བོད་ཀྱི་སྐད་ཡིག་འཁྲིད་ཐབས་གསལ་བའི་མེ་ལོང་།(གཅིག)

ལེའུ་དང་པོ། འཆད་པ་པོ་དགེ་རྒན་གྱི་རྣམ་གཞག་སྟོན་པ།

ས་བཅད་དང་པོ། སྐད་ཡིག་དགེ་རྒན་གྱི་འགན་འཁྲི།

        འགན་འཁྲི་ནི། རང་འཁྲིའི་ལས་འགན་ཏེ། གོ་གནས་དེས་ངེས་པར་བསྒྲུབ་དགོས་པའི་རང་བབ་བྱེད་སྒོ་ལ་ཟེར་ཞིང་། དེ་ནི་རང་གི་མི་རིགས་ལ་བློ་དཀར་ཞིང་། སྐད་ཡིག་སློབ་གསོའི་ལས་དོན་འཕེལ་རྒྱས་དང་ཕན་འུམ་ཚོགས་པར་གཏོང་ཆེད། སྟོབས་ཤུགས་ཡོད་དགུ་རྩལ་སྤྲུགས་སྒོས། ནམ་འཚོའི་བར་དུ་ཞབས་ཞུར་བརྩོན་པ་ནི། སྐད་ཡིག་དགེ་རྒན་གྱི་ལས་འགན་ཡིན། དེ་ལ་བྱེ་བྲག་གིས་བཤད་ན།

      དང་པོ། དཔེ་ཁྲིད་གཤིས་སྐྱོང་སྒོས། སློབ་གསོའི་ཁ་ཕྱོགས་ལག་ལེན་མཐའ་འཁྱོངས་བྱ་དགོས།

      སྐད་ཡིག་དགེ་རྒན་རྣམས་ཀྱང་ཚན་ཁག་གཞན་གྱི་དགེ་རྒན་དང་གཉིས་སུ་མེད་པར། ཚང་མས་ཏང་དང་རྒྱལ་ཁབ་ཀྱི་རེ་བཅོལ་ཏེ། ཀྲུང་ཧྭ་མི་རིགས་ཧྲིལ་བོའི་གཤིས་ཀ་དང་ཚན་རིག་རིག་གནས་ཀྱི་སྤུས་ཀ་མཐོར་འདེགས་སུ་གཏོང་བ་དང་ཤེས་ལྡན་མི་སྣ་བསྐྱེད་བསྲིང་དང་སྤྱི་ཚོགས་གོམས་འདྲིས་བསྒྱུར་བ། སྤྱི་ཚོགས་རིང་ལུགས་བསམ་དློའི་ཤེས་རིག་འཚུགས་སྐྲུན་བྱེད་པའི་གཟི་དཔལ་ལྡན་པའི་ལས་འགན་ཕྲག་པར་བླངས་ཡོད་པ་ཡིན། དགེ་རྒན་རནམས་པའི་བྱ་བ་ཡོད་ཚད་ཀྱིས་ཏང་གི་སློབ་གསོའི་ཁ་ཕཡོགས་མངོན་འགྱུར་བྱེད་པར་ཞབས་འདེགས་ཞུ་བཞིན་ཡོད་པར་མ་ཟད། སྐད་ཡིག་དགེ་རྒན་རྣམས་ཀྱི་ནུས་པ་འདོན་པར་ལྷག་པར་མངོན་པར་གསལ་ཞིང་དཀའ་ཁག་ཆེ་བ། བླ་ན་ལྷག་པ་ཞིག་ཡིན། སྐད་ཡིག་ཚན་ཁག་ནི་ཚན་ཁག་གཞན་རྣམས་ཀྱི་རྨང་གཞིའི་སློབ་ཚན་ཡིན། ཚན་ཁག་གཞན་རྣམས་ལས་དུས་ཚོད་ཆེས་རིང་ཞིང་སློབ་ཁྲིད་འགན་འཁུར་ཡང་ལྕི་སྟབས། སྐད་ཡིག་དགེ་རྒན་ནི་དགེ་རྒན་དཔུང་ཁག་ཁྲོད་ཀྱི་རྨང་གཞིའི་དཔུང་ཁག་ཅིག་ཡིན་ནོ།།

       སྐད་ཡིག་དགེ་རྒན་གྱི་ཁྲིད་འཆད་པའི་སྤྱོད་སྟངས་ཀྱིས་སློབ་མའི་རྒྱུད་ལ་འཇིག་རྟེན་ལྟ་ཚུལ་དང་གཤིས་སྤྱོད་ལེགས་པོ་ཆགས་པ། བསམ་ཚུལ་བཟང་བོ་ཐེབས་པ་དང་། བློ་སྟོབས་ཞུན་བརྡར་མྱོང་བ། རིག་གནས་མཐོར་འདེགས། ནུས་པ་སྐྱོང་བ། རིག་སྟོབས་སྤེལ་བ། ལུས་ངག་འཕེལ་བ་བཅས་ཐམས་ཅད་ལ་ཤན་ཤུགས་ཧ་ཅང་ཆེ་ཞིང་། མེས་རྒྱལ་གྱི་མི་རབས་གསར་བ་གསོ་སྐྱོང་བྱེད་པ་ལ་སུས་ཀྱང་འཐུས་ཚབ་བྱ་ནུས་མེད་པའི་གནད་འགག་གི་ནུས་པ་ཐོན་པ་ཡིན། རྗེ་བདག་ཉིད་ཆེན་པོས། སློབ་མ་ལ་རྒྱུད་ལ་ཡིན་ཏན་སྣ་གཅིག་སྦྱོང་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ནི་དམ་པའི་བཤེས་ཡིན་ཞེས་གསུང་པ་ལྟར། ཁོ་ཚོའི་ལང་ཚོའི་སྐྱེས་སྟོབས་ཀྱི་གོམ་སྟབས་རེ་དང་འཚར་ལོངས་ཀྱི་གོ་རིམ་རེ་ནས་བླངས་པའི་བྱས་འབྲས་ནི། སྐད་ཡིག་དགེ་རྒན་གྱི་དཀའ་སྤྱད་ཀྱི་རྣམ་པར་དག་པའི་རྨོད་འདེབས་ཀྱི་འབྲས་རྟགས་ཡང་དག་ལ་མ་འབྲེལ་བ་གཅིག་ཀྱང་མེད། དེས་སྐད་ཡིག་དགེ་རྒན་གྱི་ཁྱད་ཆོས་མཚོན་པར་བྱས་ཏེ། ཁོ་ཚོས་དཔེ་ཁྲིད་གཤིས་སྐྱོང་གནང་བ་དང་ཏང་གི་སློབ་གསོའི་ཁ་ཕྱོགས་ལག་བསྟར་བྱས་པའི་བྱ་རིམ་ཁྲོད་ཐུན་མིན་ཁྱད་ནུས་འདོན་བཞིན་པ་བསྟན་ནོ།།

གཉིས་པ། ཁྲིད་འཆད་རྩ་གནད་ལ་བརྟེན་དགོས།

   རྩ་གནད་ནི། དགེ་རྒན་ཞིག་ལ་མཚོན་ན། སྐད་ཡིག་སློབ་འཁྲིད་ཀྱི་སྤུས་ཀ་ཁག་ཐེག་ཡོང་བ་དང་མཐོར་འདེགས་སུ་གཏོང་བ། སློབ་འཁྲིད་དམིགས་ཡུལ་མངོན་འགྱུར་ཡོང་བའི་ཁྲིམས་བཀོད་རང་བཞིན་གྱི་ཡིག་ཆ་དང་། སློབ་འཁྲིད་བྱ་འགུལ་རྩ་འཛུགས་སྒོས་བྱ་བ་སྣ་ཚོགས་དར་སྤེལ་བྱ་ཡས་ཀྱི་གཞི་འཛིན་ས་ཉག་གཅིག་ཡིན། དེར་བརྟེན། སྐད་ཡིག་དགེ་རྒན་རྣམས་ཀྱིས་སློབ་འཁྲིད་ལག་ལེན་ཁྲོད་དུ། 《རྩ་གནད》་ལ་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ། དེའི་དགོངས་དོན་དང་ངོ་བོར་གོ་བ་གཏིང་ཟབ་ཅིག་བྱས་ཏེ། གདེང་ཚོད་ཡོད་པའི་སྒོ་ནས། སྐད་ཡིག་སློབ་འཁྲིད་འཆར་གཞིའི་གཏན་འབེབ་ཐོག་《རྩ་གནད་》གང་ལེགས་མངོན་དགོས། དེའི་ནང་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་ཁ་ཕྱོགས་དང་ལོ་རྒྱུས་དུས་རིམ་གསལ་བའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་གཉིས་སྐད་ཡིག་སློབ་གསོ་བྱ་བའི་གཞི་རྩའི་རེ་བ་ལ་བཅོལ་བ་ལ་ལེགས་པར་མཚོན་ཡོད་དེ། སྐད་ཡིག་སློས་འཁྲིད་ཁྲིད་ཕུགས་རེ་ལྡན་པ་དང་གཞུང་དྲང་བ། རིག་གནས་འཛོམས་པ། སྒྲིག་ཁྲིམས་ཡོད་པ་ཞིག་དང་འབྱུང་འགྱུར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་འཚམ་པའི་མི་རབས་གསར་བ་ཞིག་ཇི་ལྟར་བསྐྱེད་རྒྱུ་ལ་ཁ་ཕྱོགས་གསལ་བོ་ཞིག་བསྟན་ཡོད། སྐད་ཡིག་དགེ་རྒན་སུས་ཀྱང་སློབ་འཁྲིད་གཞི་བྱེ་བྲག་པ་ཞིག་གཏན་ལ་འབབ་ན་ཚང་མས 《རྩ་གནད་》ཀྱི་དམིགས་ཡུལ་དང་རེ་བ་གསལ་བོར་བྱས་ཏེ། རང་ཉིད་ཀྱི་བྱ་བའི་འཆར་གཞིའི་བསམ་བློའི་འཛུབ་ཁྲིད་དང་བྱ་བ་སོ་སོའི་ནང་དོན་བྱེ་བྲག་རྣམས་ལེགས་པར་འཛུགས་དགོས། 《རྩ་གནད་》ལས་ལྡོག་སྟེ་གཞན་ཞིག་གཏན་ནས་བྱ་མི་རུང་བ་དང་གཅིག སྐད་ཡིག་ཁྲིད་སྐབས་ནན་ཏན་གྱིས་《རྩ་གནད་》དོན་ཐོག་ཏུ་འཁེལ་དགོས། སློབ་འཁྲིད་རྩ་གནད་དུ་ཚད་མཐོན་པོའི་སྒོ་ནས་སྐད་ཡིག་གི་ངོ་བོ་སྤྲོས་བརྗོད་དང་སློབ་འཁྲིད་དམིགས་ཡུལ་འདེམ་པ། སློབ་འཁྲིད་རྩ་དོན་དང་ནང་དོན་གཏན་ཆགས། ཉན་བཤད་འབྲི་ཀློག་བཅས་ཀྱི་སྦྱོང་བརྡར་རེ་བ་དང་། སློབ་འཁྲིད་བྱེད་ཐབས་ཀྱི་གདེམ་གསེས་བཅས་ཐམས་ཅད་ཡིག་ལམ་དུ་གཏན་ལ་འཁེལ་ཡོད་སྟབས། དེས་ནི་སྐད་ཡིག་དགེ་རྒན་རྣམས་སློབ་དེབ་ལ་ཞིབ་འཇུག་བྱེད་པ། དམིགས་ཡུལ་དང་རེ་བ་འདོན་པ། སློབ་འཁྲིད་ནང་དོན་གཏན་དུ་འཁེལ་བ། སློབ་འཁྲིད་གོ་རིམ་སྒྲིག་པ། སློབ་འཁྲིད་བྱ་འགུལ་རྩ་འཛུགས་དང་དར་བ་འཁྲིད་སྤེལ་བྱེད་པ་བཅས་ལ་ཚན་རིག་གི་གཞི་འཛིན་ས་མཁོ་སྤྲོད་བྱས་ཡོད་པ་རེད། ང་ཚོས་ནན་ཏན་གྱིས་《རྩ་གནད་》ལྟར་དོན་ཐོག་ཏུ་འཁེལ་བར་བྱས་ན། སྐད་ཡིག་སློབ་འཁྲིད་ཀྱི་སྤུས་ཀ་རིམ་པར་ཁག་ཐེག་བྱེད་ཐུབ་པ་དང་གཉིས། སྐད་ཡིག་འབྲས་བུ་ལ་ཞིབ་བཤེར་ལ་རྩ་གནད་གཞི་བྱེད་དགོས། སྐད་ཡིག་འབྲས་བུ་ཞིབ་བཤེར་བྱེད་པ་དེ་སྐད་ཡིག་སློབ་འཁྲིད་ཕན་འབྲས་བརྟག་པ་དང་མཐོར་འདེགས་སུ་གཏོང་ཐབས་ཤིག་ཡིན། དེར་བརྟེན་ནས། དགེ་རྒན་ལ་ཞིབ་བཤེར་ནང་དོན་དང་བརྗོད་གཞིའི་རྩ་དོན། རྒྱུགས་གཞི་གྲངས་ཀའི་མང་ཉུང་དང་ཁྱབ་ཁོངས་ཀྱི་ཆེ་ཆུང་། ཆུ་ཚད་ཀྱི་གཏིང་ཚད་བཅས་ཚང་མ་རྩ་གནད་ལས་འདའ་མི་ཆོག་ལ། ཡང་ན་དེ་ལས་འཛོལ་མི་རུང་། རྩ་གནད་གཞིར་བྱས་ན། ཞིབ་བཤེར་ལ་ད་གཟོད་ཕྱི་ཡུལ་གྱི་ཚད་ཐིག་ཡོད་པ་དང་། དགེ་སློབ་རྣམས་ལ་གཞིར་འཛིན་ས་ཡོད་པ། སློབ་པ་དང་འཁྲིད་པའི་སྤྱོད་ལམ་གྱི་ཁ་ཕྱོགས་མགོ་སྙོམས་བྱེད་ཐུབ་པ་དང་གསུམ་མོ།།

སྐད་ཡིག་སློབ་དེབ་ནི། རྒྱལ་ཁབ་སློབ་ཨུས་སློབ་གསོ་སྐྱེད་སྲིང་དང་དམིགས་ཡུལ་གྱི་དགོས་མཁོར་གཞིར་བཟུང་ནས་གཅིག་བསྡུས་ཀྱིས་བཀྲམ་པའི་དཔེ་ཁྲིད་བཀོལ་ཆས་ཡིན། སྐད་ཡིག་དགེ་རྒན་གྱིས་གཙོ་བོ་སྐད་ཡིག་སློབ་དེབ་གཞིར་བཟུང་ནས་དཔེ་ཁྲིད་བྱེད་དགོས། དེའི་མཚུམས་དགེ་རྒན་གྱིས་ཡིད་འཇོག་བྱེད་དགོས་པ་ནི། གཅིག སློབ་མར་སྐད་ཡིག་རྨང་གཞི་ཤེས་བྱ་གོ་རིམ་ལྡན་པ་ཞིག་གདམས་དགོས། སྐད་ཡིག་འཁྲིད་དེབ་ཐོག་ན་ཚན་རིག་དང་ལྡན་པའི་སྒོ་ནས་སྐད་ཡིག་སློབ་འཁྲིད་གཞི་རྩའི་ནང་དོན་གཏན་ལ་ཕབ་ཡོད། གཞི་རྩའི་སྦྱོང་བརྡར་སོ་སོར་བཀོད་དེ་གསལ་ཞིང་བྱེ་བྲག་པའི་རེ་བ་རྣམས་བཏོན་ཡོད། དེས་སྐད་ཡིག་དགེ་རྒན་གྱི་གྲྭ་སྒྲིག་དངསློབ་འཁྲིད། ལས་བྱ་བཀོལ་ཚུལ་དང་སྦྱོང་བརྡར་བྱ་འགུལ་སྤེལ་ཚུལ། གྲུབ་འབྲས་ཞིབ་བཤེར་བྱ་ཚུལ་བཅས་ལ། གཞི་འཛིན་པའི་ནང་དོན་འདོན་སྤེལ་བྱས་ཡོད། སྐད་ཡིག་སློབ་དེབ་ནི་སློབ་ཚན་དང་བསམ་གཞིགས་སྦྱོང་བརྡར། སྐད་ཡིག་ཤེས་བྱའི་རྩོམ་ཐུང་དང་འགྲེལ་བ་བཅས་ཀྱིས་གྲུབ་ཅིང་། སློབ་འཁྲིད་བྱ་རིམ་ཁྲོད་དུ་དགེ་རྒན་གྱིས་སློབ་ཚན་གྱི་ནང་དོན་གྱི་ཁྱད་ཆོས་དང་སྐད་ཡིག་ཤེས་བྱའི་སྒྲིག་ལུགས་ཀྱི་མ་ལག་ལྟར་ལེགས་བསྒྲིགས་བྱས་ཏེ། མགོ་མཇུག་དང་གཙོ་ཕལ། རྒྱས་བསྡུས་བཅས་ལྡན་ལ། རྒྱུད་རིམ་བསྒྲིག་པ། སྤང་བླམས་འཚམ་པ། འཆར་གཞི་ཡོད་པ་བཅས་ཀྱི་སྒོ་ནས་ཁྲིད་འཆད་དགོས། གཉིས། སློབ་མར་བསམ་བློ་གཤིས་ཀའི་སློབ་གསོ་གཏོང་དགོས། སྐད་ཡིག་སློབ་དེབ་ནི་སློབ་མ་རྣམས་ལ་བསམ་བློ་གཤིས་ཀ་སློབ་གསོ་བྱེད་ཡས་ཀྱི་ཁྲིད་དེབ་ལེགས་པོ་ཞིག་ཡིན། དེར་འདེམས་པའི་སློབ་ཚན་ཁ་ཤས་ཤིག་གཤིས་བཟང་སྤྱོད་ཡག་གི་དཔེ་མཚོན་རྩོམ་ཡིག་ཡིན་ཕྱིན་སྐད་ཡིག་གིས་སློབ་གསོ་མཚོན་ཐབས་ཀྱི་རྣམ་པ་སྤྱད་པ་དང་མཉམ་དུ་ཆབ་སྲིད་བསམ་བློའི་སློབ་གསོ་གཏོང་དགོས་པ་ནི། སློབ་ཁྲིད་གོ་རིམ་ཁྲོད་དུ་མཐུན་ལམ་གཅིག་འབྲེལ་ཡིན་སྟབས་དེ་གཉིས་ཁ་བྲལ་དུ་གཏོང་མི་རུང་། བསམ་བློའི་སློབ་གསོ་དེ་ཚོགས་གསུམ་སྤྱི་ལ་སིམ་ཞིང་མདུན་མའི་གོ་རིམ་དུ་གནས་པ་ཡིན། དེ་ལྟར་བྱས་ན། ད་གཟོད་སྐད་ཡིག་ཚན་ཁག་གི་སློབ་ཁྲིད་ཁྱད་ཆོས་མངོན་ཐུབ་པ་ཡིན། གསུམ། ཁྱོན་ཡོངས་ནས་སྐད་ཡིག་གི་ནུས་པ་མཐོར་འདེགས་སུ་གཏོང་དགོས། སྐད་ཡིག་སློབ་དེབ་འཆད་ཚེ་སྐད་ཡིག་རྨང་གཞི་ཤེས་བྱ་རྒྱུད་རིམ་ལྡན་པ་ཞིག་འཆད་དགོས་པར་མ་ཟད། ལྷག་པར་དུ་སློབ་མའི་སྐད་ཡིག་གི་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། སློབ་འཁྲིད་བྱ་རིམ་ཁྲོད་དུ་འཆད་པ་དང་སྦྱོང་བ། སློབ་པ་དང་བཀོལ་བ། ཤེས་པ་དང་སྤྱོད་པ་ལེགས་བསྒྲིགས་བྱས་ཏེ་གཅིག་བསྡུས་ཡོང་བ་བྱེད་དགོས། སློབ་འཁྲིད་ལག་ལེན་མང་པོ་བརྒྱུད་པ་ལྟར་ན། ཤེས་བྱ་དེ་ནུས་པ་ལ་བསྒྱུར་ན། སྐད་ཡིག་སློབ་དེབ་ཀྱི་ཁྲོད་དུ་གཏན་ལ་ཕབ་པའི་ནང་དོན་ཡོངས་རྫོགས་ལེགས་པར་སྦྱང་དགོས་པ་རེད།     

གསུམ་པ། མུ་མཐུད་གསར་སྐྲུན་སྒོས་སྐད་ཡིག་སློབ་འཁྲིད་བཅོས་བསྒྱུར་ལ་སྐུལ་སྤེལ་བྱེད་དགོས།

     སྐད་ཡིག་དགེ་རྒན་གྱིས་སྲོལ་རྒྱུན་གྱི་སྐད་ཡིག་སློབ་འཁྲིད་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱ་དགོས་པར་མ་ཟད། དེང་རབས་ཀྱི་ཆེས་གསར་པའི་ཚན་རིག་ཞོབ་འཇུག་གི་འབྲས་བུ་བསྡུ་ལེན་བྱེད་པ་དང་དངོས་སུ་ལག་ལེན་དང་བློ་བརྟན་འགྱུར་མེད་སྒོས་བཅོས་བསྒྱུར་བྱས་ཏེ། མུ་མཐུད་གསར་གཏོད་བྱ་དགོས། ཁྱད་པར་དུ་རང་རྒྱལ་ནི་དུས་རབས་ཀྱི་ལོ་རྒྱུས་གསར་བ་ཞིག་ལ་སྤོས་ཤིང་། དཔལ་འབྱོར་གྱི་མྱུར་ཚད་དང་ཚན་རིག་གི་འཕེལ་རྒྱས་ཀྱིས་སྐད་ཡིག་སློབ་འཁྲིད་བཅོས་བསྒྱུར་ལ་རེ་བ་དང་གྲོས་གཞི་གསར་བ་ཞིག་བཏོན་ཡོད་པ་རེད། འབྱུང་འགྱུར་གྱི་སྤྱི་ཚོགས་དགོས་མཁོ་དང་འཚམ་པའི་ཆེད་དུ་སྐད་ཡིག་དགེ་རྒན་ལ་བཏོན་པའི་རེ་བ་ནི། གཅིག སློབ་གསོའི་འདུ་ཤེས་ལེགས་བཅོས་སྒོས་བཅོས་བསྒྱུར་བྱ་རྒྱུ་དེ་ཡིན་ལ། དེ་ནི་སྲོལ་རྒྱུན་གྱི་རུལ་ལྷད་དུ་གྱུར་བའི་སྐད་ཡིག་སློབ་གསོའི་བསམ་བློ་དེ་སྐད་ཡིག་སློབ་འཁྲིད་བཅོས་བསྒྱུར་གྱི་གནད་དོན་གཙོ་བོ་ཡིན་ཞིང་། དེས་སྐད་ཡིག་སློབ་འཁྲིད་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐག་གཅོད་པ་ཡིན། སྐད་ཡིག་དགེ་རྒན་གྱིས་མཐོ་ཞིང་རྒྱང་རིང་ལ་རྐང་འཛུགས་པ། བློ་རིག་རྒྱ་ལས་འགོངས་པ། སྐད་ཡིག་སློབ་དེ་འཁྲིད་ངེས་པར་དུ་དུས་རབས་ཀྱི་འཕེལ་རྒྱས་དང་འབྱུང་འགྱུར་སྤྱི་ཚོགས་ཀྱི་མི་སྣའི་མཁོ་བར་འཚམ་པར་ངེས་ཤེས་གྱ་ནོམ་པ་ཞིག་ལྡན་དགོས། ཤེས་བྱ་སྤེལ་བ་དང་རིག་གནས་སྤེལ་བའི་འདུ་ཤེས་དང་། དགེ་རྒན་རྣམས་འཁྲབ་འཁྲིད་པ་དང་སློབ་མ་རྣམས་འཁྲབ་སྟོན་པ་ཡིན་པ་ཡིན་པའི་འདུ་ཤེས་དང་། སློབ་འཁྲིད་བྱ་རིམ་ནི་དགེ་སློབ་གཉིས་ཀྱིས་འཕྲིན་གསར་བརྗེ་རེས་དང་ཕྱིར་ལྡོག་པའི་འདུ་ཤེས་བཙུགས་ཏེ། སྐད་ཡིག་ཤེས་བྱར་ལྟ་བ་མང་ཞིང་ནུས་པ་དང་རིག་སྟོབས་བསམ་པ་ཉུང་བ། སྐད་ཡིག་གྲུབ་འབྲས་ལྟ་བ་མང་ཞིང་དངོས་བཀོལ་སྤྱོད་ནུས་པ་ལ་བསམ་པ་ཉུང་བ། སློབ་མ་ལོ་རིམ་འཕར་བ་ལྟ་བ་མང་ཞིང་། འབྱུང་འགྱུར་འཛུགས་སྐྲུན་མཁན་གྱི་གཟུགས་བརྙན་ལ་ལྟ་བ་ཉུང་བའི་མང་ཉུང་གསུམ་གྱི་མངོན་ཚུལ་ཐག་གཅོད་བྱ་དགོས།   ང་ཚོས་ངེས་པར་དུ། བདེན་པ་བདེན་དྲང་དང་རང་སྒེར་གྱིས་བསམ་གཞིགས་ཞིབ་དཔྱད།   སྔོག་འདོན་བཅས་བྱེད་ཐུབ་པ། བཅོས་བསྒྱུར་ཁྲོད་རང་གིས་མདུན་ལམ་ལ་བསྙེགས་ཏེ། གྲུབ་འབྲས་མངོན་པར་བྱ་དགོས། གཉིས།   དུས་སྐབས་ཀྱི་རླབས་རྒྱུན་དང་བསྟུན་ཞིང་སྲོལ་རྒྱུན་གྱི་སློབ་འཁྲིད་བྱེད་ཐབས་བསྒྱུར་དགོས། སྲོལ་རྒྱུན་རྙིང་བའི་སློབ་འཁྲིད་བྱེད་ཐབས་དང་དུས་རབས་ཀྱི་འཕེལ་རྒྱས་གཉིས་ཀྱི་མི་སྣ་བསྐྱེད་བསྲིང་སྔོག་འདོན་བྱ་ལུགས་གཏན་ནས་མི་མཐུན་པ་ཡིན། སྐད་ཡིག་དགེ་རྒན་གྱིས་ངེས་པར་དུ་བཅོས་བསྒྱུར་རེངས་འགྱུར་གྱི་སློབ་འཁྲིད་དཔེ་དབྱིབས་ཀྱི་གལ་ཆེན་རང་བཞིན་དང་དགོས་གལ་ཆེ་བའི་རང་བཞིན་གང་ལེགས་སྒོས་ངོས་ཟིན་དགོས། རྒྱལ་ཁབ་བཙུགས་ཚུན་ནས་སྐད་ཡིག་སློབ་འཁྲིད་བྱེད་ཐབས་ལ་གསར་གཏོད་ངམ་ཙམ་ཡོད་ཀྱང་། དགེ་རྒན་གྱིས་འཆད་པ་དང་སློབ་མས་ཉན་པ།   སློབ་མཐུན་གང་བོར་བཤད་པ།  སྐཡོར་ནས་འགྲོ་བ་ལ་སོགས་པའི་སློབ་འཁྲིད་བྱེད་ཐབས་རྙིང་ཧྲུལ་དེསསློབ་མའི་རིག་སྟོབས་འཕེལ་རྒྱས་གང་ལྟར་བཀག་འདུག་པ་ཡིན། སློབ་གསོ་གསར་བཅོས་བྱེད་པའི་འདུ་ཤེས་ཡོད་ན།   དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་ལ། བཅོས་བསྒྱུར་འདུ་ཤེས་ཤུགས་ཆེར་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་གསར་བཅོས་བྱེད་པ། སྤྱད་ན་འབྲས་བུ་ལྡན་པའི་ཚན་རིག་གི་སློབ་འཁྲིད་བྱེད་ཐབས་བཀོལ་ན། ད་གཟོད་སྔར་ལྷག་སྒོས་ཤེས་བྱ་གདམ་པ་དང་ནུས་པ་སྐྱེད་སྲིང་། རིག་སྟོབས་འདོན་པ་བཅས་ལ་སྐུལ་སྤེལ་ཐོན་ཏེ་སྐད་ཡིག་སློབ་འཁྲིད་ཀྱི་དམིགས་ཡུལ་མངོན་འགྱུར་བྱས་ནས།   བླ་ལྷག་སྒོས་སྐད་ཡིག་སློབ་གསོའི་ཕྱོགས་མང་ནུས་པའི་ལས་ཆོད་འདོན་སྤེལ་བྱེད་ཐུབ་དགོས་སོ། །                  


ས་བཅད་གཉིས་པ། སྐད་ཡིག་དགེ་རྒན་གྱི་ཆ་རྐྱེན་སྐོར་བཤད་པ །

སྐད་ཡིག་དགེ་རྒན་གྱི་ལས་འགན་ནི་གཟི་བརྗིད་དང་བླ་མེད་ཅིག་ཡིན་ལ།   དེ་ལྷད་བསླུད་མི་མངའ་བར་རང་འགན་སྒྲུབ་པར་བྱ་བ་ལའང་དཀའ་ཚེགས་དང་ཆ་རྐྱེན་ལྡན་ངེས་ཡིན། དེ་བས་སྐད་ཡིག་དགེ་རྒན་གྱི་བློ་སྦྱོང་ལ་ཤུགས་སྣོན་བྱས་ཏེ་སྤུས་ཚད་མཐོར་འདེགས་སྒོས་ལས་འགན་བསྒྲུས་ན། ད་གཟོད་ཁག་ཐེག་ཐོབ་ཐུབ་པ་ཡིན།

    དང་པོ། སྐད་ཡིག་དགེ་རྒན་གྱི་བློ་སྦྱོང་།

 སྐད་ཡིག་དགེ་རྒན་ནི་མི་དམངས་དགེ་རྒན་རྣམས་ཀྱི་གྲས་ཡིན་ལ། དགེ་རྒན་གྱི་བླ་ན་མེད་པའི་ལས་ཀ་དང་གཟི་བརྗིད་ལྡན་པའི་འགན་འཁུར་གྱིས་ཁོ་ཚོའི་རང་སྟེང་དུ་འཛོམས་པའི་གཤིས་རྒྱུད་ཀྱི་སྤུས་ཚད་དང་རང་གཤིས་ཁྱད་པར་ཅན་ཞིག་ལྡན་པ་ཐག་བཅད་དེ། དེ་དག་གིས་སློབ་འཁྲིད་བྱེད་ཐུབ་ལ། མི་ཡང་སྐྱོང་ཐུབ། ཤེས་རིག་སྤེལ་ཐུབ་ལ། དཔེ་སྟོན་ཀྱང་བྱེད་ཐུབ་པ།   བོའུ་ཧྲིན་སི་ཅིས་བསྟན་པའི། དགེ་རྒན་ཉིད་ཀྱི་མ་དཔེས་ན་གཞོན་རྣམས་ཀྱི་བླ་སྲོག་ལ་ཅིས་ཀྱང་ཚབ་ཏུ་མི་རིགས་པའི་འོད་མདངས་ཤིག་བཀྲ་ཕེས་པ་ལྟར།   སྐད་ཡིག་དགེ་རྒན་ལ་མཚོན་ན། དགེ་རྒན་སྤྱི་བཏང་ཞིག་ལ་ལྡན་པའི་བསམ་བློའི་གཤིས་ཀ་དང་ཁྱད་ཆོས་ཡོད་དགོས་པར་མ་ཟད། བློ་སྦྱོང་དང་རང་གཤིས་ཁྱད་རྟགས་རང་ཚུགས་ཐུབ་པ་ཞིག་ཀྱང་ཡོད་རིགས་སོ། །

༡   སྐད་ཡིག་དགེ་རྒན་གྱི་ལས་ཀའི་འདུན་མ།

 ཏང་གི་སྒོབ་གསོའི་ལས་དོན་ལ་བློ་དཀར་ཞིང་། སྐད་ཡིག་སློབ་གསོའི་ལས་ཀ་ལ་རང་ལུས་འབུལ་རྒྱུའི་བློ་ཐག་གཅོད་པ་དེ་ནི་སྐད་ཡིག་དགེ་རྒན་གྱི་བླ་ན་མེད་པའི་འདུན་མ་ཡིན་ལ། སྐད་ཡིག་དགེ་རྒན་གྱི་ལས་ཀའི་ཀུན་སྤྱོད་ཀྱི་གཞི་རྩའི་རྨང་གཞིའང་ཡིན།

 སྐད་ཡིག་སློབ་གསོའི་བྱ་བ་ནི། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་ཧྲིལ་བོའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།   སྐད་ཡིག་དགེ་རྒན་ཞིག་སྐད་ཡིག་སློབ་གསོའི་བྱ་བ་ལ་དགའ་ན།   རང་དོན་སྤུ་ཙམ་ཡང་མེད་པར་འཆི་ནུས་ཐོག་འགེལ་གྱི་བློ་སྟོབས་ལྡན་དགོས་ལ།    དེ་ནི་མེས་རྒྱལ་ལ་དགའ་ཞིང་།   སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ལ་རང་ལུས་འབུལ་བ་དང་གཅིག་མཚུངས་ཡིན།   ཏང་གི་སློབ་གསོའི་ལས་དོན་ལ་བློ་དཀར་བ་ནི། མི་དམངས་ཀྱིས་དགེ་རྒན་རྣམས་ལ་བཅིངས་པའི་ཆབ་སྲིད་ཀྱི་རེ་བ་ཡིན་ལ།   དགེ་རྒན་ལས་ཀའི་མདུན་མའི་བྱེ་བྲག་གི་མངོན་ཚུལ་ཡང་དེ་ཡིན།   རྒྱལ་ཁབ་དར་སྤེལ་དང་དཔལ་འབྱོར་གོང་འཕེལ། ཚན་རིག་ཡར་རྒྱས་གཏོང་ཆེད། སྤྱི་ཚོགས་ཧྲིལ་བོའི་སློབ་གསོ་ལ་ཐུགས་ཁུར་དང་མི་སྣ་སྐྱེད་སྲིང་བྱེད་པ་ལ་དོ་སྣང་བྱེད་དགོས་ལ།   སྐད་ཡིག་གི་དགེ་རྒན་ཞིག་ཡིན་ན་ལྷག་པར་ཏུ་དུས་རབས་ཀྱི་མདུན་དུ་ལངས་ནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་མཐུན་པར་བྱས་ཏེ།   བློ་གཅིག་སེམས་གཅིག་གིས་ལས་ཀ་ལ་བློ་དཀར་བའི་སྒོ་ནས་རང་གནས་བྱ་བ་ལེགས་བསྒྲུབ་བྱ་དགོས།   སྐད་ཡིག་དགེ་རྒན་གྱི་དོན་དུ་གཉེར་བའི་ལས་ཀའི་འདུན་པ་དང་དཀའ་ཚེགས་ཆེ་བའི་བྱ་བ་ཚང་མ་ཏང་དང་མི་དམངས་ལ་སྒེར་སེམས་མེད་པའི་ལེགས་སྐེས་སུ་འབུལ་བ་དང་ལྷག་བསམ་ཟོལ་མེད་ཅིག་ཚུད་ཡོད། སྐད་ཡིག་དགེ་རྒན་སྐད་ཡིག་ལ་དགའ་ཞིང་ཁྲིད་པ། དེར་མཁས་ཤིང་འཆད་དེ་ཚེ་གང་བརྩོན་པ་དེ་ནི་བླ་ན་མེད་པ་དང་གཟི་བརྗིད་ཆེ་བ། མཛེས་སྡུག་ལྡན་པའི་བསམ་བློའི་ཞིང་ཁམས་ན་དུས་རབས་ཀྱི་འོད་ཟེར་འཕྲོ་བའི་རྟགས་སུ་ཆེའོ། །

༢ སྐད་ཡིག་དགེ་རྒན་གྱི་ལས་ཀའི་གཤིས་རྒྱུད།

   སྐད་ཡིག་དགེ་རྒན་གྱི་ལས་ཀའི་གཤིས་རྒྱུད་ཟེར་བ་ནི།   སྐད་ཡིག་སློབ་གསོའི་བྱ་བ་བྱེད་མཁན་ཉིད་ཀྱི་ལས་ཀའི་ཀུན་སྤྱོད་ཕྱོགས་སུ་རང་ཉིད་ལ་ངེས་པར་དུ་ལྡན་དགོས་པའི་བསམ་བློའི་གཤིས་ཀ་ལ་ཟེར།

   དགེ་རྒན་ནི།   སློབ་མའི་བླ་སྲོག་གི་འདྲ་བརྙན་བཟོ་མཁན་ཡིན། དེས་ངག་ནས་གདམ་དགོས་པར་མ་ཟད། ལྷག་པར་ལུས་ཀྱི་སྤྱོད་སྟངས་ལའང་ཡིད་འཇོག་དགོས།   ས་པན་གྱིས། གཙང་མཁས་གཞན་ལ་ཕན་པར་འདོད། ཅེས་ཚུལ་ཁྲིམས་དག་པས་ལུས་ངག་གཙང་བ། ཤེས་རབ་དག་པས་ལུང་རིགས་ལ་མཁས་པ། ལྷག་བསམ་དག་པས་གཞན་ལ་ཕན་པའོ། ། ཞེས་དང་། གཞན་ཡང་། སྒ་གསུམ་ཀུན་སྤྱོད་རྣམ་དག་པས། ། བསྟན་པ་བསྲུང་ཕྱིར་གུས་པས་བསྒྲུབ། ། ཅེས་དགེ་རྒན་གྱི་ཆབ་སྲིད་དད་མོས་དང་བསམ་བློའི་ལྟ་བ། ཀུན་སློང་གི་འཇོག་ཚུལ་ལ་སོགས་ཚང་མ་སནཀད་ཡིག་དགེ་རྒན་གྱི་ལས་ཀའི་གཤིས་ཀའི་ཁྲོད་ཀྱི་ནང་དིན་གཙོ་བོ་ཡིན་ལ། དེས་སློབ་འཁྲིད་ཀྱི་ཆབ་སྲིད་ཁ་ཕྱོགས་ཐག་བཅད་པ་ཡིན། ལའེ་ཉིན་གྱིས་གསུང་རྒྱུར། སློབ་གྲྭ་གང་གིས་ཀྱང་ཁྲིད་པའི་གནད་གཙོ་བོབསམ་བློའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡིན། ཁ་ཕྱོགས་དེ་སུས་ཐག་གཅོད་བྱེད་དགོས་སམ་ཞེ་ན། དེ་ནི་སློབ་འཁྲིད་བྱེད་པའི་མི་སྣ་ཁོ་ནས་ཡོངས་སུ་ཐག་གཅོད་བྱེད་དགོས་པ་ཡིན་ཞེས་དང་ཏིན་ཞའོ་ཕན་གྱིས་ཀྱང་སློབ་འཁྲིད་ཞིག་གིས་སྤྱི་ཚོགས་ལ་ཀུན་སྤྱོད་དང་ཤེས་རིག གཟུགས་ཕུང་བཅས་ཕྱོགས་ཡོངས་ཡར་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་གོ་རྟོགས་ལྡན་པ། རིག་གནས་ལྡན་པའི་ངལ་རྩོལ་པ་ཞིག་བསྐྱེད་བསྲིང་བྱ་ཐུབ་མིན་དེའི་གནད་འགག་ནི་དགེ་རྒན་ཡིན་པ་ནན་ཏན་གྱིས་བསྟན་ཕྱིན།   རྒྱལ་ཁབ་ཀྱིས་དགེ་རྒན་ལས་ཀའི་གཤིས་རྒྱུད་ཀྱི་བློ་སྦྱོང་དང་ཀུན་སྤྱོད་ཀྱི་ཚད་གཞི་བཅས་ཀྱི་རེ་བ་ཧ་ཅང་གཟབ་ཅིང་ཚད་གཞིའང་མཐོ་བ་ཡིན། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་རིགས་དང་རིམ་པ་སོ་སོའི་སློབ་གྲྭའི་དགེ་རྒན་རྣམས་ལ་ཕུགས་བསམ་དང་ཀུན་སྤྱོད། རིག་གནས། སྒྲིག་ཁྲིམས་བཅས་ལྡན་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་དགའ་བ།   ཚང་མ་སློབ་གསོའི་ལས་དོན་དང་སློབ་མ་དགའ་ཞིང་རང་ལུས་འབུལ་བའི་སྙིང་སྟོབས་ཕུན་སུམ་ཚོགས་པ་ཞིག་དགོས།   ཚང་མར་བྱ་བའི་རེ་དགོས་ལྟར་ཆེད་ལས་ཤེས་བྱ་དང་ནུས་པ་འཛོམས་དགོས་པ་མ་ཟད།   དངོས་ཐོག་བདེན་འཚོལ་དང་བསམ་གཞིགས་རང་རྐྱ་འཕེར་བ། མུ་མཐུད་ཤེས་བྱ་གསར་བར་བསྙེགས་པ་དང་གསར་གཏོད་བྱེད་པའི་ཚན་རིག་གི་སྙིང་སྟོབས་ལྡན་དགོས་ཞེས་སྔར་ནས་ཡིག་ཆར་གསལ་བར་གཏན་དུ་འཁེལ་ཡོད།   དེ་ནི་དུ་རབས་གསར་བའི་དགེ་རྒན་རྣམས་ཀྱི་ལས་ཀའི་གཤིས་རྒྱུད་ཀྱི་བློ་སྦྱོང་གི་རྨང་གཞིའི་ཚད་ཐིག་ཡིན་ལ།   ངེས་པར་དུ་མངོན་སུམ་ལག་ལེན་དུ་བསྟར་དགོས་པའི་གཞི་རྩའི་ཁ་ཕྱོགས་ཀྱང་ཡིན། སྐད་ཡིག་དགེ་རྒན་ནི་དགེ་རྒན་དཔུང་ཁག་གི་གཙོ་གྲས་ཡིན། སྐད་ཡིག་དགེ་རྒན་གྱི་ལས་ཀའི་གཤིས་རྒྱུད་ཀྱི་ཚད་གཞི་གཤིས་སྐྱོང་དཔེ་ཁྲིད་ལ་དོན་སྙིང་གལ་ཆེན་ལྡན་པ་ཡིན།   སྐད་ཡིག་དགེ་རྒན་རྣམས་སློབ་སྦྱོང་སྟེང་སློབ་མའི་སློབ་དཔོན་ཡིན་ལ། འཚོ་བའི་སྟེང་སློབ་མའི་མིག་དཔེ་ཡིན། སྐད་ཡིག་དགེ་རྒན་གྱི་གཤིས་རྒྱུད་བློ་སྦྱོང་དང་སྤྱོད་པའི་རྣམ་འགྱུར་བཅས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་གསོ་མྱོང་མཁན་ཚང་མར་དཔེ་ལྟ་སའི་སྟོབས་ཤུགས་སྟེར་དགོས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།