ཀྲུང་གོ་བོད་ཀྱི་དྲ་བ།

རྨང་གཞི་ཞན་པའི་སློབ་མར་སློབ་གསོ་གཏོང་བའི་ཐབས་ལམ།

ཡོང་ཁུངས། : ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།   རྩོམ་པ་པོ། : དཀོན་མཆོག་ཚེ་བརྟན།   སྤེལ་དུས། : 2016-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡ སློབ་མའི་མི་གཤིས་ལ་བརྩི་བཀུར་དང་དགའ་ཞེན་བསྐྱེད་དགོས།

སློབ་གསོའི་ལས་དོན་ནི་མི་གཞན་ལ་བརྩེ་བ་འཛིན་པའི་ལས་རིགས་ཤིག་སྟེ།བརྩེ་བ་དེ་སློབ་མའི་བློ་སྒོ་འབྱེད་པའི་ལྡེ་མིག་ཡིན་ལ།ཤེས་རིག་གི་ནུས་པ་འདོན་སྤེལ་བྱེད་སའི་འབྱུང་ཁུངས་ཀྱང་ཡིན།གྲགས་ཆེ་བའི་སློབ་གསོ་པ་སུའུ་ཧུ་ལིན་སི་ཅིས་གསུང་རྒྱུར་“སློབ་གསོའི་རྟོགས་དཀའ་བ་ཡོད་ཚད་ནི་སློབ་མར་བདག་སྐྱོང་ཇི་ལྟར་བྱེད་རྒྱུ་ཡིན།”ཞེས་པ་ནང་བཞིན་བརྩེ་བ་མེད་དུས་སློབ་གསོའི་བྱ་བ་གླེང་ཐབས་མེད་པར་བཤད་ཆོག རྒྱུ་རྐྱེན་དེའི་དབང་གིས་སློབ་གསོ་གཏོང་མཁན་རྣམས་ཀྱིས་རྨང་གཞི་ཞན་པའི་སློབ་མར་ཕྱོགས་ལྷུང་གི་ལྟ་ཚུལ་མི་འཛིན་པར་ཤ་ཚ་བ་དང་།སྐུལ་སློང་།བདག་སྐྱོང་།ཡིད་ཆེས་ཀྱི་རྣམ་པ་ལྷག་བསམ་རྣམ་དག་པ་ཞིག་འདོན་ཐུབ་རྒྱུ་ནི་ཚན་རིག་རང་བཞིན་གྱི་གྲུབ་འབྲས་ལྡན་པའི་སློབ་གསོའི་ཐབས་ལམ་ཉག་ཅིག་སྟེ།དེག་སློབ་ཕན་ཚུན་གཅིག་སེམས་གཅིག་ལ་རྒྱུས་མངའ་བར་བྱས་ཚེ་ད་གཟོད་རྩིང་སྤྱོད་ཅན་གྱི་སློབ་མ་གང་དེ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ཡ་རབས་ཚུལ་ལྡན་གྱི་མི་སྣ་ཞིག་ཏུ་བསྒྱུར་ཐུབ། སྤྱིར་བཤད་ན་རྨང་གཞི་ཞན་པའི་སློབ་མ་དེ་དག་ཀྱང་ནམ་ཡིན་རུང་ཕྱོགས་ཀུན་ལ་རྨོངས་པ་ཞིག་གཏན་ནས་མ་ཡིན་པར་ཁོ་ཚོ་ལའང་རང་རང་གི་དགེ་མཚན་དང་དམིགས་འབེན་གང་ལེགས་ཡོད་ཕྱིན།དགེ་རྒན་གྱིས་ངེས་པར་དུ་ཁོ་ཚོའི་རྒྱུད་ཀྱི་“ཡོན་ཏན”ཚོར་བ་བྱས་ཏེ་བསྔགས་བརྗོད་བྱེད་པ་དང་།དེ་མིན་ཤ་ཚ་ཚ་དང་སྙིང་ཉེ་ཉེ་སྒོ་ནས་གདེང་འཇོག་བྱེད་ཀྱིན་པའི་སྣང་ཚུལ་ཁོ་ཚོར་རྟོགས་སུ་བཅུག་ནས་འཛིན་གྲྭ་སྤྱིའི་སྒྲིག་སྲོལ་དང་མི་མཐུན་པའི་བྱ་བྱེད་ཡོ་བསྲང་བྱེད་དུ་འཇུག་པ་ལས་རང་རང་གི་མ་འཁྲུལ་མ་ནོར་བའི་སྤྱོད་ལམ་ལ་ངོས་ཟིན་གཏིང་ཟབ་མོ་ཞིག་ཐོབ་པར་བྱེད་རྒྱུ་ནི་གལ་འགངས་ཆེ་བར་བསམས།

༢ སློབ་མའི་རང་བཀུར་གྱི་བསམ་པ་བསྐྱར་སློང་དང་གསོ་སྐྱོང་བྱེད་དགོས།

མི་སུ་དང་སུ་ཞིག་ཡིན་རུང་རང་ཉིད་ལ་ཡིད་ཆེས་བྱེད་པ་ནི་བྱ་བ་གང་དེ་ལེགས་འགྲུབ་འབྱུང་བའི་སྔོན་འགྲོ་དང་སྒུལ་ཤུགས་རེད།དངོས་ཡོད་འཚོ་བའི་ཁྲོད་དུ་གནས་ཚུལ་གང་མང་གིས་བདེན་དཔང་བྱེད་ཐུབ་པ་ནི་སློབ་སྤྱིའི་སྤུས་ཚད་ཡར་རྒྱས་སུ་འགྲོ་བ་ལ་ངེས་པར་དུ་སློབ་མའི་ཡིད་ཆེས་གསོ་སྐྱོང་བྱེད་པ་ལས་མ་འདས།གནའ་མིས་བཤད་རྒྱུར་“ནམ་རྒྱུན་སེམས་སྡུག་གི་ཁེངས་པ་ནི་ཤི་བ་ལས་ཚབས་ཆེན་ཡིན་”ཞེས་པ་ལྟར་རང་ལ་མཐོང་ཆུང་བྱེད་པ་ནི་རང་ཉིད་རང་གིས་བརླགས་པའི་རྒྱུ་ཁོ་ན་སྟེ།དེ་མིའི་རིགས་སྟོབས་དང་གསོན་ཤུགས་ཉམས་པར་བྱེད་པ་མ་ཟད།ཐ་ན་ཚེ་སྲོག་ལའང་གནོད་ངེས་རེད།དེ་བས་དགེ་རྒན་གྱིས་དམིགས་ཡུལ་དང་ལྡན་པར་གོ་སྐབས་དམ་འཛིན་བྱས་ཏེ་སློབ་མ་དག་གསར་གཏོད་ཀྱི་ཕྱོགས་སུ་སྣེ་ཁྲིད་བྱེད་དགོས་པ་དང་།ཡིད་ཆེས་བརྟན་པོའི་སྒོ་ནས་སློབ་མ་རྣམས་ལ་ཁོར་ཡུག་ལེགས་པོ་མཁོ་འདོན་དང་།གནད་དོན་དབྱེ་ཞིབ།རྒྱུ་རྐྱེན་འཚོལ་རོགས་སོགས་བྱས་ནས་ཁོ་ཚོར་བསམ་བློ་བསྒྱུར་བཅོས་གཏོང་བའི་གོ་སྐབས་ཡང་བསྐྱར་བསྐྲུན་དགོས།དེ་ལྟར་བྱས་ན་ད་གཟོད་སློབ་མ་རྣམས་ཀྱིས་དཀའ་ཐུབ་སྤྱོད་པར་སྐྲག་པ་དང་རང་ཉིད་དམའ་བར་འཛིན་པའི་ལྟ་ཚུལ་ཡལ་བར་འདོར་ཐུབ་པ་མ་ཟད།ད་དུང་ཐེངས་གང་མང་གི་སྦྱོང་བརྡར་ཁྲོད་ནས་རང་གི་མཐོང་ཐོས་མྱོང་གསུམ་ལའང་འཕར་སྣོན་འབྱུང་ཐུབ།གཉིས་ནས་དགེ་རྒན་གྱི་སྐུལ་སློང་ནི་སློབ་མའི་ཡིད་ཆེས་ཇེ་བརྟན་དུ་འགྲོ་བའི་སྙིང་ཕུར་རེད།དེ་ཡང་སློབ་མས་གྲུབ་འབྲས་ངེས་ཅན་ཞིག་ལེན་པར་ཡུན་རིང་གི་དུས་ཚོད་བེད་སྤྱོད་བྱེད་དགོས་པའི་བརྒྱུད་རིམ་ཁྲོད་དུ་ཕམ་ཁ་དང་ཆད་པའི་དཀའ་ཁག་མི་ཉུང་བ་ཐུག་སྲིད་རུང་།དཀའ་བ་ཐམས་ཅད་ཀྱི་མདུན་དུ་དགེ་རྒན་གྱི་སློབ་སྟོན་གང་མང་གིས་ཁོ་ཚོར་བརྩོན་སེམས་ཀྱི་ཕུགས་འདུན་རྒྱས་སུ་འཇུག་དགོས།གསུམ་ནས་དགེ་རྒན་གྱི་དྲང་བདེན་ནི་སློབ་མའི་ཡིད་ཆེས་རྒྱལ་བར་འགྲོ་བྱེད་ཀྱི་ཟམ་ཆེན་རེད།དགེ་རྒན་ཞིག་གི་ཐད་ནས་བཤད་ན་བདེན་པ་བདེན་དྲང་གིས་སློབ་མ་ཀུན་ལ་ཕྱོགས་ལྷུང་གི་ལྟ་བ་མི་འཛིན་པར་རང་གི་གཅེས་ཕྲུག་ཇི་བཞིན་གཉོར་སྐྱོང་གང་ལེགས་བྱེད་རྒྱུ་ནི་རྩ་བའི་རྩ་དོན་རེད།བཞི་ནས“ངར་ཤ་སློང་ཐབས”སྤྱད་ནས་སློབ་མའི་རིག་སྟོགས་ཀྱི་རྒྱུ་རྐྱེན་མ་ཡིན་པའི་རང་ལ་ཡིད་ཆེས་དང་།སྙིང་སྟོབས།རྒྱལ་ཁའི་སྒུལ་ཤུགས་སོགས་གསོ་སྐྱོང་བྱེད་དགོས་པ་མ་ཟད།བྱ་བ་ཆེ་མ་ཆུང་གསུམ་གང་དང་གང་ཞིག་ཡིན་རུང་བློར་ངོར་མི་ཤོང་བའི་གནད་དོན་དང་འཕྲད་ཚེ་ཁོ་ཚོར་བསྒྱུར་བཅོས་དང་བསམ་གཞིག་གང་ལེགས་གཏོང་བའི་གོ་སྐབས་མོད་པོ་བྱིན་ཏེ་རང་ལ་བརྩི་མཐོང་དང་ཡིད་ཆེས་བྱེད་པའི་མི་སྣ་ཞིག་ཏུ་སྐྱེད་སྲིང་བྱེད་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།