའི་མིག་གིས་བལྟས་ཏེ་དབྱེ་ཞིབ་བྱེད་དགོས་པ་ལས། རྨང་གཞི་ཞན་པ་དང་ཆུ་ཚད་དམའ་བ་ཡིན་རུང་བཙན་གྱིས་དབྱེ་ཞིབ་ཀྱི་ལས་ལ་ཞུགས་ན། སྔོན་བྱོན་མཁས་པའི་སྙན་ངག་འདི་ནི་ཚིག་སྦྱོར་སྔ་ཕྱི་འབྲེལ་ཆགས་ཤིང་། དཔེ་དོན་སྦྱར་བ་འབྱོར་བའི་ཁྱད་ཆོས་ལྡན་པ་ཞིག་རེད་ཅེས་པ་ལྟ་བུའི་དབྱེ་ཞིབ་ཀྱི་ཚིག་དང་། ལེགས་བཤད་གསེར་ཕྲེང་ནི་རྗོད་བྱེད་ཚིག་གི་ཆ་ནས་འགལ་མ་ངེས་མ་གྲུབ་ཟློས་སྐྱོན་སོགས་ཉེས་པའི་ཆ་གང་གིས་ཀྱང་མ་རེག་པའི་ཁྱད་ཆོས་དང་ལྡན་ཞེས་པ་ལྟ་བུའི་མི་འོས་ཤིང་མི་ལེགས་པའི་དབྱེ་ཞིབ་ཡིན་ལོའི་སྐད་ཆ་བཤད་སྲིད། དེའི་ཕྱིར། དབྱེ་ཞིབ་བྱེད་པ་ལ་དབྱེ་ཞིབ་ཀྱི་བློ་གྲོས་ལྡན་དགོས་པར་མ་ཟད། དེའི་ཐད་ཀྱི་རྨང་གཞིའི་ཤེས་བྱ་དང་གཞུང་ལུགས་ཀྱི་ཤེས་བྱ་གཉིས་ཀ་འཛོམ་པར་བྱ་དགོས།

འཆད་ཐབས་རྣམ་བཞི་ཞེས་པ་འདི་ནི། གནའ་རབས་ཀྱི་རྒྱུགས་ཆེ་བའི་འཆད་ཐབས་ཤིག་ཡིན་པར་མ་ཟད། དེང་རབས་ཀྱི་རྒྱུགས་ཆེ་བའི་འཆད་ཐབས་ཤིག་ཏུའང་གྱུར་འདུག མ་འོངས་པའི་དུས་སུ་ཡང་རྒྱུགས་ཆེ་བའི་འཆད་ཐབས་ཤིག་ཏུ་འགྱུར་བར་ཐེ་ཚོམ་ཟ་མི་དགོས་སྙམ། དེའི་ཕྱིར། ང་ཚོ་དགེ་རྒན་རྣམས་ཀྱིས་འཆད་ཐབས་འདི་ཡང་དག་ངོས་འཛིན་དང་བདག་བཟུང་བེད་སྤྱོད་ལ་བརྟེན་ནས་སློབ་མ་རབས་དང་རིམ་པ་སྐྱོང་བ་དང་། འཆད་ཐབས་འདི་ནི་མི་རབས་ནས་མི་རབས་སུ་སློབ་གསོ་སློབ་ཁྲིད་ཀྱི་ལེགས་པའི་ལག་ཆར་འགྱུར་བར་བྱ་དགོས། འདི་ནི་ང་ཚོའི་གཡོལ་ཐབས་བྲལ་བའི་འགན་འཁྲི་ཞིག་ཡིན་ནོ། །

གཉིས་པ། ཆེ་བ་བཞི་ལྡན་གྱི་འཆད་ཐབས།

འཆད་ཐབས་འདི་ནི་རྗེ་བདག་ཉིད་ཆེན་པོས། དུས་ཕྱིས་ནི་བྲི་ཀཱ་མ་ལ་ཤཱི་ལར་བསྟན་པ་དར་བས། དེའི་མཁས་པ་རྣམས་ནི་ཆོས་རྩོམ་པ་པོའི་ཆེ་བ་དང་། ཆོས་ཀྱི་ཆེ་བ་དང་། དེ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་གསུམ་སྔོན་དུ་གལ་ཆེ་བར་བཞེད་ཅེས་ལམ་རིམ་ཆེན་མོ་ལས་གསུངས་ཡོད། འདིར་གཞིགས་ན། འཆད་ཐབས་འདི་ལ་རྩོམ་པ་པོའི་ཆེ་བ་དང་། ཆོས་ཀྱི་ཆེ་བ། བཤད་པའི་ཆེ་བ། ཉན་པའི་ཆེ་བ་བཅས་བཞི་ཡོད། དེའི་ཕྱིར། འདིར་ཆེ་བ་བཞི་ལྡན་གྱི་འཆད་ཐབས་ཞེས་མཚན་གསོལ་ན་ནི་འོས་ཤིང་འཚམ་པར་འདོད་དོ། ། 

དེ་ཡང་རྩོམ་པ་པོའི་ཆེ་བ་བརྗོད་པ་ཞེས་པས། རྩོམ་པ་པོ་ངོ་སྤྲོད་བྱེད་པའི་སྐབས་སུ་རྩོམ་པ་པོའི་ཆེ་བ་སྟེ་ཡོན་ཏན་བརྗོད་དགོས་པ་བསྟན་ཡོད། དེ་ཡང་ཡིན་ཏེ། རྩོམ་པ་པོ་ངོ་སྤྲོད་བྱེད་པ་ལ་འགན་ཁུར་གཉིས་ཡོད་དེ། གཅིག་ནི་རྩོམ་པ་པོའི་ཆེ་བ་ངོ་སྤྲོད་བྱས་ཏེ་སློབ་མའི་རྒྱུད་ལ་འཇོག་པ་དང། ཅིག་ཤོས་ནི་སློབ་མའི་དགའ་བ་དང་དད་པ་རྩོམ་པ་པོའི་རྩོམ་པའི་ཡོན་ཏན་གྱི་སྟེང་དུ་འདྲེན་པར་བྱེད་པའོ། ། ང་ཚོས་འགན་ཁུར་འདི་གཉིས་འགྲུབ་པར་བྱ་ཕྱིར། སློབ་མའི་རྒྱུད་ལ་རྩོམ་པ་པོའི་ཡོན་ཏན་ཏེ། སྒོ་གསུམ་ཀུན་སྤྱོད་ཀྱི་རྣམ་པར་དག་པའི་ཆ་དང་།འཆད་པ་དང་རྩོད་པའི་ཡོན་ཏན། སྒོས་སུ་རྩོམ་པའི་ཡོན་ཏན་དང་གསར་རྩོམ་གྱི་རང་གཤིས། རྩོམ་གཤིས་སོགས་འཇོག་པ་ལ་འབད་པ་བྱ་དགོས་པ་ལས། རྩོམ་པ་པོའི་སྐྱོན་ཏེ། ཕྱི་ལུས་ངག་གི་མི་སྡུག་པའི་ཆ་དང་། ནང་སེམས་ཀྱི་མི་མཛེས་པའི་ཆ། གཞན་ད་དུང་ཆང་འཐུང་བ་དང་དུ་བ་འཐེན་པ་ལྟ་བུའི་བྱ་ངན་སྤྱོད་ངན་སོགས་སློབ་མའི་རྒྱུད་ལ་འཇོག་མི་རུང་། གལ་ཏེ་བཞག་ན་ནི་སློབ་མ་རྣམས་རྩོམ་པ་པོ་དེའི་བསྟན་བཅོས་སམ་བརྩམས་ཆོས་ལ་སྦྱོང་འདོད་མེད་པར་འགྱུར་རོ། ། རྩོམ་པ་པོའི་ཡོན་ཏན་བདག་གིར་འཛིན་པ་དང་། རྩོམ་པ་པོའི་ཕྱོགས་སུ་ཡིད་ཕྱོགས་ཏེ་ཁོང་གི་བསྟན་བཅོས་སམ་བརྩམས་ཆོས་ལ་དགའ་ཞིང་། ཀུན་སློང་གཙང་མས་སློབ་སྦྱོང་བྱེད་པ་ནི་སློབ་མའི་འགན་ཁུར་ཡིན་ནོ། ། 

ཆོས་ཀྱི་ཆེ་བ་བརྗོད་པ་ཞེས་པས། འཆད་བྱ་བསྟན་བཅོས་སམ་སློབ་ཚན་གྱི་ཆེ་བ་སྟེ། སྙན་པའི་ཚིག་དང་བཟང་བའི་དོན། དོན་གྱི་ཉམས་འགྱུར་དང་བརྗོད་ཚུལ་གྱི་སྒྱུ་རྩལ། གཞན་ད་དུང་བསླབ་པའི་ཕན་ཡོན་སོགས་ལས་གང་རུང་ཞིག་འཆད་དགོས་པ་བསྟན་ཡོད། ཆེ་བ་བརྗོད་སྐབས་རང་བཞིན་བརྗོད་པ་སྟེ་དངོས་ཐོག་བདེན་འཚོལ་དང་གཅིག་བགོས་གཉིས་འགྱུར་གྱི་སྒོ་ནས་ཆེ་བ་གང་ཡོད་བརྗོད་པ་ལས། འཁྱོག་བརྗོད་དང་སྒོས་སུ་འུད་ཆེན་པོའི་མཚོན་ཐབས་ལ་བརྟེན་ནས་མེད་པ་རྣམས་སྒྲོ་བཏགས་ཏེ་བརྗོད་མི་རིགས་སོ། ། དཔེར་ན། སྐུ་ཞབས་དོན་གྲུབ་རྒྱལ་གྱི་བརྩམས་ཆོས《ལང་ཚོའི་རྦབ་ཆུ》ཡི་ཆེ་བ་བརྗོད་ན། འདི་ནི་རང་མོས་སྙན་ངག་ཅིག་སྟེ། འདི་བསླབས་ན་ནི། གཅིག་ཏུ་ན་བོད་ཀྱི་གསར་དར་རང་མོས་སྙན་ངག་ནི་གང་འདྲ་ཞིག་ཡིན་པ་དང་། གཉིས་སུ་ན་ཇི་ལྟར་རོལ་མྱོང་བྱ་བ་དང་། གསུམ་དུ་ན་ཇི་ལྟར་གསར་རྩོམ་བྱ་ཚུལ་སོགས་ཤེས་ཐུབ་ཅེས་ངག་ཉུང་དོན་འདུས་ཀྱི་སྒོ་ནས་བརྗོད་ན་སློབ་མ་རྣམས་དགའ་བ་དང་སྤྲོ་བའི་ངང་བརྩམས་ཆོས་འདིའི་སློབ་གཉེར་ལ་འཇུག་པར་འགྱུར་རོ། ། ཡང་དཔེར་ན། སྐུ་ཞབས་ལུའུ་ཞུན་གྱི་བརྩམས་ཆོས་ཏེ《བྱ་བ་ཆུང་ངུ་ཞིག》ཅེས་པའི་སློབ་ཚན་འདིའི་ཆེ་བ་བརྗོད་ན། སློབ་ཚན་འདི་སྦྱངས་ན་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་རོལ་མྱོང་བྱེད་ཤེས་པར་མ་ཟད། ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་ཡང་ཤེས། དེར་མ་ཟད། ད་དུང་སྒྲུང་གཏམ་གྱི་རོལ་མྱོང་དང་གསར་རྩོམ་ལ་ཡང་ལམ་སྟོན་ངེས་སོ། ། ཞེས་བརྗོད་པས་ཆོག་གོ ། འདི་ལྟར་བརྗོད་ན། ཉན་མཁན་སློབ་མའི་ཡིད་ཀྱི་དང་བ་དྲངས་ཏེ་སློབ་ཚན་སློབ་སྦྱོང་ལ་འཇུག་པར་འགྱུར་རོ། ། གལ་ཏེ་ཁྱད་གཞི་གང་ལ་ལྡན་པའི་ཁྱད་ཆོས་ཏེ་ཡོན་ཏན་མི་བརྗོད་པར་མི་ལྡན་པའི་ཡོན་ཏན་འགའ་ཞིག་སྒྲོ་བཏགས་ཏེ་བརྗོད་ན་ནི། འབྲས་བུ་དེ་ལས་ལྡོག་སྟེ་འབྱུང་ངོ་། ། 

བཤད་པའི་ཆེ་བ་ཞེས་པས། འཆད་པའི་སྐྱོན་རྣམས་སྤངས་ནས་ནི། ། ཤིན་ཏུ་བརྩེ་བའི་བསམ་པས་བཤད། ། ཅེས་གསུངས་པ་ལྟར། འཆད་པའི་སྐྱོན་ཏེ། མི་འཆད་པ་དང་། ལེགས་པར་མི་འཆད་པ་དང་། ཐེ་ཚོམ་གྱིས་འཆད་པ་དང་། ཞེས་སོགས་སྐྱོན་བཅོ་བརྒྱད་ས་པཎ་གྱིས་མཁས་འཇུག་ལས་གསུངས་པ་དང་། གཞན་ད་དུང་། བྱིས་པ་ཐང་སྟོང་དུ་འཁྱམས་པ་བཞིན་བཤད་ན་དམིགས་ཡུལ་མེད་པའི་སྐྱོན་འབྱུང་བ་ལ་སོགས་པའི་འཆད་སྐྱོན་རྣམས་སྤངས་ཏེ། ཤིན་ཏུ་བརྩེ་བའི་བསམ་པས་འཆད་པའི་ཡོན་ཏན་ཏེ་ཐབས་གཅིག་ཅན་དང་གཉིས་ཅན། གསུམ་ཅན། བཞི་ཅན་ལ་སོགས་པའི་འཆད་ཐབས་དང་། ཚིག་གཅིག་གིས་མང་མེད་ལ། ཚིག་གཅིག་གིས་ཉུང་ཡང་མེད་པའི་སྐད་ཆའི་སྒྱུ་རྩལ་ཞིག་འཁྲབ་སྟོན་བྱེད་པ་དང་འདྲ་བའི་འཆད་སྲོལ་སོགས་ལ་བརྟེན་ནས་འཆད་བྱ་དག་བཤད་དགོས། འདི་ནི་བཤད་པའི་ཆེ་བ་ཡིན་ནོ། ། 

ཉན་པའི་ཆེ་བ་ཞེས་པས། ཉན་པའི་སྐྱོན་རྣམས་སྤངས་ནས་ནི། ། ཤེས་པར་འདོད་པས་ལེགས་པར་ཉན། ། ཞེས་གསུངས་པ་ལྟར། ཉན་པའི་སྐྱོན་ཏེ། སྣོད་ཀྱི་སྐྱོན་གསུམ་དང་། ཉན་པའི་དྲི་མ་དྲུག་དང་། མི་འཛིན་པ་ལྔ་དང་། ལོག་པའི་འདུ་ཤེས་བཞི་སོགས་སྔོན་གྱི་བསྟན་བཅོས་ལས་བསྟན་པའི་ཉན་པའི་སྐྱོན་དང་། གཞན་ད་དུང་། ཡིག་རྨོངས་པས་ཚོགས་འདུ་ལ་ཉན་པ་ལྟ་བུའི་དཔེ་ཁྲིད་ལ་ཉན་ཚུལ་ལ་སོགས་པའི་སྐྱོན་རྣམས་སྤངས་ཏེ། ཤེས་པར་འདོད་པས་ལེགས་པར་ཉན་དགོས་སོ། ། འདི་ནི་ཉན་པའི་ཆེ་བ་ཡིན་ནོ། ། 

ཆེ་བ་བཞི་ལྡན་གྱི་འཆད་ཐབས་འདི་གོམས་པར་བྱས་ན་ནི་རྩོམ་པ་པོ་ལ་གུས་པར་འགྱུར་བ་དང་། བསྟན་བཅོས་སམ་བརྩམས་ཆོས་ལ་དགའ་བར་འགྱུར་བ། གཞན་ད་དུང་འཆད་མཁན་དང་ཉན་མཁན་དག་བོད་ཀྱི་གཞུང་ལུགས་ལས་བསྟན་པ་ནང་བཞིན་ཚད་ལྡན་དུ་འགྲོ་བའི་ཕན་ཡོན་ཡོད། དེའི་ཕྱིར། ང་ཚོས་ཅིས་ཀྱང་སློབ་སྦྱོང་དང་ལག་ལེན་ལ་འབད་དགོས། 

གསུམ་པ། སེང་སྟག་སྦལ་སོགས་ཀྱི་འཆད་ཐབས། 

འཆད་ཐབས་འདི་ནི་ཨ་ལག་ཤ་ངག་དབང་བསྟན་དར་གྱིས། སེང་གེའི་ལྟ་སྟངས་ཀྱིས་དོན་གྱི་གཞི་ངེས། སྦལ་བའི་འཕར་འགྲོས་ཀྱིས་གཞུང་དོན་དུམ་བུར་གཅོད། རུས་སྦལ་བཞི་འགྲོས་ཀྱིས་ཚིག་གི་འབྲུ་ནོན་པའམ་ཚིག་དོན་མ་ལུས་པར་འཆད། སྟག་གི་མཆོངས་སྟབས་ཀྱིས་སྐབས་དབྱེ་བ་ཞེས《འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་བཤད་ཉིན་བྱེད་སྣང་བ》ལས་གསུངས་ཡོད། འདི་ནི་ས་པཎ་གྱི་མཁས་འཇུག་གི་ལུང་ཚིག་སྟེ། སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླང་། སྦལ་བའི་འཕར་བས་སྐབས་དོན་སོ་སོར་དབྱེ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བཤད་ཅེས་པའི་བླང་དབྱེ་བཤད་གསུམ་གྱི་འཆད་ཐབས་གཞིར་བཟུང་སྟེ་བརྗོད་པའི་འཆད་ཐབས་ཤིག་རེད། ཡང་གཅིག་བཤད་ན། སེང་སྟག་སྦལ་སོགས་ཀྱི་འཆད་ཐབས་འདི་ནི་བླང་དབྱེ་བཤད་གསུམ་གྱི་འཆད་ཐབས་ལ་བརྟེན་ནས་བྱུང་བའི་འཆད་ཐབས་ཤིག་རེད།

དེ་ཡང་སྦལ་བའི་འཕར་བས་སྐབས་དོན་སོ་སོར་དབྱེ་ཞེས་པ་སྦལ་བའི་འཕར་འགྲོས་ཀྱིས་གཞུང་དོན་དུམ་བུར་གཅོད་ཅེས་པར་བསྒྱུར། སྟག་གི་མཆོང་སྟབས་ཀྱིས་སྐབས་དབྱེ་བ་ཞེས་པ་ཁ་སྣོན་བྱས་པའོ། ། དོན་ནི་གཞུང་དོན་དུམ་བུར་གཅོད་ཅེས་པས་ཚན་པ་དགར་བ་དང་། སྐབས་དབྱེ་བ་ཞེས་པས་ཁག་དགར་བ་བསྟན་པ་ཡིན་ནོ། ། གཞན་རྣམས་ནི་ཁོ་བོའི《ཐབས་གསུམ་ཅན་གྱི་འཆད་ཐབས་ལ་དཔྱད་པ》ཞེས་པའི་དཔྱད་རྩོམ་ལས་བཤད་པ་དང་འདྲའོ། ། མདོར་ན། འཆད་ཐབས་འདིས་ས་པཎ་མཁས་འཇུག་ཏུ་བཀོད་པའི་བླང་དབྱེ་བཤད་གསུམ་གྱི་འཆད་ཐབས་ལ་བསྒྱུར་སྣོན་ཅུང་ཟད་བྱས་ཏེ་ཐབས་གསུམ་ཅན་གྱི་འཆད་ཐབས་དེ་ཐབས་བཞི་ཅན་གྱི་འཆད་ཐབས་སུ་བསྒྱུར་རོ། ། ང་ཚོས་སློབ་མའི་ཆུ་ཚད་དང་སློབ་ཚན་གྱི་ངོ་བོ་སོགས་ལ་དམིགས་ཏེ། འཆད་ཐབས་འདི་གཉིས་ལས་གང་མཁོ་ན་དེ་བཀོལ་སྤྱོད་བྱ་དགོས་སོ། །

* སྟོབས་ལྡན། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།