ཀྲུང་གོ་བོད་ཀྱི་དྲ་བ།

གནའ་རྒྱའི་ཚེ་ལོ།

ཡོང་ཁུངས། : དྲ་རྒྱ་ལས་བཏུས།   རྩོམ་པ་པོ། : སྐལ་བཟང་གྲགས་པས་བཤད།   སྤེལ་དུས། : 2017-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 གནའ་རྒྱའི་ཚེ་ལོ་ནི་ཨ་མདོ་ནས་སྐྱེས་པའི་ཕྱུག་པོ་མིང་གྲགས་ཅན་ཞིག་ཡིན་ལ། ཁོང་རང་ཚེ་སྟོད་ལ་རྒྱུ་ནོར་ལོངས་སྤྱོད་ནམ་མཁའི་སྐར་ཚོགས་ལྟར་འདུས་ཀྱང་། འཆི་ཁར་མི་རྟག་པའི་རྒྱུ་ནོར་རྣམས་དབྱར་ཟླ་གསུམ་པའི་མེ་ཏོག་ལྟར་ཡལ་ཞིང་། བུ་དང་མནའ་མ་སོགས་ཀྱིས་གཉོར་སྐྱོང་ལེགས་པོ་མ་བྱས་པས་ཁོ་རང་འཇིག་རྟེན་འཁོར་བ་ལ་ཡིད་སྐྱོ་ཞིང་། རྒྱུ་མི་རྟག་རྩྭ་ཁའི་ཟིལ་བ་ཞེས་པར་ངེས་ཤེས་རྙེད་པས་ཕྱི་རབས་པ་ལ་སྨན་ཕྱིར་འཇིག་རྟེན་གྱི་བསླབ་བྱ་མང་པོ་གནང་བ་རེད།

  བསླབ་བྱ་ཡི་བརྗོད་བྱ་གཙོ་བོ་ནི་འཇིག་རྟེན་པ་རྣམས་རྒྱུ་ལ་རྔམས་ཤིང་ཆོས་ལ་ཞན་པས་རྒྱུ་ནོར་གྱི་སླད་དུ་མི་དང་མིའི་བར་དུ་རྩོད་གླེང་ཞི་ཐབས་མེད་པ་བྱུང་དང་འབྱུང་མུས་སུ་ཡོད་པ་དང་། རྒྱུའི་ཆེད་དུ་མིའི་རང་བཞིན་བཟང་པོ་དང་མི་ཆོས་ལེགས་པོ་རྣམས་བརླག་འགྲོ་བས་ན། མིའི་རིན་ཐང་ནི་རྒྱུ་ནོར་ལོངས་སྤྱོད་ཀྱི་ངོ་ན་མེད་པར་སྤྱིར་མིའི་རིགས་ཀྱི་ཡ་རབས་སྲོལ་བཟང་དང་། གཤིས་རྒྱུད། འཇིག་རྟེན་མི་ཆོས་ཤེས་ཤིང་དེ་དོན་དུ་འཁྱོལ་ཐུབ་མིན་གྱི་སྟེང་ན་ཡོད་པ་བསྟན། འཇིག་རྟེན་བསླབ་བྱ་འདི་དང་ཐོག་ནས་ངག་བརྒྱུད་བྱུང་བའི་ཚིག་སྒྲོས་འདྲ་མིན་མང་པོ་བྱུང་བ་དང་། ཨ་མདོ་ནས་དར་ཁྱབ་ཆེ་བས་ཨ་མདོ་ཁ་སྐད་ཀྱི་ལྷད་མང་དུ་ཞུགས་ཡོད། འདི་འཇིག་རྟེན་ཁྱིམ་ཚང་གི་དོན་དག་བརྗོད་བྱར་བཟུང་ནས་བརྩམས་པས་བརྗོད་བྱའི་གོ་རིམ་གསལ་ཅིང་། ཁ་སྐད་གཙོ་ཆེ་བར་བཟུང་ནས་བརྩམས་ཡོད་པས་བློ་མཆོག་དམན་ཀུན་གྱིས་གོ་བདེ་བའི་ཁྱད་ཆོས་ཐོན་འདུག འདི་ལ་བརྗོད་བྱའི་དོན་གྱི་ཁྱབ་རྒྱའི་སྟེང་ནས་རིགས་མི་འདྲ་བ་མང་པོ་ཡོད་པ་གདོན་མི་ཟ་མོད། དམངས་ཁྲོད་དུ་ཅུང་རྒྱུགས་ཆེ་བ་འགའ་སྡུར་ཏེ་དཔྱད་ན་རྨད་དུ་བྱུང་བའི་བརྗོད་བྱ་འདི་དག་འདུས་ཏེ། དང་པོ། མཁས་པ་རྣམས་ལ་གདམས་པའི་ཚུལ་གྱིས་དལ་འབྱོར་གྱི་མི་ལུས་རིན་ཆེན་འདི་རྙེད་དཀའ་བ་བསྟན་པ། གཉིས་པ། བྱིས་པ་ལ་གདམས་པའི་ཚུལ་གྱིས་དཔེ་སྣ་ཚོགས་ཀྱི་སྒོ་ནས་དལ་འབྱོར་འཇིག་སླ་བ་བསྟན་པ། གསུམ་པ། ཕོ་གསར་རྣམས་ལ་འཇིག་རྟེན་མི་ཆོས་བསྟན་པ། བཞི་པ། ལོ་གཞོན་རྣམས་ལ་འཇིག་རྟེན་མི་ཆོས་བསྟན་པ། ལྔ་པ། བུ་མོ་རྣམས་ལ་འཇིག་རྟེན་མི་ཆོས་བསྟན་པ། དྲུག་པ། བདག་མོ་རྣམས་ལ་འཇིག་རྟེན་མི་ཆོས་བསྟན་པ། བདུན་པ། མནའ་མ་རྣམས་ལ་འཇིག་རྟེན་མི་ཆོས་བསྟན་པ། བརྒྱད་པ། ལས་རྒྱུ་འབྲས་གསུངས་པའི་སྒོ་ནས་ཚེ་དང་ལོངས་སྤྱོད་མི་རྟག་པ་བསྟན་པ། དགུ་པ། རྒས་པའི་སྡུག་བསྔལ་བསྟན་པ། བཅུ་པ། འཆི་བའི་སྡུག་བསྔལ་བསྟན་པ། བཅུ་གཅིག་པ། ཐམས་ཅད་མི་རྟག་པར་བསྟན་པའི་སྒོ་ནས་སྨོན་ལམ་གྱི་མཇུག་བསྡུས་པ་སྟེ་ཁྱོན་དོན་ཆེན་བཅུ་གཅིག་ཏུ་འདུས་པ་ཡིན་ནོ ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།